གནས་ཡུལ། མདུན་ངོས། གཉེན་སྒྲིག
 
 
༄༅།།སྨར་ཁམས་ཁུལ་གྱི་གཉེན་སྟོན་གཏམ་གྱི་ཆུ་རྒྱུན་བཞུགས་སོ།
སྤེལ་དུས།2008-05-30   ཡོང་ཁུངས་།༢༠༠༥ལོའི་སྤང་རྒྱན་མེ་ཏོག་དུས་དེབ་གསུམ་པ་ལས་བཏུས།    རྩོམ་པ་པོ། བསྟན་འཛིན་གྱིས་བསྡུ་སྒྲིག་བྱས།

ལྷོ་ཁ་ཨོ་རྒྱན་བསྟན་དར་དང་། གླང་འདུལ་བསོད་ནམས་དོན་གྲུབ་གཉིས་ཀྱིས་བཤད། 
 ༀ བདེ་ལེགས་སུ་གྱུར་ཅིག
  ཡ་རབས་ཀུན་སྤྱོད་ལྡན་པ་ཕ་ར་སྲས། བསོད་ནམས་དབང་འདུས་དཔོན་པོ་ཡོན་ཏན་འབུམ། མཛེས་ལྡན་བག་མ་རྣམ་པ་མེ་ཏོག་བཀྲ། ཡིད་གཞུངས་ཚུལ་
ལྡན་བློ་གསལ་ཤེས་རྒྱ་ཆེ། བསྐལ་བཟང་ཡར་འགྲོའི་འཇིག་རྟེན་ཁྱིམ་ཐབ་བྱེད། མངའ་ཐང་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་སྒྲིག ལེགས་བཤད་ནོར་བུའི་བང་
མཛོད་སྒོ་ཕྱེ་ནས། བག་སྟོན་གཏམ་བཤད་ཆུ་རྒྱུན་འབབ་དང་མཚུངས། དམངས་ཁྲོད་ཤུལ་བཞག་རིག་གནས་རྒྱ་མཚོ་བཞིན། མེས་པོ་བཀའ་དྲིན་ཅན་ལ་ཕག་
འཚལ་ལོ།
               གླེང་གཞི།
 དེ་ཡང་ཡུལ་སྨར་ཁམས་སྒང་གི་ཤར་ཕྱོགས། དེང་སང་གཙང་ཤོད་ཤང་འབར་བ་ཡུལ་ཚོའི་རྒྱལ་པོ་སྟེང་ཟེར་བ་བདེ་སྐྱིད་ཕུན་སུམ་ཚོགས་པའི་གྲོང་སྡེ་དེའི་
བྲག་སྐྱིབས་ལ་རྡོ་དཀར་དར་དཀར་བརྐྱངས་འདྲའི་རི་མོ་ཡོད་པ་དེར། དམངས་ཁྲོད་དུ་མངའ་བདག་ཕ་ར་ཚང་དང་། ཕྱུག་པོ་མཁར་དམར་ཞེས་པ་དུད་ཚང་
གཉིས་ཀྱི་གཉེན་སྟོན་བྱེད་སྐབས་དར་ཁ་བཏགས་པའི་ཤུལ་ཡིན་ཁུལ་དང་། བག་སྟོན་གྱི་གཏམ་བཤད་གཉེན་སྟོན་གཏམ་གྱི་ཆུ་རྒྱུན་ཞེས་པ་དེ་ནས་དར་བ་ཁ་
རྒྱུན་དུ་བཤད་ཀྱང་ཕ་ར་དཔོན་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་ཡུལ་དཔོན་ཞིག་ཡིན་པ་དང་། བེ་ཏི་པོ་དམག་འཁྲུག་ནས་ཕ་ར་ཡུལ་དཔོན་གྱི་ཁྱིམ་རྒྱུད་རྩ་མེད་
དུ་སོང་བ་གཉེན་སྟོན་གཏམ་བཤད་བཅས་ཁུངས་ལྡན་གྱི་ལོ་རྒྱུས་གོ་ཐོས་བྱུང་མཁན་སྤྱིར་མེད།
 སྤྱི་ལོ་༡༩༧༧ལོར་གཙང་ཤོད་ཤང་གི་འབར་བ་ཡུལ་ཚོ་ན་བཞུགས་པའི་དགུང་གྲངས་གྱ་གཉིས་ལ་ཕེབས་པའི་དམངས་ཁྲོད་སྒྱུ་རྩལ་པ་ལྷོ་ཁ་ཨོ་རྒྱན་བསྟན་དར་
དང་དགུང་གྲངས་དོན་དགུར་ཕེབས་པའི་གླང་འདུལ་བསོད་ནམས་དོན་གྲུབ་རྣམ་གཉིས་ལ་ངོ་བཅར་ཞུས་ནས་བག་གཏམ་བཤད་སྟངས་ཐད་ལ་བཀའ་འདྲི་
ཞུས་པ་ཡིན། ཁོང་རྣམ་གཉིས་ཀྱིས་འཁོན་ཐོགས་མེད་པར་གཏམ་བཤད་ཆུ་རྒྱུན་འབབ་པ་ལྟར་ཉིན་མཚན་གསུམ་རིང་ཚིག་གསལ་ལ་གདངས་སྙན་པའི་གཏམ་
བཤད་སྣ་གྲངས་ཉི་ཤུ་རྩ་གཅིག་ཙམ་བཤད་པ་རེད།
 ལྷོ་ཁ་ཨོ་རྒྱན་བསྟན་དར་གླང་འདུལ་བསོད་ནམས་དོན་གྲུབ་ནི་སྲིད་ཪྙིང་སྐབས་ནས་བག་གཏམ་བཤད་མཁས་པ་གཏམ་ཤགས་ལ་ཁ་རྒོད་ཡིན་པ་ཡུལ་ལུང་
དུ་གྲགས།
 མངའ་བདག་ཕ་ར་ཚང་དང་མཁར་དམར་ཚང་ཞེས་པའི་གནའ་གཏམ་གྱི་ཁྱིམ་མིང་ལ་དེང་སང་གི་ཡུལ་སྲོལ་གོམས་གཤིས་སྦྱར་ནས་ཤེས་ལྡན་རྒན་རབས་
རྣམ་གཉིས་ཀྱིས་བཤད་པའི་སྨར་ཁམས་ཡུལ་ལུང་གི་གཉེན་གཏམ་དངོས་དང་བསྟུན་ནས་དཔྱད་བཞིའི་ཡིག་ཆ་རག་བསྡུས་ཟིན་བྲིས་བྱས་པ་ཡིན།
 མ་གཞི་སྨར་ཁམས་ཁུལ་གྱི་ཁ་རྒྱུན་དུ་ཁྱབ་པའི་གཉེན་སྟོན་གྱི་གཏམ་བཤད་ཐད། ས་ཆ་སྟོད་སྨད་བར་གསུམ་གྱི་ཞིང་ཁུལ་དང་འབྲོག་ཚོ་རོང་སྨད་བཅས་ས་
ཆ་ཁག་ལ་བཤད་སྟངས་འདྲ་མིན་སྣ་ཚོགས་དང་བག་སྟོན་བྱེད་སྟངས་ལུགས་སྲོལ་ཀྱང་ཐུན་མོང་མ་ཡིན་པ་ཡོད་ཀྱང་། འདིར་ཁྱོན་ཡོང་ཀྱི་བག་གཏམ་བཤད་
སྲོལ་རགས་བསྡུས་བྱས་ཡོད་པ་སྟེ། བག་མ་སྟེར་སློང་དང་གཉེན་ཐག་གཅོད་པ། གྲོས་ཆང་འཐུང་ལུགས། སློང་རྟེན་དང་ནུ་རིན་སྤྲོད་པ། རྫོང་བསྐལ་མང་ཉུང་།
སྟོན་མོ་རྒྱས་བསྡུས། སྐྱེལ་བསུའི་གཉེན་ཁང་གི་རྒྱན་གོས། ཆ་ལུགས། མི་གྲངས་རྣམས་སྤྱི་ལོ་༡༩༥༦ལོའི་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བར་བརྒལ་དུས་
སྐབས་ཀྱི་བག་སྟོན་བྱེད་སྟངས་ལ་སྦྱར་ནས་བཀོད་ཡོད།
                དགུ་ཚིག
 གཉེན་སྟོན་ཕུན་སུམ་ཚོགས་པའི་ཁྱིམ་ཚང་ནང་། དགའ་སྐྱིད་ཆར་སྤྲིན་སྲིད་པའི་དབྱིངས་སུ་ཁྱབ། ཇ་ཆང་བདུད་རྩི་རོ་བརྒྱའི་བཟའ་བཏུང་ཚོགས། གླུ་གར་
རྩེད་གསུམ་དཔལ་ཡོལ་ཕུན་སུམ་ཚོགས། སྙན་འཇེབས་གཉེན་གཏམ་ཚིག་སྦྱོར་རབ་ཏུ་མཚར། གར་གྱི་ཆ་བད་བརྒྱད་ཀྱི་ཉམས་འགྱུར་ཚང་། བདེ་སྐྱིད་སྣང་བའི་
དགེ་མཚན་བརྗོད་ལས་འདས།
 དང་པོ། དེ་ཡང་གནའ་སྔ་མོ་གཙང་ཆུའི་རྒྱུད་ན་ཡུལ་ལ་བདེ་སྐྱིད་དགེ་མཚན་ཚང་བའི་གྲོང་སྡེ། ལུང་པ་ཕུ་མདའ་བར་གསུམ་ཡུལ་ཁམས་མེད་པ། ལུང་པའི་
ཕུ་ན་ཕ་ར་དཔོན་ཚང་བྱ་བ་ཞིག་ལ་ཕ་ཟླ་བ་བསམ་གྲུབ་དང་། མ་པད་མ་མཚོ་མོ་གཉིས་ལ་བུ་ཕྲུག་མིང་སྲིང་བདུན་ཡོད་ལ་བུ་ཆེ་བ་ཡོན་ཏན་འབུམ་ལོ་ན་ཉི་ཤུ་
