ལྷ་སྦྲ་སྒང་དྲུག་དགུང་ལ་ཕུབ།།
ཆོན་ཐག་དབུས་གཙང་ཡུལ་ལ་འཐེན།།
དབུས་གཙང་ཡུལ་གྱི་ཆོས་གཡང་ལེན།།
འདི་ཡང་ཡང་ལོན་པའི་སྨོན་འདུན་ཞུ།།
ལྷ་སྦྲ་སྒང་དྲུག་བར་ལ་ཕུབ།།
བར་ཆོན་བལ་བོའི་ཡུལ་ལ་འཐེན།།
བལ་བོའི་ཡུལ་གྱི་གཏམ་གཡང་ལེན།།
འདི་ཡང་ཡང་ལོན་པའི་སྨོན་འདུན་ཞུ།།
ལྷ་སྦྲ་སྒང་དྲུག་ས་ལ་ཕུབ།།
སྒོ་ཆོན་རྒྱ་ནག་ཡུལ་ལ་འཐེན།།
རྒྱ་ནག་ཡུལ་གྱི་ཚོང་གཡང་ལེན།།
འདི་ཡང་ཡང་ལོན་པའི་སྨོན་འདུན་ཞུ།།
དེ་རིང་ཉི་སྐར་བཟང་བོ་ལ།།
སྐྱིད་ཡ་རབས་ཁྱིམ་གྱི་སྐྲ་སྟོན་ཡིན།།
སྐྲ་སླས་ལྷ་མོ་ཆ་གཉིས་ཡིན།།
ངེད་མ་སྲུ་བརྒྱ་ཚོགས་སྟོང་འདུས་ཡིན།།
སྐྲ་སླས་འབྲོང་རུ་ཆ་གཉིས་དགོས།།
མ་སྲུ་རྣམས་ལ་ལྷ་འགྱེད་དགོས།།
ཐོ་ལོག་རྒོད་ཀྱི་ཅོ་ཐོ་མ།།
འདི་རིག་ནི་མ་གཏོགས་བཅའ་ནི་དཀོན།།
རྒོད་ཐང་སྨུག་ཅིག་གིས་ངས་བཅའ་ཟེར།།
རྒོད་ཐང་སྨུག་ཅིག་གིས་བཅའ་རག་ལ།།
ངེད་མ་སྲུ་འཚོགས་ནས་དལ་གྱིས་བཅའ།།
ཐོ་ལོག་རྒོད་ཀྱི་ཅོ་ཐོ་མ།།
འདི་རིག་ནི་མ་གཏོགས་བཅའ་ནི་དཀོན།།
ཕོ་རོག་ནག་ཆུང་ཞིག་གིས་ངས་བཅའ་ཟེར།།
ངེད་མ་སྲུ་འཚོགས་ནས་དལ་གྱིས་བཅའ།།
ཨ་ཁུ་མ་འདུག་ཨ་ཁུ་ལོངས།།
ཨ་ཁུ་ལངས་ནས་སྐྲ་སླས་ཚེ།།
སྐྲ་སླས་ཕ་སྤུན་ཨ་ནེ་དགོས།།
མིང་བོ་མ་འདུག་མིང་བོ་ལོངས།།
སྐྲ་འབྱེད་གསེར་གྱི་ཐུར་མ་དགོས།།
མ་སྲུ་ལངས་ནས་སྐྲ་བྱུག་ཚེ།།
བྱུག་སྤྱད་འབྲི་མར་སེར་བོ་དགོས།།
སྐྲ་སླས་ཕ་སྤུན་ཨ་ནེ་དགོས།།
ཕ་སྤུན་ཨ་ནེ་སྤུན་བཞི་དགོས།།
སྤུན་བཞི་མེད་རུང་སྤུན་གཉིས་དགོས།།
སྤུན་གཉིས་རང་སྐྱིད་ཡུལ་ན་ཡོད།།
ཚིག་སྐད་བསྐུར་བྱས་ན་སླེབས་ཡོང་མོད།།
སྐྲ་ཤད་གསེར་གྱི་སོ་མང་དགོས།།
ཆ་བཞི་མེད་རུང་ཆ་བཞི་དགོས།།
ཆ་བཞི་མེད་རུང་ཆ་གཉིས་དགོས།།
ཐ་གཉིས་དབུས་གཙང་ཡུལ་ན་ཡོད།།
གསེར་སེར་བོ་བྱིན་ན་ཁུག་འགྲོ་མོ།།
སྐྲ་འབྱེད་གསེར་གྱི་ཐུར་མ་དགོས།།
