གནས་ཡུལ། མདུན་ངོས། གཉེན་སྒྲིག
 
 
༄༅།། མང་རའི་ཡུལ་གྱི་གཉེན་སྲོལ་ལས་འབབ་སྟན་བཤད་པ།
སྤེལ་དུས།2015-03-19   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རྟ་ལོ་ཐར།

       དྲི་སྐོལ་རིམ་པ་གསུམ་པ་ནི་སྡེ་བའི་ནང་འཛིན་པ་ཡིན་ཏེ། གཉེན་ཚང་གི་མ་སྲུ་རྣམས་བསུ་མར་འོངས་པའི་ས་ནས་བག་མའི་རྟ་ལེན་གྲབས་བྱེད་སྐབས་ཨ་ཞང་རྣམས་ཀྱིས་འབབ་ཏུ་མི་འཇུག་པར་རྟ་ཁ་རྩོད་པ་ཡིན། མ་སྲུ་སྐྱེ་འབྲས་མཚར་བ་རྣམས་ཀྱིས་བཙན་གྱིས་བག་མ་རྟ་ལས་འབབ་ཏུ་བཅུག་པ་དང་། ཁ་ངོ་བཏུམས་ནས་བག་རོགས་ཀྱི་རྒྱབ་ལ་སྒུར་ཏེ་མིང་བོས་བསྐྱོར་བ་དང་། མ་སྲུ་མང་བོས་བསྐོར་ནས་སྡེ་འདབས་སམ་སྡེ་སྐེད་ནས་འཛུལ་བ་ཡིན། སྡེ་མགོ་ནས་འཛུལ་བའི་སྲོལ་མེད། ཨ་ཞང་རྣམས་དཀྱུས་སྐོར་བྱས་ཏེ་དྲི་སྐོལ་རིམ་པ་བརྒྱ་དང་བཅུ་གསུམ་མེད་ན་དེ་རིང་རྟ་ཐོག་ནས་མི་འབབ། རྟ་ར་ར་ཁ་ལོ་མེད་ནི་ཞིག་དང་། གོས་དཀར་བོ་ཁ་ཐེལ་ཡོད་ནི་ཞིག་མེད་ན་མི་འབབ། གཉེན་ཚང་འཚབ་འཚུབ་ངང་ནས་གདན་དཀར་སྟེང་ལ་གདན་དམར་བཏིངས་ནས་མི་ཞིག་གིས་འབབ་སྟན་བཤད་པ་རེད།
                               མཆོད་ཨོ་མ་ཨཱ་ཧཱུཾ།  མཆོད་ཨོ་མ་ཨཱ་ཧཱུཾ།  མཆོད་ཨོ་མ་ཨཱ་ཧཱུཾ།
                              