ཟིན་པ། འབྲིང་བ། དཔལ་བཟང་དབང་འདུས། ཆུང་བ་འཇམ་དབངས་ཆོས་གྲགས། བུ་མོ་ཆེ་བ་ཉི་མ་མཚོ་མོ་དང་། འབྲིང་བ་སྒྲོལ་མ་རྒྱལ། སྲིང་མོ་ཆུང་བ་
གཉིས་བཅས་ཡོད་པ་རེད། སྐབས་ཤིག་ན་ཨ་ཁུ་ཕུན་ཚོགས་ནོར་རྒྱས་དང་། ཞང་པོ་ཤེས་ལྡན་རིག་གསལ་གཉིས་ཀྱིས་གྲོས་བས་ཏེ་བུ་ཡོན་ཏན་འབུམ་ལ་མནའ་
མ་ལེན་རྒྱུའི་དོན་དེ་སྐབས་བབས་དང་དུས་སུ་བབས་པའི་ཆར་ཡིན་ཚུལ་གྲོས་འཆམས་ཏེ་དཔོན་ཚང་ཕ་མ་གཉིས་ཀྱི་སྙན་དུ་གསོལ། དཔོན་པོ་ཡབ་ཡུམ་གཉིས་
ཀྱང་ཐུགས་དགྱེས་པའི་རྣམ་འགྱུར་དང་བཅས་ཏེ་མཉམ་དུ་གྲོས་མོལ་གླེང་། ཚང་མས་ལུང་པའི་ཕུ་མདའ་བར་གསུམ་ཁྱིམ་དུད་ལ་དཔྱད། འོག་སྡེ་སྡེ་ཁག་དགུ་
ཡི་མངའ་ཁོངས་འབྱོར་ཕྱུག་ཁྱིམ་ཚང་གི་བུ་མོ་རྒྱུས་ཡོད་རྣམས་གཅིག་མོས་གཉིས་གླེང་བས་ནས་མཐར་ལུང་པའི་མདའ་ལ་གནས་པའི་ཕྱུག་པོ་མཁར་དམར་
ཚང་ལ་ཕ་ཉི་མ་དོན་གྲུབ་དང་མ་སྒྲོལ་མ་གཡུ་ལྗང་གཉིས་ལ་བུ་བློ་བཟང་ཕུན་ཚོགས་བ་བས་གཙོས་བུ་སྤུན་གསུམ་དང་། བུ་མོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་
འབྲིང་བ་མེ་ཏོག་བཀྲ་ཞེས་པ་ཡ་རབས་ཀུན་སྤྱོད་བཟང་བ། ལང་ཚོའི་དཔལ་འབར་ཞིང་ཁ་སྒོ་སྐྱེ་འབྲས་མཚར་བ་ཕ་ཁུ་མ་སྲུ་ལ་འཛུམ་གྱིས་འདྲིས་པ། བུ་སྤུན་
མིང་སྲིང་འཛུམ་གྱིས་བསུ་བ། གཡོག་འཁོར་རྣམས་ལ་བམས་ཀྱིས་སྐྱོང་མཁན་ཞིག་ཡོད་པ་དེ་བློ་ལ་བབས་ནས་བག་མར་སློང་རྒྱུ་ཐག་བཅད་དོ།
 ཞག་ཤས་སོང་རྗེས་རང་འོག་ཨ་ཕོ་བློ་ལྡན་ཤེས་རབ་གཉེན་སྒྲིག་བར་མིར་མངགས། བློ་ལྡན་ཤེས་རབ་ཀྱིས་ལག་རྟགས་དང་བྲོ་ཆས་རྣམས་དྲེལ་ལ་བཀལ། རྟ་
ཆིབས་དྲེལ་འཁྲིད་ཀྱིས་ལུང་པའི་མདའ་ཕྱོགས་སུ་ཆས་སོ། ཉིན་གཉིས་ཀྱི་མཚམས་སུ་ཕྱུག་པོ་མཁར་དམར་ཚང་གི་སྒོ་འགྲམ་དུ་སླེབས་ཤིང་གཡོག་མོ་གཉིས་ཀྱིས་
རྒྱུན་གཏན་བཞིན་འགྲུལ་བསུ་ཆིབས་ཁ་ལེན་པ་དང་ཆབས་ཅིག་ཁྱིམ་དུ་གདན་དྲངས་ནས་གསོལ་ཚིགས་དྲངས། དེ་རྗེས་བར་པ་བློ་ལྡན་ཤེས་རབ་ནས་ཁྱིམ་
བདག་ཕ་མ་གཉིས་ཀྱི་མདུན་དུ་བཅར་ནས་ལག་རྟགས་དར་ཕྲུག་བཅས་ཕུལ་བས་ཕ་མ་གཉིས་ཀྱང་ཞལ་འཛུམ་དགྱེས་ཞལ་དང་བཅས་སྤྲོ་དགའི་རྣམ་འགྱུར་
སྟོན་བཞིན་ལུང་པའི་ཕུ་མདའ་བར་གསུམ་གྱི་ལོ་ལེགས་ཕྱུགས་བདེ་སོགས་ཀྱི་གནས་ཚུལ་མང་པོ་ཁ་བརྡ་བས། བར་མཚམས་སུ་བར་པ་བློ་ལྡན་ཤེས་རབ་ཀྱིས་
གཏམ་དོན་གྱི་སྙིང་པོ་བུ་མོ་མནའ་མར་སློང་རྒྱུའི་སྐོར་བཤད་ནས་དུད་ཚང་གཉིས་ཀ་གོང་གི་བལྟ་ས་སྟག་གཟིག་རྒྱན་ལ་གྲ་སྡེབ་ངང་། ཁ་རྗེ་ལོངས་སྤྱོད་ཕྱུག་པོ་
འདྲ་མཉམ་རེད། བུ་དེ་བློ་རིག་གསལ་བ་ཡོན་ཏན་འབུམ་དང་ལྡན་བུ་མོ་ནི་ལང་ཚོ་སྒེག་ཅིང་མཛེས་སྡུག་མེ་ཏོག་བཀྲ་གཉེན་སྒྲིག་ཡོང་ཐབས་ཀྱི་གཏམ་བཤད་ཞ་
ལ་བྱུགས་པ་འདྲ། དཔེ་རྒྱུན་མེ་ཏོག་ འཚེམ་བུ་རྒྱབ་པ་འདྲ་བ་སོགས་མང་པོ་བཤད། ཡུལ་དཔོན་ཕར་ཚང་གིས་བུ་མོ་མནའ་མར་སློང་བ་ཕ་མ་གཉིས་ཀྱིས་སེམས་
དགའ་བློ་མོས་བྱུང་རུང་། མ་སྒྲོལ་མ་གཡུ་ལྗང་གིས་ཁ་འཛུམ་འཛུམ་གྱི་སྒོ་ནས་བུ་མོ་དེ་ཡུལ་ལུང་ནང་གི་ནོར་བུ། རྒྱ་གྲོང་དཀྱིལ་གྱི་མེ་ཏོག་དང་འདྲ་བས་ཡུལ་
གྱི་འབྱོར་ཕྱུག་མང་པོས་སློང་བར་ཡོང་ཡང་མ་སྟེར། སྟེར་བ་ཐོབ་མཁན་དགའ་ཡང་མ་ཐོབ་མཁན་ཁྲོས་སྲིད། གང་འདྲ་བས་ཀྱང་ཚང་མ་མགུ་བ་བ་ཐབས་དཀའ་
མོ་འདུག་དེ་ནི་སེམས་ཁྲལ་རེད་ཟེར། ཕ་ཉི་མ་དོན་གྲུབ་ཀྱིས་ཐུགས་འཛེམ་གྱི་རྣམ་འགྱུར་བསྟན་ནས་བུ་མོ་དཔོན་ཚང་ལ་སྟེར་ཆོག་ཀྱང་ང་ཚོ་ཕྱུག་པོ་ཡིན་
ཡང་དཔོན་གནས་གྱི་ཐོབ་ཐང་མེད་ཁར་གཉེན་མཉམ་ཨ་ཡོང་ཟེར། དེ་མཚམས་སུ་བུ་བློ་བཟང་ཕུན་ཚོགས་ཀྱིས་གྲོས་ཐག་གཅོད་པའི་ཚུལ་གྱི་སྨྲས་དོན་གྲོས་
མི་ལ་དྲིས། གྲོས་ཐག་རང་གིས་གཅོད། དཔོན་ཕ་ར་ཚང་ལ་མནའ་མ་སྟེར་མི་མེད་པ་ག་ལ་ཡིན། ང་ཚོ་སྲིང་མོ་བརྒྱ་ནས་གདམ་ལྷོང་ནས་གསལ་ཏེ་མགུ་བ་བྱུང་
ན་བུ་མོ་ལོས་སྟེར། བསྐལ་བ་ཕྱུག་པོ་རབ་ཀྱི་དཔེ་ཡོད་རྫོགས་རྒྱུ་དང་། བཏག་གོས་ལ་མཛེས་པོ་ཁྲོམ་ཐོག་ངོམས་སོ་ཆོད་ལེ་ལོས་དགོས་ཟེར་བས། གཏམ་དེ་ཚང་
མའི་བློ་ལ་བབས་ཤིང་། དེ་ཐོག་གྲོས་ཐག་ཆོད་པར་འགྱུར་ནས། བསྐལ་རྫོང་དང་བཅས་གྲོས་ཆང་འཐུང་དུས་གྲོས་མོལ་ཞིབ་ཕྲ་བྱེད་རྒྱུ་དང་། ས་ག་ཟླ་བའི་ཡར་
ཚེས་ལ་གནས་འོག་དགོན་དུ་གཉེན་གྲོགས་འཛོམས་སྐབས་གྲོས་ཆང་འཐུང་རྒྱུར་ཁ་འཆམ་ཏེ་གཉེན་སྒྲིག་གི་བསམ་དོན་གྲུབ་པས་ཚང་མ་ཡིད་མགུ་ནས་ཁ་
འཚེར་འཚེར་བྱེད་བཞིན་སོ་སོར་གྱེས། ཕྱི་ཉིན་བར་པ་མི་གཉིས་ལ་ཤ་མར་ཐུད་གསུམ་ལག་རྟགས་བསྐུར་ནས་སྒོ་ཕྱིར་ཕེབས་སྐྱེལ་ཞུས་ནས་ལོག་གོ། བར་པ་བློ་
ལྡན་ཤེས་རབ་ཕྱིར་འཁོར་ནས་དཔོན་ཚང་ཕ་མ་གཉིས་ལ་མནའ་མ་སྟེར་རྒྱུ་ཁས་བླངས་ལུགས་སྐོར་གྱི་གནས་ཚུལ་ཆད་ལུས་མེད་པར་ཞུས་སོ།
