| འབྲོག་མིའི་འཚོ་བའི་གཞི་བརྟེན་ནི་དེ་དག་ལ་གང་ཡོད་པའི་སྒོ་ཕྱུགས་ཀྱི་རིགས་རྣམས་ཡིན་འདུག་ཅིང་། དེ་དག་ལ་ཡོད་པའི་སྒོ་ཕྱུགས་ཀྱི་གཙོ་བོ་ནི་འབྲི་གཡག་དང་ལུག་སོགས་ཡིན་པ་རེད། གཡག་ནི་འབྲོག་མི་ལ་ཕན་ནུས་ཁྱད་པར་ཅན་གྱི་སྒོ་ཕྱུགས་ཤིག་རེད། སྤྱིར་བཏང་འབྲི་གཡག་གང་ཡིན་ཡང་རུང་དགུན་དུས་སུ་འབྲོག་ཡུལ་གྱི་གྲང་ངད་དྲག་པོ་དག་བཟོད་ཐུབ་པ་དང་། གངས་དང་ཆབ་རོམ་གྱིས་ཁེངས་པའི་ཡུལ་ཕན་ཚུན་དུ་འགྲུལ་བཞུད་བྱེད་ཐུབ་པ་དང་། དེ་དག་ལས་འབྲོག་མིའི་སྦྲ་བཟོ་བྱེད་ཀྱི་རྩིད་པ་འཐོན་ཐུབ་པ་དང་། མ་ཟད་འབྲི་གཡག་ནི་གསོ་སྐྱོང་སླ་ཞིང་འཕེལ་སྟོབས་ཆེ་བའི་སྒོ་ཕྱུགས་ཤིག་ཡིན་པ་རེད། འབྲིའི་འོ་མ་ནི་བ་ཕྱུགས་ཀྱི་འོ་མ་ལས་ཤིན་ཏུ་ཉུང་ནའང་། འབྲི་འོའི་རོ་བཅུད་ནི་འོ་མ་གཞན་དག་ལས་ཆེས་བཟང་བ་དང་། འབྲི་འོ་ཉུང་ངུ་ལས་མར་མང་དུ་འབྱུང་ཐུབ་པ་དང་།
དེ་ཡང་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། དེ་ཙམ་དུ་མ་ཟད་འབྲི་གཡག་གི་ཤ་ཡང་འབྲོག་མིའི་བཟའ་བྱ་གལ་ཆེ་ཤོས་ཤིག་ཡིན་འདུག་པ་དང་། འབྲི་གཡག་གི་ཀོ་བའང་ལྷམ་གྱི་རྡོག་པ་དང་། “ཁམ་”ཞེས་བྱ་བ་ཀོ་བའི་གོས་སྒམ་དང་། ཀོ་སྒྲོ་ཆེ་ཆུང་སྣ་ཚོགས་དང་། རྟ་འབོག་སོགས་རྒྱུན་གྱི་ཉེར་སྤྱོད་བཟོ་བ་ལ་ཕན་ནུས་ཧ་ཅང་ཆེ་བ་ཞིག་ཡིན་པ་རེད། ལུག་ནི་འབྲོག་ཡུལ་དུ་རྣམ་གྲངས་ཧ་ཅང་མང་ཞིང་འཕེལ་སྟོབས་ཆེས་ཆེ་བའི་སེམས་ཅན་ཞིག་ཡིན་འདུག་པར་མ་ཟད་འབྲོག་མིའི་རྒྱུན་གྱི་བཟའ་བྱའི་གཙོ་བོ་ནི་ལུག་ཤ་དང་། བཏུང་བའི་གཙོ་བོ་ནི་ལུག་ཞོ་དང་། གྱོན་པའི་གཙོ་བོ་ནི་ལུག་ལྤགས་ཡིན་འདུག་པ་ལྟར་འབྲོག་མིའི་འཚོ་བའི་ཐོག་ཏུ་ཕན་ནུས་ཁྱད་པར་ཅན་གྱི་སེམས་ཅན་ཞིག་ཏུ་ངོས་འཛིན་བྱེད་འོས་པ་ཞིག་རེད། གཞན་ཡང་འབྲོག་པའི་སྒོ་ནོར་དུ་མཛོ་དང་། མཛོ་མོ། ར་བཅས་མི་ཉུང་བ་ཡོད་འདུག་ནའང་། དེ་དག་ནི་འབྲོག་མི་ལ་ཕན་ནུས་ཆེ་བའི་སྒོ་ཕྱུགས་མིན་པ་དང་། བ་ཕྱུགས་ནི་ས་གཤིས་དམའ་བར་འཚོ་ཐུབ་པའི་སེམས་ཅན་ཞིག་ཡིན་པ་ལྟར་འབྲོག་ཡུལ་དུ་གཏན་ནས་མེད་ཅིང་། འབྲོག་མི་ཕལ་ཆེ་བས་བ་ཕྱུགས་ཞེས་པ་གང་ཡིན་ངོ་མི་ཤེས་པ་རེད།
