གནས་ཡུལ། མདུན་ངོས། བཟའ་བཏུང་།
 
 
༄༅།། ཞུན་ཧྭ་རྡོ་སྦིས་ཡུལ་གྱི་ཉོག་ཟས་སྐོར་བཤད་པ།
སྤེལ་དུས།2015-08-05   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རྟ་མགྲིན་རྒྱལ།

         ཉོག་ལ་རིགས་འགའ་ཡོད། སྤྱིར་བཏང་སྲན་ཕྱེས་གཡོས་པའི་ཟས་རིགས་ཤིག་ལ་གོ་བ་དང་། དེར་ཡང་ཉོག་གི་རྒྱུ་ཆའི་ཆ་ནས་སྲན་ཉོག་དང་ཡུང་ཉོག ཕྱེ་ཉོག་བཅས་རིགས་གསུམ་དུ་དབྱེ་ཡོད། སྣོད་ཀྱི་ཆ་ནས་ཟངས་ཉོག་དང་དཀར་ཉོག་གཉིས་དང་། སྣུམ་གྱི་ཆ་ནས་གཡིས་ཉོག་དང་ཟར་ཉོག བྲ་ཉོག མར་ཉོག འོ་མའི་ཉོག འོ་ཁའིཡུལ་སྐད་དེ་འོ་མ་ཁོ་ཚག་ཏུ་བཙོས་ནས་འཁྱགས་རྗེས་ཁར་མར་ཞག་དཀར་པོ་རིམ་པ་ཞིག་ཆགས་ཡོད་པ་དེར་ཟེར། དེ་དང་འོ་སྤྲིས་གཉིས་འཁྲུལ་མི་རུངཉོག་སོགས་ཧ་ཅང་མང་། རྒྱུན་དུ་ཉོག་ཅེས་བརྗོད་པའི་ཚེ་མང་ཆེ་བ་སྔ་མར་གོ་བ་ཡིན།
        