 གཉིས་པ། ཕ་ར་དཔོན་ཚང་གི་སྔར་ལུགས་ལྟར་བླ་མའི་མདུན་དུ་མོ་འདེབས་མཁན་བཏང་བའི་མོ་དོན་ལ་མཐུན་གསུམ་འཛོམས་པ་མོ་ཡག་བྱུང་འདུག ཁྱིམ་
བདག་བློ་དང་མཐུན་པས་མོ་ཐིག་སོང་ཟེར། འཕྲལ་དུ་ནང་གཡོག་གོ་ཆོད་དོན་གྲུབ་ལ་ཡུལ་སྲོལ་གོམ་གཤིས་ལྟར་ཕྱུག་པོ་རབ་ཀྱི་དཔེ་ལུགས་དང་མཐུན་པ་
གཉེན་གཏམ་བཀྲ་ཤིས་པའི་རྟགས་ལ་ཇ་འབྲུ་ཪྙི་བག་ཁག་ཅིག་དང་། ཁ་གཏན་གཏམ་ཚིག་དར་གྱི་མདུད་པ་འགྱུར་བ་མེད་པ་རྟེན་ལ་དར་དཀར་ཡུག་ཅིག ཅི་
བྱེད་ཁ་དྲོ་བའི་རྟེན་འབྲེལ་ལ་གྲོ་འབོ་གང་བག་སྟོན་གཡུང་དྲུང་གཡང་གདན་ལ་བལ་སྟན་གཅིག་བཅས་དངོས་རྟེན་སྣ་བཞི་སྐུར། གོ་ཆོད་དོན་གྲུབ་ཕྱུག་པོ་
མཁར་དམར་ཁྱིམ་དུ་འབྱོར་ནས་ཇ་ཁ་དར་སོགས་གཏམ་དོན་གྱི་དངོས་རྫས་ཐམས་ཅད་ཕ་མ་གཉིས་ལ་ངོ་འབུལ་ཞུས་ནས་བཏང་བའི་མི་གོ་ཆོད་པ་བས་ཏེ་
རང་ཕྱོགས་སུ་ལོག་གོ། ཡུལ་གོམས་ལ་ཇ་ཁ་དར་སྤྲོད་ལེན་བྱུང་རྗེས་ཁ་གཏན་ཚིག་ལ་འགྱུར་བ་བཏང་མི་ཆོག་གལ་ཏེ་འགྱུར་ན་ཁྲིམས་དང་འགལ་ཟེར།
 གསུམ་པ། ས་ག་ཟླ་བའི་དཀར་ཕྱོགས་སུ་གནས་འོག་དགོན་པའི་དབར་ཚོས་འཚོག་སྐབས་ཡུལ་མི་རྣམས་འཛོམས་པ་དང་བསྟུན་ནས་ཕ་ར་དཔོན་ཚང་ནས་
སྟོན་མོ་བཏང་། བར་པ་བློ་ལྡན་ཤེས་རབ་ཀྱིས་གཙོས་གཉེན་གྲོགས་རྣམས་འཛོམས་ཤིང་མཚན་གང་པོར་རོ་བརྒྱའི་ཟས་ཀྱི་བཟའ་བཏུང་དང་ཞིམ་མངར་གྲོས་
ཆང་བཏུངས། ཡུལ་གོམས་གཤིས་ལུགས་སུ་གྲོས་ཆང་འཐུང་དུས་གཉེན་གྲོགས་ཀྱི་གྲས་ལ། མི་སྣ་རིམ་པ་གསུམ་འཛོམས་ཀྱི་ཡོད་པ་ནི། ཕ་བུ་དང་། ཁུ་བོ། ཨ་ཞང་
བཅས་གོ་འཕེར་བའི་ཐག་གཅོད་མཁན་འགའ་དང་ཡུལ་ལུང་གི་མི་དྲག་གཙོ་རྒན་དང་ཕྱུག་པོ་མིང་ཡོད་ཁ་ཤས་ཡོང་ནས་གྲོས་འགོ་འཛིན་པར་བྱེད། ད་དུང་
གཉེན་གྲོཊ་གྲས་ལ་ཁ་རྒོད་གཏམ་མཁས་རེ་གཉིས་གཏམ་བཤད་བས་ནས་གྲོས་མོལ་བས་ཀྱང་གྲོས་ཐག་ཚང་མ་བར་པས་གཅོད་པ་ལུཊ་སྲོལ་ཡིན།
 ཡུལ་དཔོན་ཕ་ར་ཚང་གི་གཙོ་བོ་ཨ་ཁུ་ཕུན་ཚོགས་ནོར་རྒྱས་དང་། ཁ་རྒྱས་སྲིད་པ་དབང་གྲགས། དེ་མིན་འགྲོ་སྒོ་གཏོང་མཁན་ནང་གཉེར་མི་བདུན་དང་
ཕྱུག་པོ་མཁར་དམར་ཕྱོགས་ལ་གཙོ་བོ། བུ་བློ་བཟང་ཕུན་ཚོགས་དང་། ཨ་ཞང་དོན་གྲུབ་དཔལ་རྒྱལ། ཡུལ་གྱི་གཙོ་བོ་བགྲེས་པོ་རི་རྩ་ཉི་མ་རྒྱལ་མཚན། ཁ་པ་གྲས་
ལ་གྲོང་དཀྱིལ་བུ་ཨ་གྲཊ། རོང་སྟོད་མཁས་གྲུབ་བཅས་མི་དྲུག་བཞུཊ།
 གྲོས་ཆང་འཐུང་ཟེར་བ་གཙོ་བོ་མིང་དང་དོན་མཐུན་གྱི་ཆང་བཏུངས་ནས་གྲོས་བྱེད་རྒྱུ་ཡིན་ཡང་བཞུགས་གྲལ་དུ་ཤ་མར་ཐུད་གསུམ་ཞིམ་མངར་ཁ་ཟས་ཀྱི་
སྡེར་ཁ་ལེགས་པར་བཤམས་དགོས། ཤིང་འབྲས་དང་བུ་རམ་མམ་རྟེན་འབྲེལ་གྱི་དཀར་གྲོ་ཡང་ཡང་གཏོང་དགོས་པ་མ་ཟད། མཚན་གང་གཅིག་ལ་གྲོ་འབྲས་
རྩམ་གསུམ་ཟས་དང་ཚལ་སྣ་མི་འདྲ་བ་སྒྲིག་པ་བཅས་ཁ་ལག་ཐེངས་གསུམ་གཏོང་བ་དང་ཆང་རག་གི་ཟླ་ཕོར་རྒྱག་སྲོལ་འདུག་ཀྱང་ཨུ་ཚུགས་མི་བྱེད། དེ་ལྟར་
ཡུད་ཙམ་སོང་བ་དང་གཙོ་རྒན་ཉི་མ་རྒྱལ་མཚན་ལོ་ན་ཆེ་བའི་གྲོས་འགོ་མཐུན་པའི་གཏམ་བཤད། ཕུ་ཡི་དཔོན་ཚང་དང་མདའ་ཡི་ཕྱུག་པོ་གཉིས་མཐོན་པོ་ཉི་
ཟླ་ཁ་སྤྲོད། བཙན་པོ་སྟག་གཟིག་གྲ་སྡེབ། ཕྱུག་པོ་བང་མཛོད་ལག་སྤྲོད། རྒྱུ་ནོར་ལོངས་སྤྱོད་ཀུན་འཛོམས་འདྲ་འདྲ་ཡིན་པ། གཉེན་མཉམ་དོ་བསམས་ནས་སློང་།
བློ་མོས་དོ་བསམས་ནས་སྟེར། རྫོང་སྐལ་དང་སློང་རྟེན་སོགས་བར་པས་ཁ་གདའ་ཚིག་གིས་བཅད་ཡོད་པས། གཉེན་ཉེ་ཚང་མར་རྫོང་བསྐལ་མང་ཉུང་། སློང་
རྟེན་ཆེ་ཆུང་སྟོན་མོ་རྒྱས་བསྡུས། སྐྱ་མི་མང་ཉུང་གང་ཐད་ལ་གཏམ་འཇལ་དར་དཀར་རྐྱོང་འདྲ། ཚིག་མཛེས་མེ་ཏོག་བཀྲ་འདྲ་ཤོད་རྒྱུ་ཅི་ཡོད་ཤོད་དགོས་པ།
ཕ་ར་དཔོན་ཕྱོགས་ཀྱི་གྲོང་སྟོད་རྒྱ་གླིང་ནོར་བུ་ན་རེ། དཔོན་པོ་ཕ་ར་ཚང་དེ་སྡེ་བའི་ནང་གི་གྲགས་ཅན་གཙང་ཤོད་སྡེ་ཤོག་དགུ་ཡི་ཡུལ་དཔོན། ཡུལ་ཕ་གཞིས་
ལག་གསུམ་གྱི་བདག་པོ། འབྲོག་ས་རྟ་ནོར་ལུག་གསུམ་གྱིས་ཁེངས། འོག་སྡེ་དཔོན་བཅོ་བརྒྱད་ཀྱི་གྲལ་འགོ། འདྲ་འདྲའི་ནང་གི་ཁྱད་འཕགས་ཡིན་པ། མནའ་མ་
རྫོང་བསྐལ་དེར་དཔོན་ཕྱུག་རབ་ཀྱི་དཔེ་ལ་སྐལ་བ་ནོར་ལུག་བརྒྱ། ས་སྐལ་གཞིས་ལག་གཅིག་གཡོག་བྲན་དང་མཉམ་དུ་སྟེར། སྔོན་ཆིབས་ལ་གསེར་སྒ་སྲབ་རྨེད་
རང་འགྲིག རྒྱབ་འཁྲིད་ལ་དྲེལ་སྨུག་ཆུང་ཇ་རྒྱབ་རང་འགྲིག དར་སྒམ་དང་ཕྲུག་སྒམ་དོ་རྒྱབ་ཆ་འགྲིག བཏགས་གོས་རྒྱན་གསུམ་ལ་གསེར་དངུལ་གཡུ་བྱུར་
རྒྱན་ཆ་ལུས་ལ་ཚང་ལེ། དར་གོས་ཕྲུག་གསུམ་གོས་ལ་རབ་འབྲིང་དགུ་སྐོར་གཟི་བྱུར་མུ་ཏིག་གསུམ་གྱི་སྐེད་ཐག་རིང་ཐུང་གསུམ་སྒྲིག གོས་མཛེས་དབར་དགུན་
དུས་བཞི་ཁྲོམ་ཐོག་འཕེར་ལེ་དགོས་ཚུལ་གཏམ་བཤད་མང་དུ་བགྲང་།
