གནས་ཡུལ། མདུན་ངོས། གུས་ལུགས།
 
 
༄༅།། ཁ་བཏགས།
སྤེལ་དུས།2008-06-17   ཡོང་ཁུངས་།   རྩོམ་པ་པོ།

ཁ་བཏགས་ཞེས་པ་ནི་ཐོག་མར་བླ་དཔོན་སོགས་ལ་མཇལ་འཕྲད་ཞུ་བའི་སྐབས། སྐྱབས་འཇུག་ཞུ་བའི་གཏམ་གྱི་སྔོན་འགྲོར། ཁ་ནས་གླེང་དགོས་པའི་དོན་རྣམས་ནག་ནོག་ལ་སོགས་དྲི་མའི་ལྷད་མེད་པའི་དར་དཀར་གྱི་ལམ་ལ་དྲངས་ནས་ཕ་རོལ་གྱི་སྐུ་ལུས་ལ་སྒྲོན་པའམ་བཏགས་པའི་ཚོན་ཚུལ་བླ་ནས་མེད་པར་བྱ་བ་ན། མིང་ལའང་ཁ་བཏགས་ཞེས་ཐོག་པ་རེད། འོན་ཀྱང་ཕྱིས་སུ་དེར་འཕོ་འགྱུར་ཆེན་པོ་བྱུང་ནས་རིམ་པས་རང་གི་བླ་ན་མེད་པའི་དད་སེམས་དང་དགའ་སྐྱོ་མཚོན་པར་བྱེད་པའི་རྟེན་རྫས་ཁྱད་པར་ཅན་ཞིག་ཆགས་པ་རེད།

   བོད་པ་རྣམས་ཀྱི་ཁ་བཏགས་བེད་སྤྱོད་ཡུལ་ནི་རྟེན་འབྲེལ་ཁོ་ན་ཙམ་མིན་པར། བཀྲ་མི་ཤིས་པའི་དོན་རྐྱེན་དཔེར་ན་མི་ཤི་ལྟ་བུ་བྱུང་ན། འདའ་པོའི་ཕུང་པོ་ཕྱིར་འདོན་སྐབས། ལམ་སྣེ་འདྲེན་པ་ཞེས་ཁ་བཏགས་ཀྱི་སྣེ་གཅིག་ཕུང་པོར་བཏགས། སྣེ་གཅིག་སྐྱེ་པ་དྲག་པ་ཞིག་གི་ཕྱག་ཏུ་བཟུང་ནས་འཁྲིད་དེ། འདས་པོ་དེ་ལ་དཀར་པོར་འདྲེན་པའི་ལམ་སྟོན་གྱི་མཚོན་ཚུལ་བྱེད་པ་དང་། གདན་དར་ཞེས་འགྲུལ་པ་ཕྱོགས་ལ་ཐོན་རྗེས། དེ་བཞུགས་སའི་གདན་ཐོག་ལ་མཇལ་དར་སྒྲོན་པ། དགོན་པར་མཆོད་མཇལ་ལ་འགྲོ་སྐབས། རྙན་ཤལ་ཞེས་རང་གི་དད་པ་མཚོན་པའི་ཆེད་དུ་ལྷ་སྐུ་ལ་ལྷ་རེག་སྒྲོན་པ་ལ་སྤྱོད་ཁུངས་ཤིན་ཏུ་མང་པོ་ཡོད།

 བོད་ཀྱི་ལུགས་སྲོལ་ལ། ཁ་བཏགས་ཕན་ཚུན་སྒྲོན་སྐབས་རང་གི་ལག་ན་ཡོད་པའི་ཁ་བཏགས་དེ་ཕར་ཕྱོགས་ཀྱི་མགྲིན་ལ་སྒྲོན་དགོས་པ་ནི་ཀུན་གྱིས་མཁྱེ་མོད་ཀྱང་། སྒྲོན་སའི་ཡུལ་དེ་རང་ལས་དགུང་ལོ་བགྲེས་པའམ། ཡང་ན་བླ་དཔོན་ལྟ་བུ་ཞིག་ཡིན་ན། ཁོང་གི་ཕྱག་ཏུ་ལག་གཉིས་པོས་གུས་ཞབས་དང་བཅས་པར་དལ་མོར་ཕུལ་བ་ལས། ཐད་ཀར་མགྲིན་ལ་སྒྲོན་ན། མཐོ་རིམ་ལ་གུས་ཞབས་མེད་པར་བརྩི་བ་མ་ཟད། ལྷག་དོན་བུད་མེད་སོགས་ཀྱིས་བླ་མའི་སྐུ་ལ་མཇལ་དར་ཐད་ཀར་སྒྲོན་པ་ནི་དེ་བས་ཀྱང་བྱས་མི་ཆོགགཞན་ཡང་ལྷ་ས་བ་རྣམས་ཀྱིས་མཇལ་དར་གཉའ་ནས་མར་སྒྲོན་ལ། གཙང་པ་བས་མཇལ་དར་མགྲིན་ནས་ཡ་སྒྲོན་པའི་ཁྱ་པར་ཡང་ཕྲན་བུ་ཡོད། 

 གཞན་ཡང་ཁ་བཏགས་ལ་རིམ་པའི་དབྱེ་བ་ཕྱེ་ན། ནང་མཛོད་དང་། ཨ་ཤེ། ཟུ་ཤེ། བསོད་བཏགས་ཞེས་པ་ལ་སོགས་རིགས་མང་བས་མ་ཚད། ཆེས་ཐོག་མའི་བོད་ཀྱི་ཁ་བཏགས་ནི་རྒྱུ་བལ་ཀར་ལས་གྲུབ་པའི་དངོས་པོ་ཞིག་ཡོད་འདུག

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060