.སྲན་ཉོག
        
ཀ ཉོག་གམ་སྲན་ཉོག་གཡོ་ཐབས་ནི་ཧ་ཅང་སྟབས་བདེ་ཡིན། དེར་ཉོག་ཕྱེ་དང་སྐྱུར་རུལ། གཡོ་སྤྱད་གསུམ་ནི་སྤྱིར་བཏང་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་ཡིན། ཉོག་ཕྱེ་ནི་སྲན་མ་བཏགས་པའི་ཕྱེ་དང་། སྐྱུར་རུལ་ཞེས་པ་རོ་སྐྱུར་བའི་ཉིང་ཁུ་ཞིག་སྟེ། སྟོན་དུས་ལ་ཕུག་གི་ཁ་ཅོ་བཅད་དེ་ལ་ཕུག་གཉིས་དང་གསུམ་གྱི་ལོ་མ་རྣམས་ཕྱོགས་གཅིག་ཏུ་རལ་བ་བཞིན་བསླེས་ཤིང་ཆར་ཆུ་མི་འབབ་པའི་གནས་ཤིག་གམ། ཡང་ན་ཁང་པའི་འཁྱམས་ཀྱི་ཀ་གདུང་ལྕམ་དྲལ་སོགས་ལ་བཀལ་ཏེ་ཟླ་མང་པོར་ཉི་མར་སྐེམ་ཞིང་བསེར་ཁར་གཡེངས་པ་དེར་རྡོ་སྦིས་ཀྱི་ཡུལ་སྐད་དུ་ལོ་སྐེའུ་འམ་སྐྱུར་ལོ་ཞེས་འབོད་པ་དང་། ལོ་སྐེའུ་བསྐམས་ནས་ཚད་ངེས་ཅན་ཞིག་ལ་ཐོན་དུས་ད་གཟོད་རལ་བ་འགའ་བླངས་ནས་ཆུར་བཙོས་ཤིང་རྫ་མར་སྐྱུར་རྟ་དང་མཉམ་དུ་སྦྱར་ཏེ་དྲོད་སར་བསྙལ་བ་དང་། བདུན་གཉིས་ཙམ་འགོར་དུས་སྐྱུར་རུལ་དངོས་སུ་གྲུབ་ཟིན་པས། དེ་ཐུག་པ་སོགས་ཀྱི་ཁར་བླུགས་ནས་འཐུང་བ་རེད། ལ་ལས་ད་སྐབས་ཚོང་རའི་ནང་དུ་འཚོང་བཞིན་པའི་སྐྱུར་ཁུ་སྟེ་རྒྱ་སྐད་དུ་ཚུའུ(醋)ཞེས་པའང་སྐྱུར་རུལ་བསྙལ་སྲོལ་ལས་དར་བ་ཞིག་རེད་ཅེས་བཤད། གཡོ་སྤྱད་ནི་ཉོག་གཡོ་བྱེད་ཀྱི་ཅ་ལག་སྟེ། སླ་ང་དང་ཉོག་ཁེམལ་ལས་ཉོག་དཀྲུགས་ཀྱང་ཟེར་ཞིང་ཉོག་གཡོ་བྱེད་ལ་ཆེད་དུ་བཟོས་པའི་ཤིང་འཇམ་ཞིང་དྲང་ལ་སྦོམ་ཕྲ་རན་པ། ལག་ཏུ་འཛིན་བདེ་བ་རིང་ཐུང་ལ་མུས་གང་ཡོད་མེད་ཅིག་ཡིནའདི་གཉིས་ནི་ངེས་པར་ཚང་དགོས་པ་དང་། ད་དུང་ཉོག་བཅུ་བྱེད་ཀྱི་ཐོམ་བུ་དང་ཉོག་ཞབས་ལེན་སྤྱད་ཀྱི་ཁེམ་བུ་ཁ་ལེབ་མོ་ཅན་སོགས་ཀྱང་གྲ་སྒྲིག་བྱེད་དགོས་པ་རེད། གོང་གི་ཆ་རྐྱེན་དེ་གསུམ་ག་འཛོམས་ཚེ་ང་ཚོས་དུས་ནམ་ཞིག་ཡིན་ཡང་རང་རང་གི་ཉོག་གཡོས་སྦྱོར་བྱེད་ཆོག་གོ ། དེ་ཡང་ཐོག་མར་སླ་ང་ཆུང་ངུ་ཞིག་གི་ནང་དུ་ཆུ་སྐེད་ཙམ་བསྐོལ་རྗེས། མི་ཞིག་གིས་ཐབ་ཀའི་ནང་མེ་འཇོག་པ་དང་། གཞན་ཞིག་གིས་སྲན་ཕྱེ་སྤར་མོ་གང་རེ་དལ་མོར་འཕུར་འཕུར་བྱེད་བཞིན་སྲབ་བུས་ཆུ་ཁོལ་དུ་འདེབས་དགོས། ཡང་གཞན་ཞིག་གིས་ཉོག་ཁེམ་གྱིས་མཚམས་མ་ཆད་པར་དཀྲུག་དགོས་པ་རེད། སྤྱིར་བཏང་ཉོག་དཀྲུག་མཁན་ནི་ཇི་ལྟར་ལག་ཤེད་ཆེ་ན་ཉོག་དེ་ལྟར་འཁྱོངས་ཐུབ་པས་མང་ཆེ་བ་སྐྱེས་པ་རྣམས་ཀྱིས་དཀྲུག་པ་དང་། ཅིའི་ཕྱིར་ཞེ་ན། ཚང་མས་ཤེས་གསལ་བཞིན་སྲན་མ་ནི་ལྦོས་པའམ་སོབ་པའི་རང་བཞིན་ཅན་གྱི་ཟས་རིགས་ཤིག་ཡིན་པས། གལ་ཏེ་སླ་ངའི་འོག་ཏུ་མེ་ཡོད་པའི་དབང་དུ་བཏང་ན། སྲན་ཕྱེ་ཆུར་བཏབ་ནས་ཅུང་མ་འགོར་བར་ཆུ་རྣམས་ཕྱེར་འཐིམས་ནས་སྔར་ལས་ལྡབ་གཉིས་སམ་གསུམ་གྱིས་ཇེ་འབག་ཏུ་འགྲོ་བ་དང་། དེ་ཚོས་རག་བར་དུ་མགྱོགས་པོར་མ་དཀྲུགས་པའམ་ཞབས་མ་ལོན་པ་ཡིན་ཚེ་ཉོག་ཞབས་འཚིག་འགྲོ་བ་དང་། ཡང་ན་ཕྱེ་ཕན་ཚུན་ཡུག་གཅིག་ཏུ་འདྲེས་ཁོམ་མ་བྱུང་བར་མྱུར་དུ་སྲ་ཆགས་པས་ཕྱེ་ཐོ་མང་པོ་སོབ་ལུག་ནས་ཉོག་གི་རྒྱུ་སྤུས་དང་བྲོ་བ་ཉམས་པའི་སྐྱོན་ཆེ་བས་ཕྱིར་རོ།། དེའི་ཕྱིར་ལ་ལས་ཉོག་ཆུ་མ་བླུགས་པའི་སྔོན་ལ་སླ་ངའི་ནང་ངོས་སུ་གཡིས་བྱུགས་ནས་ཉོག་ཞབས་མི་འཚིག་པའི་ཐབས་བྱེད་ཀྱིན་ཡོད་པ་རེད། གང་ལྟར་ཉོག་གི་བཟང་ངན་དེ་དཀྲུག་མཁན་ལ་ཤིན་ཏུ་རག་ལས་པ་ཞིག་ཡིན་པས། ཉོག་དཀྲུགས་པ་ཇི་ལྟར་བཟང་ན་ཉོག་དེ་ལྟར་དུ་འཇམ་ཞིང་བྲོ་བ་ལྡན་པ་དང་། གལ་ཏེ་ཉོག་དཀྲུག་མི་ཤེས་མཁན་ཞིག་ཡིན་ཚེ་ཉོག་ཞིམ་པོ་ཞིག་གཏན་ནས་འཁྱོངས་མི་ཐུབ་པ་རེད། དེའི་ཕྱིར་ཉོག་དཀྲུག་མཁན་ནི་སྐྱེས་ཕོ་མོ་སུ་ཡིན་ཡང་ཐོག་མར་ཉམས་མྱོང་ཡོད་པ་དང་ལག་ཤེད་ཅན་ཞིག་ངེས་པར་མཁོ་བ་རེད། དེ་ལྟར་མིན་ཚེ་དང་པོར་ཆུ་མང་ལ་ཕྱེ་ཉུང་དུས་སུ་དཀྲུག་སླ་ཡང་། རིམ་བཞིན་ཕྱེ་ཡི་འདུས་ཚད་ཇེ་མང་དང་ཆུ་ཇེ་སྐམ་དུ་སོང་ནས་དཀྲུག་རྒྱུ་ཇེ་དཀའ་རུ་འགྲོ་བ་དང་། ཉོག་ཞབས་སླ་ངར་འབྱར་ཏེ་འཚིག་པའི་ཉེན་ཁའང་ཡོད་པས། དུས་ཚོད་ག་ཙམ་ཕྱིན་ན་དེ་ཙམ་དུ་དཀྲུག་དཀའ་བ་རེད། ཉོག་ཚོས་མ་ཐག་ཐབ་འོག་གི་མེ་འབུད་མཚམས་འཇོག་དགོས་མོད། འོན་ཀྱང་དཀྲུག་མཚམས་འཇོག་མི་ཉན་པར་མུ་མཐུད་དུ་དཀྲུགས་ནས་མེ་ཐལ་གྱི་དྲོད་ཤེད་ཟད་པའི་བར་དུ་དཀྲུག་དགོས་སོ།། དེ་ལྟར་མ་བྱས་ཚེ་གོང་བཞིན་དུ་འཚིག་སྟེ་གཞོབ་དྲི་ཐུལ་ལེ་སུས་ཟོས་ཀྱང་ཞིམ་པོ་མི་ཡོང་བ་ལྟ་བུ་རེད།
        