 ཕྱུག་པོ་མཁར་དམར་ཕྱོགས་ཀྱི་གྲོང་དཀྱིལ་བུ་ཨ་གྲགས་ཀྱི་གཏམ་ལན་ལ། མཁར་དམར་ཚང་གི་བུ་མོ་དེ་ཡུལ་ལུང་ནང་གི་མཛེས་མ་གྲགས་ཅན། རྒྱ་མཚོའི་
ནང་གི་ནོར་བུ། ཨ་ཡོད་ནང་གི་ད་ཡོད་ཡིན། ས་ཆ་སྟོད་སྨད་བར་གསུམ་འབྱོར་ཕྱུག་ཁག་གིས་རྒྱུ་ནོར་གྱི་སློང་རྟེན་མང་པོ་འཁུར་ནས་ཡོང་ཡང་མ་སྟེར། དཔོན་
ཕ་ར་ཚང་སྔོན་སྐྱིད་གཏམ་གྱི་སྣང་བ་མཐོ་རྒྱབ་སྐྱིད་ཕ་གཞིས་རྒྱུ་ནོར་ཆེ་བ་ལ་སྟེར་བ་རེད། དཔོན་པོ་ཕ་ར་ཚང་གིས་མནའ་མ་བརྒྱའི་ནང་ནས་བཅུ་བདམས།
བཅུའི་ནང་ནས་གཅིག་སྒྲུག་པ་གཙོ་བོ་མི་ལ་ལྟོས་པ་ཡིན། ཕྱུག་འབྲིང་ཙམ་སྐལ་རྫོང་ལ་གཞི་བཟུང་ནས་ནོར་ལུག་དྲུག་ཅུ་བདུན་ཅུ་གྲངས་ལ་བཞག་ན་བསམ་གྱི་
འདུག་ཟེར་གཏམ་བྱེད་དཔེ་ལ་སྦྱར་ནས་བཤད། དེ་མཚམས་སུ་རོང་སྟོད་མཁས་གྲུབ་ཀྱིས་ནན་ཏན་གྱི་དོན་ལ། ཕྱུག་པོ་མཁར་དམར་ཚང་བང་མཛོད་ནོར་གྱིས་
ཕྱུག ར་བ་ཕྱུགས་ཀྱིས་གང་རང་རྫིགས་རང་བསྟོད་དཔེ་བྱེད་དོན་ལ་རྦུར་ནས་བཤད་པ། ཕྱུག་པོ་རབ་ཀྱི་དཔེ་ལུགས་ལ་རྗ་མོ་སློང་རྟེན་དྲེལ་ཇ་རྒྱབ་རང་འགྲིག
དྲིན་ཆེན་མ་ཡིས་ཆུང་ནས་ནུ་མ་བསྣུན་ནས་བསྐྱངས་པའི་ནུ་རིན་འབྲི་མ་རྗ་རྒྱབ་འགྲོ་དང་ཆེ་ནས་གོས་གཡོགས་པའི་དྲིན་ལ་སྟོད་དརྗས་གཙང་ཕྲུག་རྗབ་རབ་
གཅིག ཟས་གང་ཞིམ་བླངས་ནས་སྟེར་བའི་དྲིན་ཤ་མར་ཐུད་གསུམ་སྡེར་བཤམས་དགོས། རྗ་མོའི་སྐྲ་འཁྲུས་པར་ ཟངས་དཀར་ལུང་བཞི་གཡའ་མེད་གཅིག་དང་
རག་སྐྱོགས་ཆེ་གྲས་གཅིག གཡང་བཞི་གཡང་གི་དཀྱིལ་འཁོར་ལ་འབྲུ་སྣ་ལྔའི་མཆོད་ཆང་། གསེར་དངུལ་གཡུ་བྱུར་རིན་ཆེན་ནོར་སྣ་འཛོམས་ལྷ་ཇ་ལྷ་མར་སྣོད་
བཟང་ཆ་འགྲིག་ཚང་མ་བུ་ཚ་བུ་མོ་རྒྱ་ཁྲོམ་དཀྱིལ་ལ་བསྟན་འཕེན་ཐོགས་ལེ་དགོས། དེས་མ་ཚད་བུ་མོ་ཡུལ་ལུང་ནང་གི་ནོར་བུ་ཡིན་པས་ཡུལ་ལ་གཡང་རྟེན་
དར་དངུལ་དགུ་ཚན་དང་། མ་ལ་འབུལ་ཚན་རྟ་ནོར་ལུག རྒྱ་གྲོང་ཁྲིམ་ལ་སྟོར་རྒྱུ་དངུལ་དཀར་ཊམ་ཀ་སོགས་དགོས་ལུགས་དཔེ་ཕྱེད་དོན་ལ་སྦྱར་ནས་བགྲངས་
སོ། ཁ་རྒྱས་སྲིད་པ་དབང་གྲགས་གཏམ་ལན་བཤད་འདོད་ཀྱང་། རང་ཕྱོགས་ཀྱི་རྒན་རབས་ཨ་ཕོ་རབ་བརྟན་གྱིས་བཤད་མ་བཅུག་པར། བློ་རྩེ་ཕ་ཁུའི་གྲོས་
བློ་ཐག་བར་པས་བཅད་ཟེར་བ་ལྟར་བར་པས་གཏམ་མཇུག་ཐག་གཅོད་བས་ན་ཡག་པ་འདུག་ཟེར། དེས་ན་བར་པ་བློ་ལྡན་ཤེས་རབ་ཀྱིས་ང་ཡི་གཏམ་
མཇུག་བཤད་དགོས་པ་ཡིན་ན་མནའ་མ་རྫོང་བསྐལ་ཐད་དུད་ཀ་ཕན་ཚུན་གཉིས་ཀྱི་ཕ་ཁུ་སྐད་ཆ་བས་ཚར་བས་ཡང་བཤད་རྒྱས་གླེང་མི་བྱེད་པ་ཁ་གཏན་ཡོད།
གཤིས་རྒྱུད་བཟང་ན་ཐམས་ཅད་གཉེན་ལྟར་འདུ་ཟེར་བ་ལྟར། མི་ཕྱུག་པོ་རྒྱུ་ནོར་ཡོད་མེད་ལ་མ་བལྟས། གཙོ་བོ་མི་རྒྱུ་དག་ཡག་པོ་ལ་བལྟས་པ་ཡིན་ཡང་རྟེན་
འབྲེལ་བཀྲ་ཤིས་སྒྲིག་པའི་ཆེད་དུ་བུ་མོ་སྐལ་བ་ཕྱུག་རབ་ཀྱི་དཔེ་ལུགས་ལ་བསྟུན་དགོས། གཡང་གི་ར་བ་སྒོ་བཞིར་གྲགས་པའི་རྟ་ནོར་ལུག ར་སྲོག་སྣ་བཞི་
འཛོམས་པ་རྐང་འགྲོ་ནོར་ལུག་བརྒྱ། ས་ཞིང་རྨོ་མཛོ་གཅིག སོན་ཁལ་གསུམ། བུ་མོ་ཚེ་གང་སྟེར་རྒྱུ་དེའི་ནང་དུ་ནོར་ཕྱུགས་རྐང་གྲངས་བཞི་ཅུ། འབྲི་གཡག་ཤད་
གསུམ་སྣ་གྲངས་ཚང་ལེ་གཡག་ཅོག་དང་ཡར་རུ་བེའུ་རྒྱབ་འགྲོ་ཡོད་པ། ར་ལུག་གཉིས་དེར་རྐང་གྲངས་དྲུག་ཅུ། ར་གྲངས་ར་ལུག་གི་གསུམ་ཆ་གཅིག་ཟིན་པ།
གཡང་དཀར་ལུག་ལ་སྙི་ཕྲུག་ཐོང་གསུམ་སྣ་འཛོམས་དང་། ཚེར་ལ་མ་བུ་ལུ་གུ་རྒྱབ་འགྲོ། ཚེ་ཚེ་ར་ལ་ར་ཕོ་ར་ཤབ་ཁ་ཚང་དང་། ར་མ་ར་ཚིར་ར་ཅོག་རེའུ་མ་བུ་
རྒྱབ་འགྲོ་བཏགས་གོས། རྒྱན་གསུམ་ཕྱུག་རབ་ཀྱི་དཔེ་ལུགས་མཚོན་པ། མགོ་གཡུ་བྱུར་གྱི་མཉམ་བརྒྱན་ལུས་སྣ་བརྒྱན་གསེར་དངུལ་ཁྲ་མ། རྐེད་པར་བཏགས་
རྒྱུ་གསེར་དངུལ་ཕྲ་མ་ཡི་ཁབ་ཤུབས་གློ་ཤུབས། གྲི་ལུགས་རེ་ཤུབས་བཅས་ཚང་མ་ཆེ་ཆུང་རབ་འབྲིང་གཉིས། གཟི་བྱུར་སྐེད་ཐག་རིང་ཐུང་གཉིས། མཛེས་གོས་
སྲམ་སློག་དང་ཕུ་ཡོད་ཕྱུ་པ་རབ་འབྲིང་ཆ་ཚང་གསུམ་རེ་དང་། བར་ཆས་ཐེར་མ་འགོ་སྣམ་སྤུ་ཕྲུག་གོས་སྣ་དགུ་སྐོར་སོགས་གོང་བཤད་ཚང་མར་མཛེས་མོ་ཁྲོམ་
ཐོག་ངོམས་འཕེར་ཐོག་པ་རྫོང་རྒྱུ། སྟོན་མོ་ཆེ་ཆུང་དང་ཆིབས་མི་མང་ཉུང་སྐོར་ལ་རྒན་རབས་རྣམས་ཀྱིས་མཉམ་དུ་གྲོས་ཐག་གཅོད་པ་ནི་ཕྱུག་རབ་ཀྱི་དཔེ་
ལུགས་དང་མཐུན་པ་སྟོན་མོ་ཆེ་རྒྱས་གཏོང་རྒྱུ། དར་གྲལ་སྒྲིག་རྒྱུ་དང་གཏམ་བཤད་བཅས་དཔེ་ལུཊ་ཆ་ཚང་བ་རྒྱུ། ཆིབས་མི་བཅོ་ལྔའི་གྲས་ལ་གཉེན་ཨ་ཞང་
བདུན། བསུ་མི་གཉིས་ཚུད་པ། བུ་མོ་བག་རོཊ་གཉིས། བར་པ་དང་མིང་པོ་གཉིས། བག་རྟ་འཁྲིད་མི་གཉིས། དར་འཕར་མཁན་མི་གཅིག དུང་འབུད་མཁན་མི་
གཅིག་བཅས་གཏན་འཁེལ་བྱེད་པ། བར་པས་ཐག་བཅད་པར་དུད་ཀ་གཉིས་ཀྱི་འགོ་གཙོ་ཨ་ཁུ་ཕུན་ཚོཊ་ནོར་རྒྱས་དང་། མིང་པོ་བློ་བཟང་ཕུན་ཚོཊ་རྣམ་གཉིས་