གསེར་གྱི་ཐུར་མ་ཆ་བཞི་དགོས།།
ཆ་བཞི་མེད་རུང་ཆ་གཉིས་དགོས།།
ཆ་གཉིས་རྒྱ་ནག་ཡུལ་ན་ཡོད།།
དངུལ་དཀར་བོ་བྱིན་ན་ཁུག་འགྲོ་མོ།།
སྐྲ་ཆུ་རྫ་ཆུ་བསིལ་མ་དགོས།།
རྫ་ཆུ་བསིལ་མ་དྭངས་མོ་དགོས།།
སྐྲ་མར་འབྲུ་མར་སེར་བོ་དགོས།།
འབྲི་མར་སེར་བོ་ལེགས་པར་བསྣོས།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
སྐྲ་ལམ་མ་སྣོག་སྐྲ་ལམ་ཁོར།།
སྐྲ་ལམ་རིང་མོ་སྟོད་ལ་ཁོར།།
ནོར་བརྒྱ་སྟོང་ལ་གཤར་ལམ་དགོས།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
སྐྲ་ལམ་རིང་མོ་སྤང་ལ་ཁོར།།
རྟ་བརྒྱ་སྤང་ལ་གཤར་ལམ་དགོས།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
སྐྲ་ལམ་མ་སྣོག་སྐྲ་ལམ་ཁོར།།
ལུག་བརྒྱ་ཐང་ལ་གཤར་ལམ་དགོས།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
ལན་མགོ་མ་སྣོག་ལན་མགོ་སྒྲིགས།།
ལན་མགོ་སིལ་མ་རག་གིས་སྒྲིགས།།
ལན་བུ་རེ་དང་ཐུ་ལུ་རེ།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
ལན་སྐེད་མ་སྣོག་ལན་སྐེད་སྒྲིགས། །
ལན་སྐེད་ཁོན་མ་ཁྲིགས་སེ་སྒྲིགས།།
ཁོན་མ་རེ་དང་རྒོད་མ་རེ།།
སྐྲ་སླས་ཕ་སྤུན་ཨ་ནེ་ཚོ།།
ལན་རྔ་མཚེ་མ་རུག་གེ་སྒྲིགས།
མཚེ་མ་རེ་དང་འཚེར་མོ་རེ།།
ཕ་གོས་བསྐོན་ལོངས་ལ་གོས་རེ་སྐོན།།
གོས་རི་མོ་ཡག་པ་སྣ་ཚོགས་སྐོན།།
མིང་ཆུང་གཡུ་མདོག་ལོངས་ལ་གཡུ་བརྒྱ་ཐོགས།།
གཡུ་བརྒྱ་ཐོགས་ལ་ཨེ་ཡག་ལྟོས།།
མི་ཡག་ཟེར་ན་ད་རུང་ཐོགས།།
མ་སྲུ་དུང་མདོག་ལོངས་ལ་དུང་བརྒྱ་ཐོགས།།
དུང་བརྒྱ་ཐོགས་ལ་ཨེ་ཡག་ལྟོས།།
མི་ཡག་ཟེར་ན་ད་རུང་ཐོགས།།
བྲང་རྒྱན་གཡས་པ་འདོགས་དུས་སུ།།
བྲང་རྒྱན་གཡས་པའི་འཕར་ལོང་འདི།།
གསེར་གྱི་རུས་སྦལ་སེར་བོ་ཡིན།།
བྲང་རྒྱན་གཡོན་མ་འདོགས་དུས་སུ།།
བྲང་རྒྱན་གཡོན་མའི་འཕར་ལོང་འདི།།