ཁ ཉོག་ཐུག ཉོག་ཐུག་ནི་ཉོག་གི་ཐུག་པ་སྟེ་ཉོག་འཁྱགས་པ་དུམ་བུ་ཆུང་ངུ་གཙབས་ཏེ་བསྐོལ་ནས་འཐུང་བ་ཞིག་ལ་ཟེར། དཔེར་ན། དོ་དགོང་ཟོས་པའི་ཉོག་གི་ལྷག་འཕྲོ་དེ་དུས་ཚོད་འགའ་འགོར་རྗེས་སྲ་ཆགས་སུ་འགྲོ་བ་དང་། ཕྱི་ཉིན་ཉི་མ་དྲོ་དུས་དེ་སྲབ་བུ་བཤུར་ཏེ་ཚྭ་དང་ལ་ཅོར་བསྒྲེས་ནས་ཐད་ཀར་ཟོས་ཆོག་ལ། མང་ཆེ་བ་མོ་རྡེའུ་ལྟ་བུ་ཞིབ་མོ་གཙབས་ཏེ་ཐབ་ལ་ཐུག་པ་ལྟར་བསྐོལ་ཅིང་། དེའི་ནང་སྐྱུར་རུལ་དང་ཚ་སྒོག་ལ་ཅོ་སོགས་བླུགས་ཏེ་འཐུངས་ན་ཁ་སང་གི་ཉོག་ཟས་ལས་ཀྱང་རོ་བཅུད་ཤིན་ཏུ་ཕུན་སུམ་ཚོགས་པས། དེར་ཡུལ་སྐད་དུ་ཉོག་ཐུག་ཅེས་འབོད་པ་རེད།
        