ཀྱིས་ཁ་གདན་ཚིག་ལ་གནས་རྒྱུ་དང་། སྐལ་རྫོང་དང་སློང་རྟེན་སོཊ་ཅི་དགོས་གང་ལེགས་བྱེད་རྒྱུའི་རྣམ་འགྱུར་བསྟན་ནས་མཇུག་འགྲིལ། མཚན་གང་གཅིག་ལ་
གྲོས་ཆང་འཐུང་ཞིང་ནམ་ལངས་པ་དང་གྲོས་མཐུན་ཐག་གཅོད་བྱུང་ནས་སོ་སོར་གྱེས།
 བཞི་པ། དེ་ནས་དགུན་གྱི་དུས་བོད་ཟླ་བཅུ་གཅིག་ནང་གཟའ་སྐར་འཕྲོད་སྦྱོར་བཟང་བའི་དུས་ལ་ཡུལ་དཔོན་ཕ་ར་ཚང་མནའ་མ་བསུ་མཁན་རྣམས་འགྲོ་
བའི་གྲབས་ཆས་སྒྲིག བསུ་མི་ཨ་ཞང་བསམ་པའི་དོན་གྲུབ་བཅས་མི་གཉིས་ཀྱི་ལུས་ལ་འབུ་རས་དཀར་དམར་གྱི་སྟོད་ཐུང་དང་སྨད་ཐུང་གྱོན། སྟེང་ལ་གོས་ཆེན་
གསེར་ཊམ་ཅན་གྱི་ཁེ་འཇག་གྱོན། འཇམ་པོ་ལུག་ཆུང་ཚ་རའི་སློག་པ་ཐོག་སྲམ་དགུ་སྒང་པགས་པའི་མཐའ་རྒྱན་བརྒྱབ་པའི་ཐོག་ལ་གོས་ཆེན་རྒྱ་སེར་ཆུ་རིས་
ཅན་གྱི་ཕྱུ་པ་གྱོན། རྐང་ལ་འཇའ་ཆེན་སྤྲིན་འུར་ཁམས་པའི་ལྷམ་ཆུང་གྱོན། མགོ་ལ་གྲ་བཟང་ཝ་ཞྭ་གྱོན། གཉེན་རོགས་ཨ་པོ་བཀྲ་ཤིས་དོན་གྲུབ་དེ་ཡང་ལུས་ལ་
འབུ་རས་དཀར་པོའི་ཕྱུ་པ་གྱོན། རྐང་ལ་ཤོལ་ཙེ་འཇའ་ཅན་གྱོན། མགོ་ལ་ཕྱིང་ཞྭ་དར་སྐུད་དམར་པོ་ཚོན་ལོ་ཅན་གྱོན། ལག་ཏུ་ཕྱོགས་སྲུང་འཁོར་ལོ་ཡི་མདའ་
དར་རེ་འཁུར། རོགས་པ་ཨ་ཕོ་ཕུན་ཚོགས་ཀྱིས། མཛེས་གོས་ལུས་ལ་གྱོན་ཐོག ཕྱིང་གོས་དཀར་པོ་ཁྱི་རྣ་རིས་མོ་ཅན་གྱོན། མགོ་ལ་བལ་ཞྭ་དཀར་པོ་སྤྲིན་ལྟར་
གོན། ལག་ཏུ་འབུ་དུང་དཀར་པོ་རྒྱང་གྲགས་ཁྱེར། བར་པ་བློ་ལྡན་ཤེས་རབ་ཀྱང་མཛེས་རྒྱན་ལུས་ལ་ཚང་བར་བས། མནའ་མ་ལ་མཁོ་བའི་བཀྲ་ཤིས་པའི་མདའ་
དར་ཁ་དོག་སྣ་ལྔ་འཛོམས་པ། དོན་གྲུབ་པའི་བག་གོས་འབུ་རས་དཀར་པོའི་ཕྱི་གོས། ཕུན་སུམ་ཚོགས་པའི་འབུ་རས་དམར་པོའི་ཁ་དཀྲིས། གཞན་ཡང་མ་ཕྲུག་
དང་སྐྲ་བཟང་སྐྲ་སྐྱོགས་སོགས་དགོས་པ་ཐམས་ཅད་འཁྱེར། བར་པ་དང་བཅས་བསུ་མི་ལྔ་ཡི་མགྱོགས་པའི་རྟ་ལ་མཛེས་པའི་སྒ་སྲབ་ཚང་བར་བས་ཏེ་བཞོན་
ནས་ལུང་པའི་མདའ་ལ་ཆས་སོ།
 དུས་དེ་ཙམ་ན་མདའ་ཡི་ཕྱུག་པོ་མཁར་དམར་ཚང་གི་བུ་མོ་བག་མར་རྫོང་རྒྱུའི་གྲ་སྒྲིག་ལེགས་པར་བས། སྔོན་རྗ་མོ་མགོ་བསྐོར་ནས་ཨ་ཉི་ནང་དུ་གྲོགས་མོ་
གཏོང་ག་ཟ་འཐུང་བྱེད་པར་བཏང་། དེ་རྗེས་ཕ་ཁུ་མ་སྲུ་དགའ་གཉེན་གྲོགས་གྲོགས་གསུམ་དང་། ཉེ་ཡུལ་གྱི་གྲོང་པ་ཁྱིམ་མཚེས་ཐམས་ཅད་འཛོམས། དེ་ཉིན་
དགོང་མོ་བ་ཡི་དུས་མཚམས་སུ་མནའ་མ་བསུ་མཁན་རྣམས་སྒོ་ལ་འབྱོར་བ་དང་། སྒོ་འགྲམ་ན་སྒུག་མཁན་བུ་ཚ་བུ་མོ་རྣམས་ཀྱིས་རྟ་ཁ་ལེན། ཆབས་ཅིག་ཁྱིམ་
དུ་གདན་འདྲེན་ཞུས་ནས་མགྲོན་ཁང་དུ་བཞུགས་སོ།
ལྷོ་ཁ་ཨོ་རྒྱན་བསྟན་དར་དང་། གླང་འདུལ་བསོད་ནམས་དོན་གྲུབ་གཉིས་ཀྱིས་བཤད། བསྟན་འཛིན་གྱིས་བསྡུ་སྒྲིག་བས།
  དེ་ནས་མཚན་གང་སྐྱེལ་བསུ་ཡི་ཉེ་དུ་དང་བར་པ་སྐྱེལ་རོགས་ཀྱི་སྐུ་འཁོར་ཐག་རིང་ནས་འོང་པའི་གཉེན་གྲོགས་ཁ་དར་བཏགས་མཁན་ཚང་མར་གསོལ་
ཚིགས་རྒྱས་པ་ཐེངས་གསུམ་གཏོང་གི་ཡོད་པ། རྒྱ་ཟས་ལེའུ་བཅོ་བརྒྱད་བོད་ཟས་སྡེར་ཁ་དགུ་སྒྲིག་ཅེས་པ་ནི་རྒྱ་ཟས་ལ་བཅུད་ལྡན་ཚག་ཤ། ལུག་ཤ། ཉ་ཤ་གསུམ།
ཞིམ་མངར་བ་ཕག་སྒོང་གསུམ། རོ་ལྡན་ཕན་ཐོ་སྲན་མྱུག འབུ་སྲིན་གསུམ། དྲི་ཞིམ་བེ་ཤ་གསེར་ཤ། བེ་སྣབས་གསུམ་སྐད་གྲགས་ཅན་ལ་རྡོ་ཀོག་དང་། གྲང་ཚལ་
སྣ་མང་བོད་ཟས་ལ་ཞིམ་མངར། ཤ་ཐུད་མར་གསུམ། བཅུད་ལྡན་གྲོ་མ་འབྲས་སིལ་ཞོ་དང་གསུམ། སྦྲང་རྩི་བུ་རམ་དཀར་གྲོ་ཤིང་འབྲས་གསུམ་སོགས་ཞལ་ལག་
གི་སྔ་རྟིང་གཉིས་ལ་དཀར་གྲོ་དང་ཁ་ཏོག་ཡང་ཡང་བཀྱག་ཤིང་། དཀར་གྲོ་རེ་རེའི་གཏོང་བའི་མཚམས་སུ་ཆང་རག་དང་མར་ཁུ་ཟླ་ཕོར་རྒྱག་གི་ཡོད། ཞལ་ལག་གྲུབ་ཚར་རྗེས་བསུ་མཁན་རྣམ་གཉིས་ཀྱིས་མ་ཕྲུག་དང་། སྐྲ་ཟངས། སྐྲ་སྐྱོགས། ཇ་ཁུག མར་ཁུག ལྷ་ཇ་ལྷ་མར་སྣོད་སྐྱིན་པ་སོགས་ཁྲོམ་ཚོགས་དང་བུ་ཚ་བུ་མོ་ལ
་ངོ་བསྟན་བྱེད། དངོས་ཟོག་ཕལ་ཆེ་བ་སྤུས་ལེགས་ཡིན་པས་མགུ་པར་བས། དེའི་ནང་དུ་སྐྱིན་པ་ཪྙིང་པ་ཡིན་ཁར་མ་མགུ་རྣམ་འགྱུར་སྟོན་མི་གཅིག་གིས་བུ་མོ་ལ་
སྐྱིན་པ་འདི་ཪྙིང་པ་རེད་ཞག་ཟེར་སྐབས། ལན་དུ་ཚང་མ་ཪྙིང་རུལ་རེད་དེར་མི་ལོག་ཟེར་འབོད་སྒྲ་སྒྲོག མ་ལ་སྐྱིན་རུལ་མོ་དགོས་སྣོད་རུལ་དེ་བསུ་མི་གཉིས་ཀྱི་
མགོ་ལ་བསྐོན་ནས་འཁྲིད་དགོས་ཟེར། ལ་ལས་དཔོན་ཕ་ར་ཚང་ནི་ས་སྲིད་པ་དང་མཉམ་ཆགས་ཡིན་ཟེར་བར་གྲགས། སྐྱིན་པ་འདི་ཡང་ཪྙིང་པ་ལོ་སྟོང་ཕྲག་
ཟིན་ཚུལ་བཤད། ལ་ལས་བར་པ་དེར་དབྱུག་པས་རྡུང་ཡག་བྱེད་དགོས་ཟེར། མཐའ་མ་བུ་ཚ་བུ་མོ་གཡོག་བྲན་གྲས་ནས་མི་རྒན་གཅིག་གཉིས་ཡོང་ནས་སྐྱིན་པ་