དངུལ་གྱི་རུས་སྦལ་དཀར་བོ་ཡིན།།
ལྟག་ཤར་ལེབ་མོ་ལེབ་ལ་འདོགས་དུས་སུ།།
ལྟག་ཤར་ལེབ་མོའི་འཕར་ལོང་འདི།།
དུང་གི་བཀྲ་ཤིས་རྟགས་བརྒྱད་ཡིན།།
ཕ་སེང་ཆེན་འདྲ་བའི་བུ་མོ་ཡིན།།
ཕ་རྟ་གནམ་གྱི་གྱི་ལིང་དགོས།།
ཞང་དགའ་ལྡན་འདྲ་བའི་ཚ་མོ་ཡིན།།
མ་ཨ་ནེ་སྐྱིད་ཀྱི་ཞང་རྔོག་རིང་དགོས།།
མ་ཨ་ནེ་སྐྱིད་ཀྱི་བུ་མོ་ཡིན།།
མ་སྲུ་མཛོ་མོ་ཆ་བཞི་དགོས།།
ཕྱུགས་འཚོ་བའི་འཚོ་ལུང་གོང་མ་ན།།
ཕ་ཨ་ཁུའི་རྟ་བརྒྱ་འཚོ་ནོ་ཡོད།།
རྟ་འཚོ་བའི་འཚོ་རོགས་བུ་མོ་ཡིན།།
མ་བུ་མོ་གནས་ལ་འགྲོ་དུས་སུ།།
ཕ་ཨ་ཁུ་ལོངས་ལ་རྟ་ཁྱུ་ནས།།
རྟ་ཁ་རྔོག་ཅན་པོ་བུ་མོར་བྱིན།།
ད་ཐེངས་བུ་མོའི་ལྟ་བ་ཡིན།།
ཕྱུགས་འཚོ་བའི་འཚོ་ལུང་བར་མ་ན།།
མིང་ཆུང་ལུག་བརྒྱ་འཚོ་ནོ་ཡོད།།
ལུག་འཚོ་བའི་འཚོ་རོགས་སྲིང་མོ་ཡིན།།
སྲིང་ཆུང་གནས་ལ་འགྲོ་དུས་སུ།།
མིང་ཆུང་ལོངས་ལ་ལུག་ཁྱུ་ནས།།
ལུག་བལ་ཁ་ཅན་པོ་སྲིང་མོར་བྱིན།།
ད་ཐེངས་སྲིང་མོའི་རྫོངས་པ་ཡིན།།
ཕྱུགས་འཚོ་བའི་འཚོ་ལུང་ཞོལ་མ་ན།།
མ་སྲུ་མོ་འབྲུ་བརྒྱ་འཚོ་ནོ་ཡོད།།
འབྲི་བརྒྱ་འཚོ་རོགས་བུ་མོ་ཡིན།།
མ་བུ་མོ་གནས་ལ་འགྲོ་དུས་སུ།།
མ་སྲུ་མོ་ལོངས་ལ་ནོར་ཁྱུ་ནས།།
འབྲི་ནུ་ལག་བདེ་ནོ་བུ་མོར་བྱིན།།
ད་ཐེངས་བུ་མོའི་རྫོངས་པ་ཡིན།།
སྐྱིད་བར་བ་སྐུ་ཚེ་བརྟན་རྒྱུ་ཚོ།།
སྲིང་ཐ་ཆུང་གནས་ལ་འགྲོ་དགོས་ཟེར།།
རྟ་རོག་རོག་གསུམ་ལ་གསར་སྒ་སྟོད།།
དངུལ་ཕྲ་མི་གསུམ་གྱི་ཤ་ཐག་མདུད།།
བུ་གཅེས་ཕྲུག་གསུམ་གྱིས་གོང་ནོན་བྱོས།།
སྨད་རྒྱ་ནག་ཡུལ་ལ་གོས་ཉོར་སོང་།།
གོས་རི་བོ་ཡག་པ་སྣ་ཚོགས་ཉོས།།
སྟོད་དབུས་གཙང་ཡུལ་གྱི་བཟོ་བ་བོས།།
གོས་རི་མོ་ཡག་པ་སྣ་ཚོགས་བཟོས།།
གོས་གོང་བ་ཉི་ཟླ་ཆ་གཉིས་ཡིན།།
གོས་ཕུ་རུང་ཁྱུང་གཤོག་ལྡེམ་འདྲ་ཡིན།།
གོས་འདབས་མ་གཡུང་དྲུང་གཡས་འཁྱིལ་ཡིན།།