གནམ་རིམ་པ་བཅུ་གསུམ་ཁང་རིམ་དུ་ཕུ་ནས། །
                              
ས་རིམ་པ་བཅུ་གསུམ་གདན་རིམ་དུ་ཕུ་ནས། །
                              
འབྱུང་བ་སྣ་ལྔའི་སྙིང་བོ་ལས། །
                              
ས་གཞི་གསེར་གྱི་འཇིག་རྟེན་ཆགས་ཟིག །
                              
འབྱུང་བ་སྔོན་མ་རླུང་ཡིན་ཟེར་གི །
                              
རླུང་གི་རྡོ་རྗེ་རྒྱ་གྲམ་ཆགས་ཟིག །
                              
ཆུ་ཡི་དཀྱིལ་འཁོར་དཀར་བོ་ཆགས་ཟིག །
                              
རིའི་རྒྱལ་བོ་རི་རབ་ཆགས་ཟིག །
                              
མ་ཧཱ་གསེར་གྱི་རུས་སྦལ་ཆགས་ཟིག །
                              
གསེར་གྱི་རི་བོ་བདུན་ཆགས་ཟིག །
                              
རོལ་བའི་མཚོ་བདུན་ཆགས་ཟིག །
                              
གནས་བྱ་རྒོད་ཕུང་བོའི་རི་བོ་ཆགས་ཟིག །

                               ཤར་ནས་ལུས་འཕགས་གླིང་ཆགས་ཟིག །

                               ལུས་འཕགས་གླིང་འདི་སྐྱེས་གཟུགས་ཡག་གི །

                               ལྷོ་ནས་འཛམ་བུ་གླིང་ཆགས་ཟིག །
                              
འཛམ་བུ་གླིང་འདི་ཆོས་བསོད་ཆེ་གི །
                              
ནུབ་ནས་བ་གླང་སྤྱོད་ཆགས་ཟིག །
                              
བ་གླང་སྤྱོད་ལ་ལོངས་སྤྱོད་ཆེ་གི །

                               བྱང་ནས་སྒྲ་མི་སྙན་ཆགས་ཟིག །

                               སྒྲ་མི་སྙན་འདི་ཚེ་ཐག་རིང་གི །

                               སྐྱིད་ཉི་མ་སེར་བོ་དགུང་ནས་འཆར་ནས། །
                              
སྡུག་གི་མུན་པ་ཐམས་ཅད་མཐའ་ནས་སངས་ཐལ། །
                              
རྫ་ཁྲ་ཡག་ཕྲེང་བ་བསྟར་བའི་མདུན་ཟུར། །
                              
ནགས་རྒྱ་རྫོང་ལྷུན་དུ་སྟུག་པོའི་གཡས་ཟུར། །
                              
ཆུ་གཙང་བོ་ལྷུང་ལྷུང་འབབ་པའི་གཡོན་ཟུར། །
                              
སྤང་སྔོན་མོ་ཕྲ་ཚོམ་བཏབ་པའི་འདབས་རོལ། །
                              
སྐྱིད་ཀྱི་ལྷ་ཁྱིམ་ཀ་བཞི་གདུང་བརྒྱད་ཀྱི་སྒོ་ཁར། །
                              
གནམ་སྔོན་པོ་འདྲ་བའི་གདན་ཞིག་བཏིངས་ཡོད། །
                              
མཚམས་སྤྲིན་དམར་བོའི་གདན་ཆ་བརྒྱབ་ཡོད། །
                              
འབྲུག་ཕོ་ཆུང་འདྲ་བའི་ཨ་ཞང་འབབ་རྒྱོབ། །
                              
ས་དོག་མོ་འདྲ་བའི་གདན་ཞིག་བཏིངས་ཡོད། །
                              
སྤང་མེ་ཏོག་འདྲ་བའི་གདན་ཆ་བརྒྱབ་ཡོད། །
                              
འབྲོང་རི་དམར་འདྲ་བའི་ཨ་ཞང་འབབ་རྒྱོབ། །
                              
རྫ་ཁྲ་ཡག་འདྲ་བའི་གདན་ཞིག་བཏིངས་ཡོད། །
                              
ཤིང་ཙན་དན་འདྲ་བའི་གདན་ཆ་བརྒྱབ་ཡོད། །
                              
སྟག་དམར་ཡག་འདྲ་བའི་ཨ་ཞང་འབབ་རྒྱོབ། །

                               སྤྲིན་དཀར་འདྲ་བའི་བལ་གདན་བཏིངས་ཡོད། །
                              
ཕྲུག་གདན་དམར་བོའི་གདན་ཆ་བརྒྱབ་ཡོད། །
                              
སྐུ་རྒྱལ་བོ་འདྲ་བའི་ཨ་ཞང་འབབ་རྒྱོབ། །

                               གདན་འདི་ཡི་འབྱུང་ཁུངས་བཤད་ན། །