འབྲོག་མིའི་རྒྱུན་གྱི་བཟའ་བཅའི་རིགས་གཙོ་བོ་ནི་འབྲོག་ཡུལ་རང་གི་དངོས་པོ་ཤ་དང་། མར། ཕྱུར་ར། ཐུད་དང་གྲོ་མ་བཅས་ཡིན་འདུག་པ་དང་། གཞན་ཡང་རོང་ཡུལ་ནས་ཐོན་པའི་འབྲུ་རིགས་ནུས་དང་། གྲོ། འབྲས། སྲན་མ་དང་། ཡུངས་མ་དང་། ཤིང་ཏོག་སྐམ་པོའི་རིགས་རྣམས་ཀྱང་གང་འཚམས་བེད་སྤྱོད་བྱེད་སྲོལ་ཡོད་འདུག་ནའང་། དངོས་པོ་དེ་དག་ནི་ཧ་ཅང་ས་ཐག་རིང་ཞིང་རི་ལུང་བརྒྱ་ཕྲག་མང་པོ་བརྒལ་བའི་རོང་ཡུལ་ཁག་ནས་གཡག་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་པར་བརྟེན་མོད་པོ་རང་མི་འདུག བཏུང་བྱའི་གཙོ་བོ་ནི་ལུག་ཞོ་དང་འོ་མ་བཅས་ཡིན་འདུག་ཅིང་། འབྲོག་མི་རྒན་རིགས་རྣམས་ནས་ཇ་འཐུང་སྲོལ་འདུག་ནའང་། ཇ་ནི་རྒྱ་ནག་ནས་འཐོན་དགོས་པར་བརྟེན་ཇ་ཡི་རིན་ཐང་ཆེ་ཞིང་ཆེན་དཀོན་པར་སྣང་ངོ་། ། མདོར་ན་འབྲོག་མིའི་ཉིན་དུས་ཀྱི་བཟའ་བྱ་གལ་ཆེ་ཤོས་ནི་མར་ཕྱུར་དང་། བཏུང་བྱ་གལ་ཆེ་ཤོས་ནི་ལུག་ཞོ་སྟེ་དཔེར་ན་བོད་ཀྱི་རོང་ཡུལ་ཁག་གི་རྒྱུན་གྱི་བཟའ་བཏུང་གི་གཙོ་བོ་རྩམ་པ་དང་། ཇའམ་ཆང་བཅས་དང་འདྲ་བར་སེམས་སོ། །
འབྲོག་མི་ཚོས་དབྱར་དུས་ཀྱི་ཆེད་དུ་“ཤ་བམ་”ཞེས་བྱ་བ་ཞིག་ཀྱང་བཟོ་སྲོལ་ཡོད་འདུག་ཅིང་། དེ་ནི་སྟོན་དུས་སྒོ་བཤས་བྱེད་སྐབས་སུ་གཡག་ཤ་བཟང་གྲས་གཟུག་ཁ་ཤས་སམ། ཡང་ན་“སྤུ་ཁོག”ཅེས་བྱ་བ་ལུག་ཁོག་ལྷུ་གཟུག་ཚང་བའི་ནང་དུ་ནང་ཆ་རྣམས་གཙང་མར་བཀྲུས་ཤིང་སླར་བཅུགས་ཏེ། མི་ཚང་སོ་སོའི་དགུན་མཚེར་རྣམས་སུ་“ལྕི་འབམ”ཞེས་བྱ་བ་ཕྱུགས་ཀྱི་ལྕི་བ་ཟླུམ་པོར་བརྩིགས་པའི་ནང་དུ་ཤིང་སྤེན་དམར་གྱི་བར་འཚང་དང་བཅས་ཏེ་འཇོག་གི་ཡོད་པ་རེད། དེ་ནི་དཔྱིད་སྨད་དམ་དབྱར་སྟོད་དུ་བེད་སྤྱོད་བྱེད་ཅིང་། འབྲོག་ཡུལ་གྱི་ས་གཤིས་མཐོ་ཞིང་རྟག་པར་རླུང་སེར་གྱི་ངད་དང་ལྡན་པ་ཡིན་སྟབས་ཤ་བམ་དུ་བཞག་པའི་ཤ་དེ་རིགས་ལ་དྲི་ངན་སོགས་མི་འབྱུང་ཞིང་། ཕྱིར་ཅུང་ཟད་རིད་ཅིང་ནང་དུ་ཤ་སྨུག་རོ་བཅུད་དང་ལྡན་པ་ཞིག་ཏུ་ཆགས་ཡོད་པ་རེད།