སྲིང་ཐ་ཆུང་སྐྱིད་ལ་གོས་ཀྱིས་བརྒྱན།།
ཕ་ཨ་ཁུ་རྫ་རི་མཐོན་པོ་ཡིན།།
རྫ་གང་མཐོ་བལྟས་ནས་འདུག་ནོ་ཡིན།།
མ་བུ་མོ་རྫ་མགོའི་ཟིལ་བ་རེད།།
ཟིལ་བ་མི་འདུག་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་ཕ་ཁུ་ཚོ།།
མིང་ཆུང་རྫ་རྡོ་ཁྲ་མོ་ཡིན།།
རྫ་གང་གཟར་བལྟས་ནས་འདུག་ནོ་ཡིན།།
སྲིང་ཆུང་རྫ་ཆུ་བསིལ་མ་རེད།།
རྫ་གང་ཟབ་བལྟས་ནས་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་མིང་ཆུང་འཚོ།།
མ་སྲུ་མར་ཁུའི་མཚོ་མོ་ཡིན།།
མཚོ་གང་ཟབ་བལྟས་ནས་འདུག་ནོ་ཡིན།།
བུ་མོ་མར་ཁུའི་ཁ་ཞག་རེད།།
ཁ་ཞག་མི་འདུག་འགྲོ་ནོ་རེད།།
སྙིང་རེ་ཨེ་རྗེ་མ་སྲུ་ཚོ།།
མ་བུ་མོ་ཡུལ་ན་ཡོད་དུས་སུ།།
ཕ་ཨ་ཁུས་རྟ་བརྒྱ་འཚོས་ནས་ཡོད།།
རྟ་བརྒྱ་འཚོ་རོགས་བུ་མོ་ཡིན།།
བུ་མོ་གནས་ལ་འགྲོ་དུས་སུ།།
བུ་མོའི་རྫོངས་ལ་རྟེའུ་ཆུང་བྱིན།།
རྟེའུ་ཆུང་མ་བསྡད་འཚེར་ནས་ཡོང་།།
སྙིང་རེ་ཨེ་རྗེ་ཨ་ཁུ་ཚོ།།
བུ་མོ་ཡུལ་ན་ཡོད་དུས་སུ།།
མིང་ཆུང་ལུག་བརྒྱ་འཚོས་ནས་ཡོད།།
ལུག་བརྒྱ་འཚོ་རོགས་བུ་མོ་ཡིན།།
བུ་མོ་གནས་ལ་འགྲོ་དུས་སུ།།
བུ་མོའི་རྫོངས་ལ་ལུག་ཆུང་བྱིན།།
ལུ་གུ་མ་བསྡད་འབའ་ནས་ཡོང་།།
སྙིང་རེ་ཨེ་རྗེ་མིང་ཆུང་ཚོ།།
སྙིང་རེ་ཨེ་རྗེ་མིང་ཆུང་འཚོ།།
བུ་མོ་ཡུལ་ན་ཡོད་དུས་སུ།།
མ་སྲུ་མོས་འབྲི་བརྒྱ་འཚོས་ནས་ཡོད།།
འབྲི་བརྒྱ་འཚོ་རོགས་བུ་མོ་ཡིན།།
བུ་མོ་གནས་ལ་འགྲོ་དུས་སུ།།
བུ་མོའི་རྫོངས་བེའུ་ཆུང་བྱིན།།
བེའུ་ཆུང་མ་བསྡད་ངུར་ནས་ཡོང་།།
སྙིང་རེ་ཨེ་རྗེ་མ་སྲུ་ཚོ།།
ཕ་ཁུ་སྲིན་པོ་བློ་མེད་པོ།།
བུ་མོ་ཁྱེར་ནས་རྟ་ལ་བརྗེ།།
ལུག་བརྒྱའི་བདག་པོའི་མིང་ཆུང་སྐྱིད། །
ཁིས་ལ་དགུའི་ཕུ་ན་བུ་མོ་སྡུག །
སྙིང་རེ་ཨེ་རྗེ་མིང་སྲིང་ཚོ།།
མ་སྲུ་སྲིན་པོ་བློ་མེད་པོ།།
བུ་མོ་ཁྲིད་ནས་འབྲི་ལ་བརྗེ།།