                               སྟོད་རྒྱ་གར་ཡུལ་གྱི་ཕྲུག་གདན་ཡིན། །
                              
ཕྲུག་གཅིག་རུང་ཐིག་ལེ་མི་གཅིག །
                              
སྨད་རྒྱ་ནག་ཡུལ་གྱི་གོས་གདན་ཡིན། །
                              
གོས་གཅིག་རུང་རི་མོ་མི་གཅིག །
                              
བོད་ཁ་བ་ཅན་གྱི་བལ་གདན་ཡིན། །
                              
བལ་གཅིག་རུང་ཁ་ཚར་མི་གཅིག །

                               ངས་གདན་འདི་སྟོད་པ་ཐུང་ཐུང་ཞིག་བཤད་ན།
                              
འདི་གཡང་དཀར་ལུག་གི་སྐེ་བལ་ཡིན་ཟེར་གི །
                              
ལུག་རྫ་འགོ་དེད་ནས་རྩི་འགོ་ཟོས་ཟིག །
                              
བལ་ཁ་ཚར་རིང་ནོ་དེ་དོན་ཡིན་ཟེར་གི །

                               རྫ་སྐེད་དེད་ནས་རྩི་རྟིང་ཟོས་ཟིག །

                               བལ་ཁ་འཇམ་ནོ་དེ་དོན་ཡིན་ཟེར་གི །
                              
ལུག་རྫི་རྒན་པོས་འཛིན་ཡག་གི །
                              
ཐ་གུ་ལྷ་མ་ལྷོད་ཀྱིས་བཀྱིགས་ཡག་གི །

                               བལ་གྲི་ཡ་མ་ཡང་གིས་འབྲེག་ཡག་གི །
                              
གདན་འཇོག་བརྒྱ་ཡིས་ཕྱིང་འཇོག་ཡིན། །
                              
ཀ་ཅི་གདན་འཇོག་སྤུན་ལྔ་ཡིན། །

                               བལ་རྡེག་སྙེ་མ་རྡུང་རྡུང་བྱས་ཟིག །

                               གཞུ་རྒྱུད་ལུ་གུ་རྩེ་རྩེ་བྱས་ཟིག །

                               བལ་བསེད་ཁ་བ་འབབ་འབབ་བྱས་ཟིག །

                               གསག་ཐག་གླག་མོ་བཅུམ་བཅུམ་བྱས་ཟིག །
                              
རྐང་གཉིས་རྦབ་རྡོ་འགྲིམ་འགྲིམ་བྱས་ཟིག །

                               གདན་ལངས་ཐལ་ལངས་ཐལ་ཟེར་བའི་དུས་ན། །
                              
ཆུ་དཀར་དམར་གསུམ་གྱིས་ཐེངས་གསུམ་བཀྲུས་ཟིག །

                               ད་རེད་ད་རེད་ཟེར་བའི་དུས་ན། །

                               ཆུ་འདག་རྫས་གཉིས་ཀྱིས་ཐེངས་གསུམ་བཀྲུས་ཟིག །

                               ད་ཡག་ག་ཡག་ག་ཟེར་བའི་དུས་ན། །

                               ཚོན་དཀར་དམར་གཉིས་ཀྱིས་ཁྲ་ཚོན་བཏབ་ཟིག །
                              
ལུག་གཡང་དཀར་བརྒྱ་ཡི་བལ་འཇོག་ཡིན། །
                              
གདན་འཇོག་བརྒྱ་ཡི་རྐང་འཇོག་ཡིན། །

                               སྤྲིན་དཀར་བོར་བལྟས་ནས་གདན་བཞག་ཟིག །
                              
སྐར་མ་སྨིན་དྲུག་བལྟས་ནས་ཁྲ་བཏབ་ཟིག །
                              
གནམ་འཁོར་ལོ་རྩིབས་བརྒྱད་བལྟས་ནས་པ་ཏྲ་འཐེན་ཟིག །
                              
ས་པད་མ་འདབ་བརྒྱད་བལྟས་ནས་འདབ་ཀ་བཅོས་ཟིག །
                              
ཕྱི་ན་བཀྲ་ཤིས་རྟགས་བརྒྱད་ཚང་ང་། །
                              
ནང་ན་པད་མ་འདབ་བརྒྱད་ཚང་ང་། །
                              
དཀྱིལ་དབུས་ན་དཔལ་བེའུ་གསུམ་འཛོམས་ཚང་ང་། །  
                              
ལས་བཅུ་གསུམ་འཛོམས་པའི་གདན་ཞིག་བཏིངས་ཡོད། །
                              
འདིའི་སྟེང་ལ་ཨ་ཞང་ཚང་འབབ་རྒྱོབ། །ཅེས་བཤད་མཁན་གྱིས་ཁ་བཏགས་དཀར་བོ་ལག་གཉིས་ཀྱིས་ཐོད་གཙུག་ལ་བླངས་ནས་མཐོན་པོར་བཏེགས་ཏེ།
                              
