གནས་ཡུལ། མདུན་ངོས། འཛེམ་བྱ།
 
 
༄༅།།འབྲོག་པའི་ཆོས་ལུགས།
སྤེལ་དུས།2009-01-05   ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>>    རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ།

འབྲོག་ཡུལ་དུ་དབྱར་དུས་ཐུང་ངུ་ཙམ་ཞིག་ལས་ནམ་ཟླ་བྱིངས་ནི་གྲང་ངད་དང་ལྡན་པ་ཁོ་ན་ཡིན་པར་བརྟེན་འབྲོག་མིའི་གྱོན་ཆས་ཀྱི་གཙོ་བོ་ནི་ལུག་ལྤགས་ཤ་སྟག་ཡིན་པ་རེད། དབྱར་གཞུང་དུ་འབྲོག་པའི་གཞོན་ནུ་འགའ་ཤས་ཀྱིས་ལྭ་བའི་གོས་སམ་རས་གཡོགས་ལྡན་པའི་ཡུག་ཚར་གྱི་གོས་སོགས་གྱོན་སྲོལ་འདུག་ནའང་དེས་ནི་ཉིན་ཁ་ཤས་ཙམ་ལས་གྲང་ངད་སེལ་མི་ནུས་ཤིང་ཕན་ཐོགས་མེད་པ་རེད། འབྲོག་མི་ཚོའི་གྱོན་པ་ནི་ལུག་ལྤགས་ཀྱིས་བཟོས་པའི་པགས་སླག་ཅེས་པའི་མཐར་རས་དམར་གྱི་མཐའ་གོང་ཤན་ཡོད་པ་དང་། འགའ་ཤས་ནི་རས་དམར་གྱི་མཐར་གཟིག་ལྤགས་གྱི་མཐའ་གོང་ཤན་ཡོད་པ་དང་། ཡང་དེ་ལས་བཟང་བའི་གྲས་ནི་ལུག་ཚར་གྱི་གྱོན་པར་དགོ་ལྤགས་སམ་ཤྭ་ལྤགས་ཀྱི་གཡོགས་དང་རས་དམར་གཟིག་ལྤགས་ཀྱི་མཐའ་གོང་ཤན་ལྡན་པ་དང་། ལུག་ཚར་གྱི་སྟོད་ཐུང་དང་དོར་མ་ལ་དགོ་ལྤགས་ཀྱི་ཕྱི་གཡོགས་ལྡན་པའམ་སྤྱང་ལྤགས་ཀྱི་དོར་མ་དང་། འཕྱིང་ལྷམ་མམ་ཀོ་བའི་ལྷམ་དང་། དབྱར་དུས་སུ་འཕྱིང་ཞྭ་དང་དགུན་དུས་སུ་ཝ་ཞྭ་བཅས་གྱོན་སྲོལ་ཡོད་པ་རེད། བུད་མེད་རྣམས་ནས་ཀྱང་གོང་གསལ་ལྟར་གྱི་པགས་སླག་གམ་ཚསླག་གང་རུང་གི་མཐའ་ནས་དབུས་སུ་རིམ་བཞིན་རས་སྔོ་ལྗང་དམར་སེར་དཀར་པོ་བཅས་ཕྲེང་སྒྲིག་གི་མཐའ་གོང་ཤན་ཡོད་པ་དང་། འགའ་ཤས་ཀྱིས་དེའི་ཕྱི་མཐར་གཟིག་ལྤགས་སམ་སྲམ་ལྤགས་ཀྱི་ཤན་ཆུང་ཡོད་པ་དག་གྱོན་སྲོལ་ཡོད་འདུག་ཅིང་། དབྱར་དགུན་སོ་སོའི་ལྷམ་དག་ནི་སྐྱེས་པ་དང་ཕྱོགས་ཀུན་ནས་འདྲ་བར་སྣང་ངོ་། ། 

དེ་དག་ནི་འབྲོག་མིའི་རྒྱུན་གྱི་གྱོན་ཆས་ཏེ་གཟབ་མཆོར་གྱི་གོས་ཆས་དག་ནི་ཝ་ལྤགས་སམ་སྤྲེ་ལྤགས་སོགས་རིན་ཐང་ཅན་གྱི་པགས་རིགས་ཀྱིས་བཟོས་པའི་སླག་པར་གོས་ཆེན་སོགས་དར་ཟབ་རིན་ཐང་ཅན་གྱིས་གཡོགས་པ་ཙམ་ལས་བཟོ་སྟངས་མཐའ་དག་འདྲ་བར་སྣང་ངོ་། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060