འབྲི་བརྒྱའི་བདག་པོ་མ་སྲུ་སྐྱིད།།
ཁིས་ལ་དགུའི་ཕུ་ན་བུ་མོ་སྡུག།།
སྙིང་རེ་ཨེ་རྗེ་མ་སྲུ་ཚོ།།
ཕ་ཁུ་ཙན་དན་སྡོང་བོ་ཡིན།།
སྡོང་བོ་སྐྱེས་ནས་ནམ་མཁའ་བཀང་།།
ནམ་མཁའ་ཐམས་ཅད་ལྷ་ཡིས་བཀང་།།
མིང་ཆུང་ཙན་དན་ཡལ་ག་ཡིན།།
ཡལ་ག་སྐྱེས་ནས་བར་སྣང་བཀང་།།
བར་སྣང་ཐམས་ཅད་འཇའ་ཡིས་བཀང་།།
མ་སྲུ་ཙན་དན་རྩད་པ་ཡིན།།
རྩ་བ་རྒྱས་ནས་ས་གཞི་བཀང་།།
ས་གཞི་ཐམས་ཅད་ཕྱུགས་ཁྱུས་བཀང་།།
ཕ་སེང་ཆེན་འདྲ་བའི་བུ་མོ་ཡིན།།
ཕ་རྟ་གནམ་གྱི་གྱི་ལིང་དགོས།།
མིང་ཁྲ་ཕྲུག་འདྲ་བའི་སྲིང་མོ་ཡིན།།
མིང་རྟ་དྲེལ་རྟ་འཕར་མོ་དགོས།།
མ་འབྲུག་མོ་སྐྱིད་ཀྱི་ཚ་མོ་ཡིན།།
བག་རོགས་གོས་མགོ་ཚང་མ་དགོས།།
ཕ་ཁུའི་ཇོ་བོའི་གསེར་ཏོག་ཡིན།།
བུ་མོ་ཕྱོགས་ཡོང་མཇལ་བ་ཡིན།།
ལྷ་མཇལ་ཁ་ལོན་ན་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་ཕ་ཁུ་ཚོ།།
མིང་ཆུང་རྒྱ་ནག་ཚོང་དཔོན་ཡིན།།
བུ་མོ་ཕྱོགས་ཡོང་གོས་ཉོ་ཡིན།།
གོས་རིན་ཐང་འགྲིག་ན་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་མིང་ཆུང་འཚོ།།
མ་སྲུ་མར་ཁུའི་མཚོ་མོ་ཡིན།།
བུ་མོ་མར་ཁུའི་ཁ་ཞག་ཡིན།།
ཁ་ཞག་མི་འདུག་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་མ་སྲུ་ཚོ།།
ལྷ་ཁང་ནང་གི་ལྷ་ཕྲུག་མ།།
ལྷ་སྒོ་ཕྱེས་ན་འགྲོ་ནོ་ཡིན།།
ལྷ་སྒོ་ཕྱེས་ན་འགྲོ་ནི་ཡིན།།
སྙིང་རེ་ཨེ་རྗེ་ཨ་ཁུ་ཚོ།།
ཁྲ་ཚང་ནང་གི་ཁྲ་ཕྲུག་མ།།
ཁྲ་འདབ་ལག་རྒྱས་ན་འཕུར་ནོ་ཡིན།།
སྙིང་རེ་ཨེ་རྗེ་མིང་ཆུང་ཚོ།།
མ་སྲུའི་རུམ་གྱི་གཅེས་ཕྲུག་མ།།
སེམས་ཤེས་རྒྱ་འཛོམས་དུས་འགྲོ་ནོ་ཡིན།།
སྙིང་རེ་ཨེ་རྗེ་མ་སྲུ་མཚོ།།
བྲང་རྒྱན་གཡས་ཁ་གསེར་སྲང་བརྒྱ།།
གསེར་སྲང་ལ་འཇལ་ནོ་ཕ་ཁུ་ཡིན།།
བྲང་རྒྱན་གཡོན་པ་དངུལ་སྲང་བརྒྱ།།
དངུལ་སྲང་ལ་འཇལ་ནོ་མིང་ཆུང་ཡིན།།
དོ་ཤལ་ཤར་མོ་གཡུ་སྲང་བརྒྱ།།