ཡ--སྟག་དམར་ཡག་འདྲ་བའི་ཨ་ཞང་རྣམས། །  
                              
སྟག་འཛུམ་དྲུག་གྱི་ལེ་ཕེབས་དང་ན། །
                              
ནགས་རྒྱ་རྫོང་འདྲ་བའི་ཨ་ཞང་གིས། །

                               ཤིང་ཙན་དན་འདྲ་བའི་གདན་ཞིག་བཏིངས་ཡོད། །

                               གསེར་སེར་བོ་འདྲ་བའི་ཁ་རྒྱན་འཐེན་ཡོད། །
                              
སྐུ་ལྷུན་པོ་འདྲ་བའི་ཨ་ཞང་རྣམས། །
                              
ཐུགས་དལ་དལ་ངང་ནས་འབབ་རྒྱུ་བྱོས། །
      
ད་རུང་དེའི་སྟེང་ལ་གནམ་འཁོར་རྩིབས་བརྒྱད་ཁེབས་པའི་གོས་གདན་ཞིག་བཏིངས་ཡོད།  འདི་སྟེང་ལ་འབབ་རྒྱུ་ནི་ང་གཉེན་ཚང་ཚང་གིས་རེ་བ་ཡིན་ཟེར། ཨ་ཞང་ཇ་དཔོན་གྱིས་རྟ་ཡི་ལག་པ་གཉིས་གདན་གྱི་ཁ་མཚམས་སུ་སྤོས་སུ་བཅུག་ནས་ངེད་ཚང་ལ་དགོས་ཚུལ་དང་འབབ་ཚུལ་བཤད་པ་ཡིན། དེ་མེད་ན་དེ་རིང་མི་འབབ། གཉེན་ཚང་གིས་གོས་དང་ཁ་བཏགས་འབུལ་ཞོར་རྟ་ཁ་བླངས་ཏེ་རྟ་ཐོག་ནས་འབབ་ཏུ་བཅུག་པ་དང་མཉམ་ཏུ་བུད་མེད་གཞོན་ནུ་མ་ཞིག་གིས་སྐད་གསེང་མཐོན་པོས་མགྲིན་པ་དབྱངས་སུ་བཏེགས་ནས།
                              