དེ་ཪྙིང་པ་ཡིན་ཡང་ཪྙིང་པ་མི་དང་དོན་ལ་འགྱུར་ལྡོག་མེད་པ་རྟེན་འབྲེལ་འགྲིག་ཟེར་ནས་ཡར་འཁྱེར། མཚན་གང་བར་མཚམས་རིང་ལ་བསུ་མཁན་ཨ་ཞང་
རྣམས་ཀྱིས་གཉེན་གཏམ་བར་མཚམས་མེད་པ་ཡང་ཡང་བཤད་དགོས་པ། གཉེན་བཤད་གཏོང་མཁན་གྱིས་གཉེན་སྟོན་བ་ཡུལ་ལ་བསྟུན་ནས་རི་ཆུ་ནགས་
སོགས་ཀུན་ལ་དཔེ་བཞག་ནས་བསྟོད་སྨད་ཀྱི་གཏམ་བཤད་པ་ཡོད་ཀྱང་། བསུ་མི་ཨ་ཞང་རྣམ་པ་གཏམ་མ་བཤད་པ་བུ་ཚ་བུ་མོ་ཁག་ཅིག་མ་མགུ་བར་གྲལ་རྒྱབ་
ནས་ཨ་ཞང་ཕག་མགོ་བ་རྐང་སྤྲེལ་ལག་བཅས་མིང་འདོགས་རྒྱབ། གཏམ་བཤད་མ་ཤེས་མཁན་ཚོར་ཤ་ཁོག་གྲལ་འདུག ལྐུགས་པ་ཆུ་འཐུང་འདྲ་བ་ཟེར་
འབོད་ནས་གཏམ་མ་བཤད་པ་དང་། ཟས་ལ་ཁ་རྩི་རྒྱག་མ་ཤེས་པ་རྫིག་མདོག་བྱེད་མཁན་ལ་ཆད་པ་བཅད་ལྟར་ཆང་རག་གི་ཟླ་ཕོར་མང་བར་རྒྱག ཆང་རག་
དང་མར་ཁུ་བཅས་ཟླ་ཕོར་འཐུང་མ་ཐུབ་པར་ཐིགས་པ་ཟགས་ན་ཐིག་ཆང་ཞེས་ཡང་སྐོར་སྣོན་འཕར་ཕོར་ཡང་གང་འཐུང་དགོས། འཐུང་མ་ཐུབ་ན་ཨུ་ཚུགས་
ཀྱིས་ཁ་ནང་དང་མགོ་ཐོག་ལ་བླུགས་ཀྱི་ཡོད་པ་རེད། དེ་ནས་བསུ་སྐྱེལ་གཉེན་ཞང་སྟོན་གྲལ་གདན་ཐོབ་ལྟར་འཁོད་པར་རིམ་པར་བས་ཏེ་ཁ་དར་བཏགས།
དུས་མཚུངས་དངོས་རིགས་རྣམས་བབས་བསྟུན་སྤྲོད་པ་སོགས་བྱེད། མཚན་གང་ཉལ་མཁན་མེད་ལ་ཁང་པའི་སྟེང་འོག་བར་གསུམ་གཉེན་ཞང་གི་གཏམ་
བཤད་པ་དང་བུ་ཚ་བུ་མོ་ཚོས་འབོད་ཤགས་རྒྱག་པ། གཞོན་ནུ་ཚོས་བྲོ་གཞས་འཆམ་པས་ཁྲོམ་ཚོགས་ཀྱང་རྒྱ་མཚོ་རྒྱས་འདྲ་གླུ་གཞས་ཀྱི་རྦ་རླབས་འཕྱུར། ཞིམ་
མངར་ཟས་དང་ཇ་ཆང་ཅི་དགར་ལོངས་སུ་སྤྱོད་བཞིན་བྲོ་གཞས་འཁྲབ་ནས་ནམ་གསལ་ཉི་མ་གཏུགས། སྐབས་དེར་གཟིམ་སྦུབས་སུ་མ་སྲུ་མོ་རྣམས་ཀྱིས་བུ་མོ་
ལ་ཁ་ཏ་བསླབ་བ་བྱེད། གྲོགས་མོ་བློ་མཐུན་པ་འགའ་ཤས་ཀྱིས་བག་མ་འབུལ་རྫོང་ཟེར་བ་དངོས་པོ་ལག་རྟགས་སྤྲད། གཡོག་མོས་མཛེས་རྒྱན་མཛེས་གོས་བུ་མོའི་
ལུས་ལ་སྤྲས་དུས་མེ་ཏོག་བཀྲ་མགོ་ལྕི་བ་ལུས་བེར་བ་ཞིག་ཚོར་ནས་སེམས་སུ་འཁོར་བའི་སྙན་ཚིག་འདི་ལྟར་སྣང་།

དུས་ལ་བབ་པའི་བག་འགྲོ་གཞན་དབང་ཅན།
མི་འགྲོ་ཟེར་རུང་སྡོད་མཁན་བུ་མོ་མེད།
རེ་དགོས་མང་ཡང་འགྲོ་རྒྱུ་ཁོ་ན་རེད།
དཔོན་པོ་ཁྱིམ་དུ་མནའ་མ་སླེབས་པ་སྤྲོ།
ཡུན་རིང་བམས་སྐྱོང་ཕ་མ་བྲལ་བ་སྐྱོ།
སྤྲོ་སྐྱོ་ཟུང་འབྲེལ་བསམ་གཏན་སྒོམ་པ་དཀའ།
མི་ཡུལ་ས་ལ་འགྲོ་བ་བསམ་པ་སྡུག
བཟའ་ཚང་སྐྱིད་སྡུག་མཉམ་འཁུར་བསམ་པ་སྡུག
བཟའ་ཚང་སྐྱིད་སྡུག་མཉམ་འཁུར་སེམས་པ་སྐྱིད།
སྐྱིད་སྡུག་ལ་ཐུར་བུ་མོའི་སེམས་པ་འཆལ།
འབྱོར་དཔོན་ཁྱིམ་དུ་ཆུང་མ་བྱེད་པ་སླ།
ཕ་ཁུ་མ་སྲུ་ངོ་བསྲུང་སོ་ཚིས་དཀའ།
དཀའ་སླ་མགོ་འབྲེལ་བུ་མོ་རིག་པ་བླུན།
སྤྱི་ཡི་ཆོས་ཉིད་བག་མ་དགའ་ཞེས་བྲེལ།
ངོ་ཚ་དགོས་ཀྱིས་སྡུག་མདོག་གོམས་བགྲོད་དལ།
བྲེལ་དལ་མཉམ་སྡེབ་བུ་མོ་བ་སྤྱོད་ལྐུགས།
བག་མ་འཛུམ་མདང་དགའ་སྟོན་ཡ་མཚན་བསུ།
མནའ་མ་སྡུག་སྟེར་བྲན་དུ་བཀོལ་པ་མཚར།
མཚར་མོ་ལས་རྣམས་འདོད་ཐོག་འཁེལ་བ་དཀོན།
ཚེ་གཅིག་ལུས་གཅིག་ཁྱིམ་ཐབ་སེམས་པ་སྒྲིལ།
མཐོང་མྱོང་མེད་པའི་གྲོགས་དེར་བསམ་བློ་ལྷོད།
སྒྲིལ་ལྷོད་སྐུད་པར་འཁེལ་མིན་གཏམ་ཪྙོག་སྐྱུར།
ཆགས་ཐོགས་བསམ་བློ་དོར་ཏེ་ཐབས་མཁས་བྱེད།
དགའ་འཛུམ་གཏམ་སྨྲས་བྱུང་ན་འཕ་སྨོད་ཡོང་།
ཅི་ཡང་མ་ཤེས་བྱིས་པའི་ངང་ཚུལ་བསྟན།
གང་བཤད་ཁ་ལ་ཉན་ནས་འགྲོ་སྡོད་གཟབ།
འཚེར་མདོག་ཁ་པོས་མགོ་སྨད་བསྡད་ན་ཡག
སྙམ་བཞིན་བག་ཆུགས་བཟུང་ནས་བསྡད།

 དེ་ཡང་ལྷ་བ་དེ་ཕོ་ནམ་ཚོད་བཟུང་ཉི་མ་རི་རྩེར་ཤར་བ་ནས་བུ་མོ་ཕེབས་གྲབས་བྱེད་པས་གཉེན་ཞང་རྣམས་བྲེལ་ནས་མགྱོགས་པར་རྟ་ལ་མཛེས་པའི་སྒ་
སྲབ་ཚང་བ་དང་། མཛེས་གོས་བརྒྱན་གྱི་གཟབ་སྦྱོར་སྤྲས། གཉེན་འཁོར་གཡོག་ཚང་མ་བྲེལ་བའི་སྐབས་སུ་བུ་མོ་མེ་ཏོག་བཀྲ་དེར་ལུས་ལ་དར་ཕྲུག་དམཱར་སེར་
སྨུག་གསུམ་གྱི་སྟོད་ཐུང་གྱོན། འབུ་རས་དཀར་དམར་གཉིས་ཀྱི་སྨད་གཡོག་དང་འཇམ་པ་ལུག་ཆུང་ཚ་རུའི་སློག་པ་སྲམ་བརྒྱན་གྱོན་པའི་ཐོག་སྣམ་བུ་རྒུན་
འབྲུམ་མདོག་ཅན་གྱི་ཕྱུ་པ་གྱོན། སྐེད་ལ་གོས་ཆེན་དམར་པོའི་སྐ་རགས། པང་གདན་དར་སྐུད་འཇའ་ཚོན་དགུ་སྒྲིག་མཛེས་ཤིང་བཀྲ་བ་བཅིངས། མགོ་ཡི་སྐྲ་
བརྒྱན་ལ་གཡུ་རྐྱང་ནམ་མཁའ་འོད་ལྡན་དེར་གཡུ་དྲུག་དཀར་དམར་བཅུ་གཉིས་ཀྱི་དཀྱིལ་དུ་བྱུ་རུ་དམར་པོ་ལྡན། མདུན་སྣ་ས་མཐོ་བའི་རྟེན་འབྲེལ་ལ་མདུན་
སྐྲ་ལ་སྤོས་ཤེལ་གྱི་ནོར་བུ་དགའ་འཁྱིལ་དང་མུ་ཏིག་གི་རྒྱན་ཚོམ་འོད་འཚེར་འཚེར་བཏགས། མ་སྲུ་མཉམ་འཛོམས་མཛེས་རྟགས་ལ། རྣ་གཤོག་གསེར་གྱི་རྣ་ལུང་
བྱི་སྒམ་གསུམ་བརྩེགས་བཏགས། བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལ་སྐེད་ལ་གཟི་བྱུར་སྐེད་ཐག་གསུམ་སྒྲིག་གི་ཕྲེང་བ་སྐོར་བའི་དཀྱིལ་དུ་གསེར་གྱི་