.ཡུང་ཉོག
        
ཡུང་ཉོག་ནི་ཡུང་རིལ་ཏེ་ཞོག་ཁོག་གིས་གཡོས་པའི་ཉོག་སྟེ། ཐོག་མར་ཡུང་རིལ་གཙང་མར་བཀྲུས་ཤིང་ཁོ་ཚག་སྟེང་བླུགས་ནས་བཙོ་དགོས་པ་དང་། ཚོས་རྗེས་ཕྱིར་བླངས་ཏེ་ཤུན་ལྤགས་རྣམས་རེ་རེ་བཞིན་བཤུས་ཤིང་དཀར་ཡོལ་དུ་བཅུག་ནས་ལག་པས་སྣོ་བ་དང་། དེའི་ཐོག་གཡིས་ཅི་ཙམ་དགོས་པ་རང་རང་གི་ཟ་ཐུབ་ཚོད་ཀྱིས་བླུགས་ནས་མུ་མཐུད་དུ་བསྣོས་ཏེ་ཚག་རགས་མེད་པར་བྱས་རྗེས། དེ་འཆང་བུ་རེ་རེ་བཞིན་ཁར་བཞག་ནས་ཟ་བ་ཞིག་རེད། ཡང་ལ་ལས་ཐུར་མར་བསྣོས་ཏེ་ཟ་བ་དང་། ལ་ལས་ཡུང་རིལ་ཤུན་ལྤགས་མི་བཤུ་བར་ཟ། ལ་ལས་ཚ་བཏབ་ནས་ཟ་བ་སོགས་ཟ་སྲོལ་མི་གཅིག་པ་མང་པོ་ཡོད་པ་རྣམས་ནི་རང་རང་གི་འདོད་པ་ལྟར་དུ་སོང་བས་མཐའ་གཅིག་ཏུ་ངེས་པ་མེད། གཞན་ཡུང་རིལ་དཀར་ཡོལ་དུ་མི་བསྣོ་བར་སླ་ང་ཆུང་ངུ་ཞིག་གི་ནང་ལྷན་དུ་བསྣོས་ནས། མཐར་རེ་རེའི་དཀར་ཡོལ་དུ་བཅུས་ཏེ་སྤྱོད་པ་ཡོད་ཀྱང་དེ་ནི་ཧ་ཅང་རྒྱུན་འབྱམས་ཤིག་མིན་པས་ཡོད་པ་ཙམ་དུ་ཟད་དོ།།
        