ཡང་འབྲོག་མི་ཁ་ཤས་ཀྱིས་སྟོན་དུས་སུ་“ཞོ་རྒན”ཞེས་བྱ་བ་ཞོ་བཟང་པོར་འོ་མའི་ཁ་སྤྲིས་མང་ཙམ་བླུགས་པ་ཟོ་བ་ཆེན་པོ་ཞིག་ཏུ་བསགས་ཤིང་ཕྱིང་བའི་གཡོགས་དང་བཅས་ཏེ་སྟོན་མཚེར་གྱི་ལྕི་འབམ་ནང་དུ་འཇོག་སྲོལ་ཡོད་འདུག་ཅིང་། དེ་ནི་དགུན་སྨད་དང་དཔྱིད་སྟོད་བཅས་འོ་ཞོ་དཀོན་པའི་དུས་སུ་བེད་སྤྱོད་བྱེད་སྲོལ་ཡོད་པ་རེད།
འབྲོག་ཡུལ་གྱི་བུད་ཤིང་གི་གཙོ་བོ་ནི་ཕྱུགས་ཀྱི་ལྕི་བ་ཡིན་འདུག་ཅིང་། དེ་ཡང་སྟོན་དུས་སུ་འབྲོག་པའི་བུ་དང་བུ་མོ་གཞོན་ནུ་དག་གིས་དགུན་མཚེར་ཁག་ཏུའམ། སྟོན་མཚེར་རྣམས་སུ་ཕྱུགས་ལྕི་སྐམ་པོ་སྡུད་གསོག་བྱེད་ཅིང་ལྕི་འབམ་མང་དུ་འཇོག་གི་ཡོད་འདུག དེས་ནི་དགུན་དུས་འབྲོག་ཡུལ་གྱི་རི་ལུང་ཚང་མ་ཁ་བས་ཁེངས་ཤིང་བུད་ཤིང་འཚོལ་ཐབས་བྲལ་བའི་ཚེ་ཕན་ཐོགས་ཤིང་། བུད་ཤིང་ཐོག་གི་དཀའ་ངལ་བསལ་ཐུབ་ཀྱི་ཡོད་པ་རེད། དགུན་དུས་སུ་ནང་མ་རེ་བཞིན་འབྲོག་མོ་དག་གིས་“ཨ་སྒང་”ཞེས་བྱ་བ་ཕྱུགས་ཀྱི་ལྕི་བ་ལྷགས་པས་འཁེངས་ཏེ་རྡོ་ལྟར་མཁྲང་པོར་གྱུར་པ་དེ་རིགས་ཕྱུགས་ལྷས་ནས་ཕྱིར་བཏོན་ཏེ། སྐབས་འགར་ཕྱུགས་ཀྱི་ར་བར་བརྩིགས་པ་དང་། སྐབས་འགར་ལྷས་ཀྱི་ཉེ་འདབས་ཐང་ཞིག་ཏུ་བཀྲམས་ཏེ། རིམ་བཞིན་སྐམ་པོར་གྱུར་པ་དག་གིས་ལྕི་འབམ་བཟོ་དགོས་ཀྱི་ཡོད་འདུག་པ་དེ་དག་གིས་དབྱར་དུས་ཆར་ཞོད་ཆེ་བས་བུད་ཤིང་འཐོབ་དཀའ་བའི་ཚེ་ཕན་ཐོགས་ཀྱིན་ཡོད་པ་རེད།
འབྲོག་མིའི་རྒྱུན་གྱི་གྱོན་ཆས་གཙོ་ཆེ་བ་ནི་ལུག་ལྤགས་དང་། ལུག་ཚར། ལུག་བལ་གྱིས་བཟོས་པའི་འཕྱིང་བ་རྣམས་ཡིན་འདུག་ཅིང་། དར་གོས་དང་ལྭ་བ་སོགས་ནི་དམིགས་བསལ་གྱི་གཟབ་མཆོར་སྤྲོད་ཆས་ཙམ་ལས་དར་སྲོལ་མེད་པ་མ་ཟད་ཕྱི་ཡུལ་ནས་ཐོན་པའི་དངོས་པོ་དེ་དག་འཐོབ་ཐུབ་པའང་དཀའ་བ་དང་། རྒྱུན་གྱི་སྤྱོད་ཆས་ཐོག་ཕན་པའང་ཆུང་བར་མངོན་ནོ། །
|