གའུ་རྡོབཅལ་མ་གཡུ་ཕྲ་འོད་ཚོམ་ཞིག་བཏགས། ལག་གཡས་ལ་གསེར་གདུབ་གྱོན་གཡོན་ལ་དངུལ་གདུབ་གྱོན། སྐེད་པ་ལ་དངུལ་གྱི་ཆབ་མ་གསེར་མ་ཐོང་ལྔ་
སྒྲིག དཀྱིལ་ལ་གཡུ་བྱུར་དང་མུ་ཏིག་མུ་མེན། རྨོ་ར་ག་སྤོས་ཤེལ་སོགས་རིན་པོ་ཆེ་སྣ་འཛོམས་ཕྲ་རྒྱན་ཅན་བཅིངས། གཡས་སུ་དངུལ་གྱི་ཁབ་ཤུབས་གསེར་
མཐོང་ཅན་དྲུག་ལེ་བཏགས། གཡོན་དུ་དངུལ་གྱི་གློ་ཁུག་གསེར་མཐོང་ཅན་དྲུག་ལེ་བཏགས། གཡས་ཟུར་དུ་དངུལ་གྱི་གྲི་ལུང་གསེར་ཚགས་ཅན་ལྔ་ལེ་བཏགས།
གཡོན་ཟུར་དུ་དངུལ་གྱི་སྤན་ཤུབས་གསེར་ཚག་ཅན་ལྔ་སླས་བཏགས། རྐང་ལ་འཇའ་ཚོན་བཀྲ་འདྲའི་འབའ་ལྷམ་གྱོན། དར་གོས་ལ་སོགས་འདྲ་མིན་གོས་སྣ་
བཅོ་བརྒྱད་ཚང་ཞིང་རྨ་བྱ་ས་ལ་བབས་འདྲ། སྒྲོ་གདོང་གཞན་ལ་ངོམས་འདྲ་བས་སོང་།
 བག་རོགས་དེ་ཡང་བུ་མོ་དང་ཕལ་ཆེར་འདྲ་བ་བས་ནས་གདོང་ལ་ཁ་དཀྲིས་དམར་པོ་བཀབ་བཞིན་ལག་ནས་བཟུང་ཏེ་བུ་མོ་ཁང་སྦུབས་ནས་སྒོ་རའི་
དཀྱིལ་ལ་འཁྲིད། སྒོ་རྭའི་ནང་མ་སྲུ་དང་སྤུན་མཆེད་གྲོགས་མོ་ཚང་མ་ཡོང་ནས་ཕྱེ་མར་བཀྱག་ཤིང་བཀྲ་ཤིས་བདེ་ལེགས་སྨོན་ལམ་ཡང་ཡང་བཏབ། ཡུལ་གོམ་
གཤིས་ལུགས་ལྟར་བག་གོས་དང་། བག་ཞྭ། མདའ་དར་གསུམ་མནའ་མ་ལེན་མཁན་གནས་ཚང་གི་བསུ་མི་ཡོང་མཁན་གཉེན་ཞང་གི་འཁུར་ཡོང་། གཉེན་སྟོན་
རྒྱས་པ་བས་ན་གཡང་བཞིའི་མདུན་ཚང་མ་འཛོམས་ནས་བསུ་ཞང་གི་ཞྭ་བཤད། གོས་བཤད། མདའ་བཤད་བས་ནས། ཞྭ་གོས་མདའ་གསུམ་བག་མའི་སྐུ་ལ་
གསོལ་དགོས་ཀྱི་ཡོད། འབྲིང་ཙམ་བས་ན་ཕེབས་ཁར་སྒོ་རྭར་མདའ་དར་བཙུགས། ཕྱེ་མར་བཀྱག་ན་འཐུས། ལ་ལ་བསྡུས་ན་བསུ་མི་ཡོང་དུས་ཁང་སྦུབས་ལ་
ཕྱིན་ནས་བུ་མོ་ལ་ཞྭ་གོས་མདའ་གསུམ་ཕུལ་ན་འགྲིག
ལྷོ་ཁ་ཨོ་རྒྱན་བསྟན་དར་དང་། གླང་འདུལ་བསོད་ནམས་དོན་གྲུབ་གཉིས་ཀྱིས་བཤད། བསྟན་འཛིན་གྱིས་བསྡུ་སྒྲིག་བས།
  ཐེངས་འདིར་སྟོན་འབྲིང་ལ་གཞིགས་ནས་སྒོ་རྭའི་ནང་ཕྱེ་མར་བཀྱག་པ་བཅས་ལ་རྟེན་འབྲེལ་བྱེད་སྒོ་སྤེལ། ཁ་རྒྱུན་ལ་བུ་མོ་འགྲོ་ས་ལ་མདུན་གྱི་གནས་ཚང་
ཟེར། གཉེན་སྟོན་ཆེ་ཚང་དང་བུ་མོ་གཏོང་མཁན་ལ་རྒྱབ་ཀྱི་ཕ་ཚང་ཟེར། གཉེན་སྟོན་ཆུང་བ་ཡིན་ཡང་འདི་ཐོག་མདའ་དར་བཤད་པ་ཙམ་ལ་ཞྭ་གོས་བཅས་
རྒྱས་བཤད་མི་བྱེད། དེང་སྐབས་བསུ་བར་ཡོང་མཁན་གཉེན་ཞང་ཚང་མར་བརྒྱན་གོས་གཟབ་མཆོར་སྤྲས་ནས་མར་ཁྲོམ་ཐོག་ལ་ཡོང་། ཨ་ཞང་ཉི་མ་ཚེ་རིང་གིས་
ཞྭ་གོས་གཉིས་བུ་མོའི་སྐུ་ལ་གསོལ། ལག་ཏུ་མདའ་དར་ཕྱེ་མར་འཁྱེར་ནས་མདའ་བཤད་རྟེན་འབྲེལ་གཡང་འགུགས་བཤད་པ།


དེ་རིང་བཀྲ་ཤིས་ཉི་མ་ལ།
གནམ་ལ་ཉི་ཟླ་སྐར་གསུམ་བཟང་།
ས་ལ་ལོ་ཏོག་འབྲུ་བཅུད་བཟང་།
བར་ལ་གཟའ་སྐར་ཚེས་གསུམ་བཟང་།
བཟང་གསུམ་རྟེན་འབྲེལ་དེ་རིང་འགྲིག
ད་ངས་གཅིག་ཤོད་དོ་ཟེར་ན།
ཕྱེ་མར་མདའ་དར་རྟེན་འབྲེལ་དེ།
རྒྱ་བཟའ་བལ་བཟའ་དུས་ནས་འབྱུང་།
དགའ་སྤྲོ་རྟེན་འབྲེལ་བཟང་བའི་རྟགས།
དེ་གཅིག་བཤད་དོ་ཟེར་ན།
བག་གོས་གཡུང་དྲུང་རང་འབྱུང་དེ།
ལུག་གཡང་དཀར་བརྒྱ་ཡི་བལ་ཕུད།
མ་སྲུ་བརྒྱ་ཡི་ལག་ཕུད།
སྨན་བུ་མོ་བརྒྱ་ཡི་འཐག་པར།
གོས་རྒྱབ་ལ་སྙུག་དམར་ཚིགས་གསུམ།
མདའ་དར་བཙུགས་ལེ་དེ།
སྨན་བུ་མོ་ཁོང་ལ་དྲང་གསུམ་ཚང་།
གཟུགས་དྲང་པོ་ཙ་རིའི་སྨྱུག་མ་འདྲ།
སེམས་དྲང་པོ་ཡ་རབས་ཀུན་སྤྱོད་བཟང་བ།
ཚིག་དྲང་པོ་གཞན་ཕན་བསླབ་བ་བས།
མདའ་རྩེ་ལ་སྒྲོ་གཅིག་སྒྲོན་ལེ་དེ།
ལྷ་དཀོན་མཆོག་དབུ་འཕངས་མཐོ་བའི་རྟགས།
དར་ཚོན་སྣ་ལྔ་ཡི་བརྒྱན་ལེ་དེ།
དེ་སྔོན་པོ་ནམ་མཁའ་ཀུན་ཁྱབ་འདྲ།
ཅི་བྱེད་ལས་དོན་བཀྲ་ཤིས་ཀུན་ཁྱབ་ཡིན།
དར་དཀར་པོ་སྤྲིན་ཚོགས་ལྷུན་གྱིས་གྲུབ།
ག་འགྲོའི་ས་ལ་བསམ་དོན་ལྷུན་གྱིས་གྲུབ།
དར་དམར་པོ་འཇའ་ཚོན་མཛེས་སྡུག་ཅན།
སྨན་བུ་མོ་རྒས་མེད་ལང་ཚོ་ལྡན།
དར་སེར་པོ་ས་གཞི་ཁ་རྒྱ་ཆེ།
ཕྱུག་རྒྱུ་ནོར་ལོངས་སྤྱོད་རྒྱ་ཆེར་རྒྱས།
དར་སྔོ་ལྗང་རྒྱ་མཚོ་གཏིང་ཟབ་འདྲ།
འདོད་རྒུ་གཏིང་ཟབ་ཕུན་སུམ་ཚོགས།
མདའ་ལ་མེ་ལོང་གཅིག་བརྒྱན་ལེ་དེ།
བློ་གྲོས་རིག་པ་གསལ་བའི་ཡོན་ཏན་ཡིན།
ལོ་འཁོར་བཅུ་གཉིས་བརྒྱན་ལེ་དེ།
འབྱུང་ལྔ་ས་བཅུ་དགྲ་རྣམས་འགོག
ནོར་གཡུ་བྱུར་འགྲོན་བུ་བརྒྱན་ལེ་དེ།
འདོད་རྒུ་རིན་ཆེན་འཛོམས་པའི་རྟགས།
དངུལ་ཊམ་དཀར་སྟོང་རྩི་བརྒྱན་ལེ་དེ།
རྒྱུ་དངུལ་ཕུན་སུམ་ཚོགས་པའི་རྟགས།
ཁྲབ་ཡར་འཛག་གཅིག་བཏགས་ལེ་དེ།
སྲོག་ལྕགས་སྲབ་བཞིན་དུ་སྲ་བའི་རྟགས།
ཕྱེ་མར་མདའ་དར་མཉམ་དུ་བཀྱག
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
དང་པོ་མདའ་དར་མགོ་ལ་གཡུག
མགོ་སྣ་ས་དབུ་འཕངས་མཐོ་བ་ཤོག
དར་ཕྲག་པ་གཡས་ལ་གཡུག