.དཀར་ཉོག
        
དེ་ཡང་དཀར་ཉོག་ནི་ཐོག་མར་དཀར་ཡོལ་གཙང་མའི་ནང་ཆུ་ཚལ་བ་རེ་བླུགས་རྗེས་སྟེང་དུ་གཡིས་བསྐོལ་མ་ལྡུག་པ་དང་། དེ་ནས་ཕྱེ་འོས་འཚམ་རེ་གཏུལ་རྗེས་དཀྲུགས་ནས་འབག་འབག་ཏུ་གྱུར་པ་ན་ཐབ་ཀྱི་ཁོ་ཚག་ཏུ་བཞག་སྟེ་བཙོ་དགོས་ཤིང་། དུས་ཚོད་གཅིག་ཙམ་འགོར་རྗེས་ཕྱིར་ལེན་པ་དང་། དེ་ཐུར་མས་ཉུང་ཙམ་རེ་ཁར་བཞག་སྟེ་ཟོས་ན་བྲོ་བ་གཞན་དང་མི་མཚུངས་ལ། མདོག་སེར་པོ་ཤས་ཆེ་ཞིང་མདངས་ཤིན་ཏུ་མཛེས། སྤྱིར་དཀར་ཉོག་ལ་རིགས་དང་རྣམ་པ་ཤིན་ཏུ་མང་བས། སྣུམ་གྱི་ཆ་ནས་དབྱེ་ན། སྐེ་གཡིས་ཀྱི་དཀར་ཉོག་དང་། ཟར་གཡིས་ཀྱི་དཀར་ཉོག མར་གྱི་དཀར་ཉོག འོ་ཁའི་དཀར་ཉོག་བཅས་ཡོད། སྔ་མ་གོང་དུ་སོང་ཟིན་པ་དང་། བར་མ་ཟར་མའི་དཀར་ཉོག་ནི་བཅའ་ཐབས་གོང་དང་འདྲ་ཡང་། མི་གཅིག་པ་ནི་ཟར་མའི་གཡིས་དེ་བསྐོལ་མི་དགོས་པར་ཐད་ཀར་ཕྱེ་ནང་དུ་བླུགས་ནས་བཅའ་ཆོག་པར་མ་ཟད། དེ་ལྟར་བཅོས་པའི་དཀར་ཉོག་ནི་སྔ་མ་ལས་ཀྱང་མདངས་ཡག་ལ་བྲོ་བ་ཡང་ཧ་ཅང་ཞིམ། དེ་བཞིན་མར་དང་འོ་ཁའི་དཀར་ཉོག་གི་བཅོ་ཐབས་ཀྱང་གོང་དང་རིགས་འདྲ་ཡིན། མི་འདྲ་ས་ནི་སྔོན་ལ་མར་དང་འོ་ཁ་གཙབ་སྟེ་དཀར་ཡོལ་ནང་དུ་བླུགས་རྗེས་དེའི་སྟེང་ཆུའང་ཚལ་བ་ལྡུག་དགོས། ལ་ལས་ཆུའི་ཚབ་ཏུ་འོ་མ་ལྡུག་པའང་ཡོད། དེར་སྐྱ་ཕྱེ་བཏབ་ནས་དཀྲུགས་ཏེ་ཁོ་ཚག་ཏུ་བཞག་ནས་བཙོ་དགོས་པ་དང་། ཚོས་རྗེས་དེ་ནི་མདངས་དཀར་ཞིང་མར་འོའི་རོ་ཤིན་ཏུ་ཆེ་ལ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པས་དུས་རྒྱུན་བང་མའི་ཟས་སུ་སྤྱོད་པ་ཡིན། ཡང་ཕྱེ་རྐྱང་གི་ནང་དུ་ཀ་ར་དཀར་པོ་ཉུང་ཙམ་རེ་བླུགས་ནས་ཆེད་དུ་བང་ལོར་བཅོས་པའི་དཀར་ཉོག་དང་། ད་དུང་ཆུ་ཉུང་ངུའི་ནང་འོ་མ་མང་པོ་བླུགས་ནས་བཅོས་པའི་དཀར་ཉོག་ལ་འོ་མའི་དཀར་ཉོག་ཅེས་འབོད་པའང་ཡོད།
        
.གཡིས་ཉོག
        
གཡིས་ཉོག་ནི་ཐོག་མར་སླ་ངའི་ནང་ཆུ་ཁོལ་ཉུང་ངུ་ལྡུག་དགོས། དེའི་ནང་སྐྱ་ཕྱེ་མང་པོ་བཏབ་སྟེ་དཀྲུགས་ནས་ཆུ་རྣམས་འདྲེས་ཤིང་བསྐམས་པ་ན་ཐོག་ཏུ་གཡིས་བསྐོལ་མ་བླུགས་ནས་ཐུར་མས་དཀྲུགས་ཏེ་ཆུར་བ་ལྟ་བུ་རིལ་ལུ་མང་པོ་ཆགས་པར་བྱས། ལ་ལས་དེའི་ནང་དུ་ཀ་ར་སོགས་འདེབས་པ་དང་བང་མ་ཡིན་ན་ཀ་ར་མི་འདེབས་པ་སོགས་ཀྱང་སྣང་། སྔོན་ཆད་བང་མར་བང་ཟས་ཀྱི་ཞོར་དུ་སྐྱ་ཤོག་དང་ཁ་རྟེའུ། གཡིས་ཉོག་ཟོ་སྐོར་གང་རེ་འཁྱེར་སྲོལ་ཡོད་པར་བཤད་དོ།།

རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བལས་བཏུས་ཏེ་འཕྲི་བཅོས་བྱས་ཡོད།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005