གནས་ཡུལ། མདུན་ངོས། འཛེམ་བྱ།
 
 
༄༅།།འབྲོག་པའི་ཚེ་ཐར།
སྤེལ་དུས།2009-01-05   ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>>    རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ།

འབྲོག་པའི་སྒོ་ཕྱུགས་ཀྱི་ནང་དུ་ཚེ་ཐར་ཞེས་བྱ་བའི་འབྲི་གཡག་དང་ལུག་སོགས་རྣ་ཚར་ལྡན་པ་མང་དུ་ཡོད་འདུག་ཅིང་། དེ་དག་ནི་སྲོག་འཕྲོག་པའི་འཇིགས་པ་ལས་ཐར་བའི་སྒོ་ནོར་དག་ཡིན་པ་རེད། དེ་ཡང་འབྲོག་མི་ཚོས་ནམ་རྒྱུན་དུ་ཚེ་རིང་པོ་འབྱུང་བའི་ཆེད་དུ་སྒོ་ཕྱུགས་མང་པོ་ཚེ་ཐར་གཏོང་སྲོལ་ཡོད་འདུག་པ་དང་། ཁྱད་པར་ནང་མི་འགའ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚེ་སོགས་བྱུང་བའི་ཚེ་སྒོ་ཕྱུགས་དུ་མ་ཚེ་ཐར་གཏོང་སྲོལ་ཡོད་པ་རེད། ཚེ་ཐར་གཏོང་ཚུལ་ནི། གཡག་དང་ལུག་སོགས་ཚེ་ཐར་གཏང་བ་གང་ཡིན་དེ་རང་རང་གི་བླ་མཆོད་ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་དགོས་ཞིང་། བླ་མཆོད་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ་བར་བསྒྲགས་ཏེ། དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ་བ་ཡིན་པ་དང་། དེའི་བདེན་མཐུ་ལ་བརྟེན་ཏེ་སྦྱིན་པའི་བདག་པོའི་ཚེ་གེགས་ཀྱི་བར་ཆད་མཐའ་དག་ཞི་ཞིང་། ཚེ་བསོད་རྒྱས་པ་དང་། སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་མཐར་ཚེ་སྐུད་ཅེས་པ་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གནང་བ་དང་། 

སྦྱིན་བདག་དེས་རྣ་ཚར་དེ་དག་ཚེ་ཐར་ཀྱི་རྣ་བ་གཡས་གཡོན་དུ་འདོགས་ཀྱིན་ཡོད་པ་རེད། སྒོ་ཕྱུགས་གང་ཞིག་ཚེ་ཐར་བྱས་ཟིན་པའི་རྗེས་སུ་སྦྱིན་བདག་དེ་ལ་འཚོ་བའི་ཐོག་གི་དཀའ་ངལ་ཅི་འདྲ་ཞིག་བྱུང་ནའང་གསོད་སྲོལ་མེད་པ་མ་ཟད་གཡག་ཡིན་ན་ལོ་ན་རྒན་པའི་དུས་སུ་དོས་མི་འགེལ་ཞིང་། ཚེ་གཡོག་ཅེས་པ་ཚེ་ཐར་གྱི་རིགས་རྣམས་ལ་དམིགས་བསལ་གྱིས་རྒན་གཡོག་བྱེད་ཀྱི་ཡོད་པ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060