ཕ་ཁུ་དབུ་འཕངས་དགུང་ལ་མཐོ།
མདའ་དར་ཕྲག་པ་གཡོན་དུ་གཡུག
མ་སྲུ་བསམ་དོན་ཡིད་བཞིན་གྲུབ།
མདའ་དར་ལུས་ཀྱི་མདུན་ལ་གཡུག
མདུན་གནས་ཚང་གཏན་འདུན་འགྲུབ་པ་ཤོག
མདའ་དར་རྒྱབ་ལ་བཙུགས་ལེ་དེ།

རྒྱབ་གཏན་བྲག་ལྟར་བརྟན་པར་ཤོ
བག་གོས་ལྭ་བ་དཀར་པོ་དེར།
བག་ཞྭ་སོག་ཞྭ་མེ་ཏོག་བཞད།
མདའ་དར་རིན་ཆེན་དར་གྱིས་བརྒྱན།
མག་ཞྭ་བག་གོས་མདའ་དར་གསུམ།
དགོས་འདོད་གཡང་གི་ནོར་བུ་རེད།
གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས།
གཟའ་སྐར་མང་པོའི་ཆོགས་ཀྱིས་བསྐོར།
ས་ལ་བཀྲ་ཤིས་འབྱུང་བ་ལྔ།
མེ་ཆུ་ས་རླུང་ཆོགས་ཀྱིས་བསྐོར།
བར་ལ་བཀྲ་ཤིས་བག་མ་བསྐྱལ།
གཉེན་ཞང་མ་སྲུ་ཆོགས་ཀྱིས་བསྐོར།
བཀྲ་ཤིས་ནམ་མཁའ་ཁེངས་པ་ཤོག
སྨོན་ལམ་ཅི་བཏབ་འགྲུབ་པ་ཤོག


ཞུ་རྒྱུ་ཡིན་ལགས། གཏམ་བཤད་ཚར་རྗེས་ཚང་མར་དགའ་འབོད་སྒྲོག་བུ་མོ་དང་གཉེན་ཞང་རྣམས་བྲེལ་བྲེལ་སྒོ་ཐེམ་འགམ་བཞིན་སྒོ་ཕྱིར་ཐོན། གཉེན་འཁོར་
དང་སྐྱེལ་མ་རྣམས་ཀྱང་བྲེལ། སྐྱེལ་ཆང་ཕུལ་མཁན་གྱི་གླུ་དབངས་སྙན་པའི་མཚམས་སུ་བུ་མོ་དང་བག་རོགས་གཉིས་མཛེས་པའི་ཆིབས་རྟ་སྒ་སྲབ་རང་འགྲིག་
ལ་སྐྱོན། ཞང་ཉེ་ཚོས་རང་རང་གི་རྟ་ལ་བཞོན་ནས་ལུང་པའི་ཕུ་ཡི་ཕྱོགས་ལ་ཆས་སོ།
 ལྔ་པ། དེ་ནས་ལམ་བར་ཞང་ཉེ་འཁོར་དང་བཅས་པ་རྟ་པ་སྔ་རྟིང་རུ་བསྒྲིགས་ནས་གཤར། སྐྱ་མི་བཅོ་ལྔ་ཡི་སྔོན་དུ་འགྲོ་མི་དེ། བསུ་མཁན་གོང་མ་མི་དཀར་
རྟ་དཀར་དེར། ལག་ཏུ་ཕྱོགས་སྲུང་འཁོར་ལོ་ཡོད་པའི་དར་ཆ་འཁྱེར། དེ་མཚམས་སུ་མགོ་ལ་བལ་ཞྭ་གྱོན་ལུས་ལ་ཕྱིང་གོས་ཁྱི་སྣ་བརྐོས་པ་གྱོན་ནས་ལག་ཏུ་དུང་
དཀར་རྒྱང་གྲགས་བཟུང་ནས་འབུད། གཞན་པ་རྣམས་ཀྱང་གང་མོས་ལ་བྲེལ་ནས་སྔོན་དུ་འགྲོ་མཁན་བུ་ཆུང་བསམ་པའི་དོན་གྲུབ་རྟ་དཀར་དེ་སྐད་གདངས་
རིང་པོས་ངག་གླུ་བཀུག་ཤིང་མགུར་གླུ་ལམ་སེལ་གྱི་སྙན་ཚིག་རྒྱུན་མི་ཆད་པར་སྒྲ་སྙན་རྣ་བ་གཤགས་པ་འབོད།

ནང་དོན་འདི་ལྟར་སྣང་།
དེ་རིང་གཟའ་སྐར་འཕྲོད་སྦྱོར་བཟང་།
ཕྱོགས་བཅུ་མུན་པ་གསལ་བ་ཤོག
དཀོན་མཆོག་གསུམ་གྱིས་སྡོང་གྲོགས་མཛོད།
ཕྱོགས་བཅུའི་འགལ་རྐྱེན་ཞི་བ་དང་།
བུ་མོ་བག་འགྲོ་བཀྲ་ཤིས་ཤོག
མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་ཕྱིར།
གནམ་ལ་ཕྲག་དོག་མེད་པ་དང་།
རྒྱལ་བ་རིགས་ལྔས་རྒྱབ་རྟེན་མཛོད།
ས་ལ་ཕོག་ཐུག་མེད་པ་ཤོག
སངས་རྒྱས་རྣམས་ལ་ཕག་འཚལ་ལོ།
བརྒྱ་ཁ་མང་གི་གླེང་པ་ལ།
སྟོང་མིག་མང་གིས་བལྟས་པ་ཡོལ།
ཕོ་བརྒྱ་བསམ་པ་མ་ཤོར་དགོས།
མོ་བརྒྱ་ཆགས་སྡང་མ་བྱེད་དགོས།
ལང་ཚོ་དཔལ་ཡོན་མེ་ཏོག་བཀྲ།
ཨ་ཡོད་ནང་གི་ད་ཡོད་ཡིན།
རིགས་རུས་ཆོ་འབྲང་བཟང་པོ་ཡིན།
ནམ་མཁའི་དཀྱིལ་གྱི་ཉི་ཟླ་འདྲ།
རྒྱ་མཚོའི་ནང་གི་ནོར་བུ་འདྲ།
གཡུ་འབྲུག་ལག་གི་ནོར་བུ་འདྲ།
སེང་གེ་དཀར་མོའི་འོ་མ་འདྲ།
བ་རྒྱལ་ཁྱུང་གི་སྒོ་ང་འདྲ།
ལུག་མགོའི་ནང་གི་མིག་ཚིལ་ལྟར།
སྒོ་ངའི་ནང་གི་སེར་ཐིག་བཞིན།
བརྒྱ་ཡི་ནང་ནས་བདམས་ལེ་ཡིན།
སྟོང་གི་ཁྲོད་ནས་གསལ་ལེ་ཡིན།
བུ་མོའི་དཀྱིལ་གྱི་རྩེ་མོ་རེད།
ཁྱིམ་ཚང་ནང་གི་ནོར་བུ་རེད།
ཕ་མ་གཉིས་ཀྱི་སྙིང་བཅུད་རེད།

 དེ་ནས་ཞང་ཉེ་རྣམས་རྟ་རྒྱུག་བཏང་ནས་ཤ་ཕོ་ལ་ལ་དེད། དབྱི་མོ་ཐུར་དུ་དེད། ཐང་བདེ་མོ་དང་ལམ་སྐྱ་མོ་ཐམས་བཅད་གོམ་བགྲོད་གཤར། བར་ཞག་
གཅིག་བསྡད་པ་ཤིང་ཚེར་མ་མེ་ལ་བསྲེགས་ནས་ཇ་སྐོལ། རྡོ་ཕ་བོང་ལ་མེ་མདའ་འཕེན། གླུ་ལེན་ངག་བཀུག་གིས་དགའ་མཚར་བས་ཏེ་བསྡད། ཕྱི་ཉིན་འོང་ས་
ལམ་བར་དུ་ཤིང་འཁུར་དང་ཆུ་འཁུར་བ་ཐུག་ན་ཡུལ་ལ་རྟེན་འབྲེལ་བཟང་བར་བརྩིས་ནས་དར་དཀར་བསྐོན། རྫི་བོ་རྣམས་ཀྱི་ཆར་གོས་ཐོག་ལ་དཀར་གྲོ་དང་
ཤིང་འབྲས་འཕངས་ནས་སྦྱིན། གྲོང་སྡེའི་འགྲམ་ལ་བྱིས་པ་ཁག་གཅིག་མདུན་དུ་རྒྱུག་ཡོང་ནས་བཀྲ་ཤིས་བདེ་ལེགས་ཞེས་དགའ་འབོད་བས། ཞང་
གཉེན་ཚོས་རྟེན་འབྲེལ་འགྲིག་ཆེད་དངུལ་ལོར་ཞོ་སྐར་མང་པོ་གཡུཊ་ཏུ་བཅུག དེ་ནས་བསུ་ཆང་གཉིས་དང་འཕྲད་ནས་གླུ་ཤགས་ལེན་པ་དང་ཁ་མཚར་གླེང་
བཞིན་མཉམ་དུ་བསྐྱོད། དེ་ནས་མི་རིང་བར་གཉེན་ཞང་རྣམས་དཔོན་པོ་ཕ་ར་ཚང་གི་གྲོང་ལ་འབྱོར་པའི་གཡང་འབོད་ཀྱི་ཚིག་དང་དུང་འརྗད་པའི་སྒྲ་ཐོས།
བག་སྟོན་བྱེད་སྐབས་དུད་ཚང་གཉིས་ཀས་ཁྱིམ་དུ་གཡང་འགུག་མཁན་བླ་མ་གདན་འདྲེན་ཞུས། དགེ་ལུགས་པའི་བླ་མཆོད་ཕལ་ཆེ་བ་རྒྱལ་པོ་རྣམ་སྲས་ཀྱི་
གཡང་སྒྲུབ། གཡང་བཞིའི་ཐོག་ལ་མཆོད་རྫས་སྣ་ཚོགས་བཤམས་པའི་གྲས་ལ་གསེར་དངུལ་གཡུ་བྱུར་གཟི་སོཊ་རིན་ཆེན་ནོར་བུའི་རྒྱན་དགོས་བཤམ་པ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060