འགྱོག་ཡ་འགྱོག་ཡ་ཨ་ཞང་འགྱོག ། 
                              
ཨ་ཞང་འགྱོག་པ་དགུང་ནས་འགྱོག །
                              
སྒོ་ཡར་ཤིང་ཡར་ལ་བཏེགས་ནས་ཡོད། །
                              
མགོ་ཝ་མོ་ཅན་ཞིག་ཡོང་གི་སྡོད། །
                              
སྒོ་འགྲམ་ཕར་ལ་བརྒྱངས་ནས་ཡོད། །
                              
གོས་འབྲུག་མ་ཅན་ཞིག་ཡོང་གི་སྡོད། །
                              
སྒོ་མར་ཤིང་མར་ལ་སྨད་ནས་ཡོད། །
                              
རྐང་སག་ལྷམ་ཅན་ཞིག་ཡོང་གི་སྡོད། །
                              
ཤ་རི་རབ་འདྲ་ཞིག་བརྩིགས་ནས་ཡོད། །
                              
དེ་ཟ་གི་ཨ་ཞང་ཡོང་གི་སྡོད། །
                              
ཆང་མཚོ་མོ་འདྲ་ཞིག་བསྐྱིལ་ནས་ཡོད། །
                              
དེ་འཐུང་གི་ཨ་ཞང་ཡོང་གིན་སྡོད། །
                              
རྫ་ཁྲ་ཡག་འདྲ་བའི་ཨ་ཞང་ཤོག །
                              
འབྲོང་བྲེ་སེར་འདྲ་བའི་བསུ་གིན་ཡོད། །
                              
ནགས་རྒྱ་རྫོང་འདྲ་བའི་ཨ་ཞང་ཤོག །

                               སྟག་ཐིག་ལེ་འདྲ་བའི་བསུ་གིན་ཡོད། །
                              
ཆུ་གཙང་མོ་འདྲ་བའི་ཨ་ཞང་ཤོག །
      
ཉ་གསེར་མིག་འདྲ་བས་བསུ་གིན་ཡོད། །ཅེས་འགྱོག་གླུ་བླངས་མཐར་རྒྱས་ཤོམ་བྱས་པའི་མ་སྲུ་མང་པོས་བསྐོར་ནས་བག་རོགས་མདུན་ནས་ལངས་པའི་རྗེས་སུ་སྒུར་ནས་ནང་དུ་འཛུལ་བ་ཡིན། ནང་དུ་ཐོན་མ་ཐག་བག་མའི་མགོའི་ཞྭ་ཨ་ཞང་ཚང་གིས་ལྟག་རྒྱབ་ལ་འཐེན་ནས་ལེན་པ་དང་གཉེན་ཚང་གིས་སྔུན་ལ་འཐེན་ནས་ལེན་རྩོད་བྱེད་ལ། བར་བས་ཞྭ་ཕུད་པའི་དབང་ཆ་ང་མ་གཏོགས་མེད་ཟེར་བཞིན་ཡར་འཐེན་ནས་ལེན་པ་ནི་ཕན་ཚུན་ལ་རྒྱ་རྩོད་པའི་བསམ་ཚུལ་ཞིག་ཡིན་པས་བར་བ་ནི་གཟུ་བོར་གནས་པའི་དཔང་མི་ལྟ་བུ་ཡིན་པ་ཤེས་ཐུབ།  ཞྭ་ཕུད་པ་དང་མཉམ་དུ་མི་ཞིག་གིས་ཆོས་པོ་ཏི་དུམ་པ་གཅིག་བག་མའི་མགོ་ལ་འཇོག་བཞིན་ཡོད།
       བག་མ་དང་མག་པ་གཉིས་ཀྱིས་གདན་དཀར་ཞིག་གི་སྟེང་ནས་ལྷ་མདུན་ལ་མཉམ་གཤིབ་ཀྱིས་ཕྱག་འཚལ་བ་དེ་ཚེ་གཅིག་གི་སྨོན་ལམ་གདན་ཐོག་གཅིག་ནས་བརྒྱབ་པ་དང་ཆོས་སྐྱོང་སྲུང་མ་ལ་མི་གསར་བ་ཞིག་ཁྱིམ་ཚང་དེར་ཁ་བསྣན་པའི་སྙན་སེང་ཞུ་བའམ་མིང་ཐོ་འགོད་པ་ཇི་བཞིན་མཚུངས།
      
ཨ་ནེས་ཐོམ་བུ་གསར་བའི་ཡུ་བ་ལ་ཁ་བཏགས་དཀྲིས་པ་ཞིག་གིས་འོ་ཇ་ཟངས་ངའི་ནང་ནས་ཐེངས་གསུམ་གཡས་སུ་དཀྲུག་ཞོར་བག་མའི་ལག་ལ་སྤྲད་དེ་བག་མས་ཀྱང་ཇ་ཕུད་ཐེངས་གསུམ་ལ་ཕྱར་བའི་ཆོ་ག་དེར་ཐོམ་ཡུ་སྒུལ་བཟེར།  དེ་ནི་ཨ་ནེ་ཡི་ལོ་དུ་མའི་རིང་ཐབ་ལྷ་ལ་བརྟེན་ནས་ཟས་སྣ་མང་པོ་གཡོས་སྦྱོར་གྱི་ལས་འགན་གལ་ཆེན་མནའ་མར་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཞིག་དང་གཉིས་སུ་མ་མཆིས།
       
བག་མས་ཐོམ་བུ་ནང་དུ་འོ་ཇ་དཀར་ཡོལ་གང་རེ་བླུགས་ནས་ཨ་མྱེས་དང་ཨ་ནེའི་ལག་ལ་འཇོག་སྲོལ་འདུག་ཀྱང་སྐྱོགས་ལས་དཀར་ཡོལ་གང་གིས་ཚད་ཟིན་པ་ཞིག་ཐོམ་བུ་ནང་ལེན་པ་ལས་ཕྱིར་འཕྲོ་མ་ཟངས་ངར་ལྡུག་སྲོལ་མེད།  སྡེ་བ་ལ་ལས་བག་མས་ཇ་མཆོད་འབུལ་རྗེས་གོ་ཁའི་མ་སྒྱིད་ནས་ཙོག་པུ་བསྡད་དེ་མ་སྲུ་ཞིག་གིས་འོ་ཇ་དཀར་ཡོལ་གང་བླུགས་ཏེ་ཧུབ་གང་འཐུང་མཐར་ཆེད་དུ་བཀོད་སྒྲིག་བྱེད་པའི་བག་ཁང་ནང་བག་མ་དང་བག་རོགས་སྡོད་དུ་བཅུག་པ་རེད།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005