གཡུ་སྲང་ལ་འཇལ་ནོ་མ་སྲུ་ཡིན།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་རེ་བྱིན།།
རྟ་བརྒྱ་ར་ལ་སྐོར་ལ་ཞོག།
ཁྱུ་ན་ཁ་དཀར་རྐྱང་ཞིག་ཡོད།།
ཁ་དཀར་རྐྱང་ལ་ཕུ་དར་ཐོགས།།
ངེད་ཀྱི་བུ་མོའི་རིན་སྐལ་དགོས།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་ཞིག་བྱིན།།
ལུག་བརྒྱ་ར་ལ་བསྐོར་ལ་ཞོག།
ཁྱུ་ན་དགོ་རྭ་སྨུག་ཅིག་ཡོད།།
དགོ་རྭ་སྨུག་པོ་བལ་དཀར་ཐོགས།།
ངེད་ཀྱི་བུ་མོའི་རིན་སྐལ་དགོས།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་ཞིག་བྱིན།།
ནོར་བརྒྱ་ར་ལ་བསྐོར་ལ་ཞོག།
ཁྱུ་ན་བྲེ་སེར་འབྲོང་ཞིག་ཡོད།།
བྲེ་སེར་འབྲོང་ལ་རུ་དར་ཐོགས།།
ངེད་ཀྱི་བུ་མོའི་རིན་སྐལ་དགོས།།
བར་བ་མ་འདུག་བར་བ་སོང་།།
གཉེན་ཉེ་ཡུལ་ལ་ལན་རེ་བྱིན།།
གཡས་སྒོ་གཡང་ལ་ཕྱེ་ནས་ཞོག།
ཕ་ཁུ་གསེར་སྒའི་སྟེང་ན་འབབ།།
བར་བ་མ་འདུག་བར་བ་སོང་།།
གཉེན་ཉེ་ཡུལ་ལ་ལན་རེ་བྱིན།།
གཡོན་སྒོ་གཡོན་ལ་ཕྱེ་ནས་ཞོག།
མིང་ཆུང་ཝ་དམར་ཞྭ་མོ་ཕུད།།
བར་བ་མ་འདུག་བར་བ་སོང་།།
གཉེན་ཉེ་ཡུལ་ལ་ལན་རེ་བྱིན།།
སྒོ་ལྕགས་ཡུ་གང་ཁྱོགས་ལ་ཞོག།
ངེད་བག་མ་རྒོད་ཕྲུག་ལྡེམ་མེ་ཡོང་།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་རེ་བྱིན།།
ཁིས་ག་གསུམ་ལ་དར་དཀར་གསུམ།།
དར་དཀར་ཁ་གསུམ་མ་འཛོམས་ན།།
ངེད་ཕ་བུ་བཅིབས་ཁ་མི་བཞེས་ཟེར།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་རེ་བྱིན།།
ཐང་ཆེན་གསུམ་ལ་བསུ་བ་གསུམ།།
ཇ་ཆང་ཁ་གསུམ་པོ་མ་འཛོམས་ན།།
ངེད་མིང་ཆུང་བཅིབས་ཁ་མི་བཞེས་ཟེར།།
བར་བ་མ་འདུག་བར་བ་སོང་།།
སྐྱིད་ཡ་རབས་ཚང་ལ་ལན་རེ་བྱིན།།
ལུང་བ་གསུམ་ལ་གོས་སྣ་གསུམ།།
ངེད་བག་མ་བཅིབས་ཁ་མི་བཞེས་ཟེར།།
ཕ་ཁུ་རྫ་ཡི་འབྲོང་ཁྱུ་ཡིན།།
བུ་མོ་འབྲོང་གི་རུ་དར་ཡིན།།
རུ་དར་མི་ལེན་ཁས་ལེན་ཡོད།།
ལེན་དགོས་ཟེར་ན་བར་བ་ཡོད།།
བུ་མོ་སྐྱིད་པའི་ཁས་ལེན་དགོས།།
མིང་ཆུང་ནགས་ཀྱི་རྒྱ་སྟག་ཡིན།།
ཐིག་ལེ་མི་ལེན་ཁས་ལེན་དགོས།།
ལེན་དགོས་ཟེར་ན་བར་བ་ཡོད།།
བུ་མོ་སྐྱིད་པའི་ཁས་ལེན་དགོས།།
མ་སྲུ་ཐང་གི་རྐྱང་ཁྱི་ཡིན།།
བུ་མོ་རྐྱང་གི་ཕུམ་དར་ཡིན།།
ཕུམ་དར་མི་ལེན་ཁས་ལེན་དགོས།།
ལེན་དགོས་ཟེར་ན་བར་བ་ཡོད།།
བུ་མོ་སྐྱིད་པའི་ཁས་ལེན་དགོས།།
སྐྱིད་ཡ་རབས་ཚང་ལ་ཡོད་རབས་ཟེར།།
ཡོད་ཀི་ཟེར་ནས་ཡོད་གཉེན་བྱས།།
རྫ་རི་དཀར་བོར་ནོར་ཡོད་ཟེར།།
ནོར་ཨེ་ཡོད་མི་ཡོད་དེ་རིང་བལྟ།།
སྐྱིད་ཡ་རབས་ཚང་ལ་ཡོད་རབས་ཟེར།།
ཡོད་ཀི་ཟེར་ནས་ཡོད་གཉེན་བྱས།།
ཐང་སྐྱ་མོའི་ཐང་ན་རྟ་ཡོད་ཟེར།།
རྟ་ཨེ་ཡོད་མི་ཡོད་དེ་རིང་བལྟ།།
སྐྱིད་ཡ་རབས་ཚང་ལ་ཡོད་རབས་ཟེར།།
ཡོད་ཀི་ཟེར་ནས་ཡོད་གཉེན་བྱས།།
སྤང་དཀར་ཐང་ན་ལུག་ཡོད་ཟེར།།
ལུག་ཨེ་ཡོད་མི་ཡོད་དེ་རིང་བལྟ།།
བུ་མོ་ཡུལ་ནས་འགྲོ་དུས་སུ།།
ཡུལ་ལྟ་མ་བྲེལ་དལ་ལ་བཞུགས།།
བུ་མོ་ཁྱིམ་ནས་འགྲོ་དུས་སུ།།
ཐབ་ལྷ་མ་བྲེལ་དལ་ལ་བཞུགས།།
བུ་མོ་སྒོ་ཁར་འབུད་དུས་སུ།།
སྒོ་ལྷ་མ་བྲེལ་དལ་ལ་བཞུགས།།
བག་རྟ་དཀར་བོ་ཁྲིད་ལ་ཤོག།
གོང་གསེར་གྱི་སྒ་ཆ་སྟོད་ལ་ཤོག།
སྒའི་སྔ་རུ་ཉི་མ་ཤར་འདྲ་ཡིན།།
སྒའི་ཕྱི་རུ་ཟླ་བ་ཚེས་འདྲ་ཡིན།།
ཡོབ་ཆེན་མར་ཁུ་འཁྱིལ་འདྲ་ཡིན།།
བུ་མོའི་རྟ་ཁ་ཡུལ་ལ་སྐོར།།
ཡུལ་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་ཤོག །
བུ་མོའི་རྟ་ཁ་ཤར་ལ་སྐོར། །
ཤར་དུང་རི་དཀར་པོའི་བཀྲ་ཤིས་ཤོག །
བུ་མོའི་རྟ་ཁ་ལམ་ལ་སྐོར།།
ལམ་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་ཤོག།
བསོད་ནམས་ཚེ་རིང་དང་འབྲུག་ཐར་གཉིས་ཀྱིས་བསྡུས་པ་«བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ»ལས་བཏུས།