གནས་ཡུལ། མདུན་ངོས། གུས་ལུགས།
 
 
༄༅།། བོད་ཀྱི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་གླེང་བ།
སྤེལ་དུས།2015-01-22   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། སྐལ་བཟང་སྒྲོལ་མ།

       ཁ་བ་ཅན་གྱི་ཡུལ་དུ་འཚོ་ཞིང་གནས་པའི་བོད་མི་རིགས་ནི་གུས་ལུགས་མཛད་སྒོར་བརྩི་མཐོང་ཆེ་བའི་མི་རིགས་ཡ་རབས་ཤིག་ཡིན་ཏེ། བོད་ཁུལ་དུ་མི་ངོ་ཤེས་མིན་སུ་དང་འཕྲད་ནའང་ཕན་ཚུན་བར་འཚམས་འདྲི་ཞུ་ཞིང་། མཇལ་འཕྲད་བྱུང་བའི་ཐོག་མར་ཡང་ཁྱོད་བདེ་མོའམ་ཁྱོད་ཨེ་དཀའ་ཐལ་ཞེས་འཚམས་ཞུ་གནང་ངེས། ཡུལ་མཐའ་འཁོབ་ཀྱི་འབྲོག་ཁུལ་དུ་ཡིན་རུང་འབྲོག་མི་ངོ་མི་ཤེས་པ་གཉིས་ཐུག་འཕྲད་བྱུང་ནའང་གྲོགས་པོ་རྙིང་བ་ཞིག་དང་ཐུག་པ་བཞིན་སྤྲོ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་བར་མ་ཟད། ད་དུང་མགྲོན་པོ་སྦྲ་གུར་ནང་ཏུ་བསུས་ནས་ཇ་འདྲེན་སྲིད་པས། མི་སུ་ཡིན་རུང་རང་ཉིད་ཀྱི་ཁྱིམ་དུ་སླེབས་པའི་སྣང་བ་སྟེར་ངེས། བོད་མི་རིགས་ཀྱི་མཇལ་རྟེན་སྐོར་ལ་འཚམས་འདྲའི་སྐད་ཆ་དག་ཕུད། གཞན་ད་དུང་ཡུལ་དུས་མི་འདྲ་བའི་དབང་གིས་མཇལ་རྟེན་གུས་ལུགས་ཀྱི་གོམས་སྲོལ་ཡང་མི་འདྲ་སྟེ། སྤྱིར་གཤམ་གྱི་རྣམ་པ་བཞིར་ངེས་ཏེ།
      
དང་པོ། མཇལ་དར་འབུལ་བའི་གུས་ལུགས། ཁ་བཏགས་ནི་སྲིན་བལ་ལས་གྲུབ་པ་ཞིག་ཡིན། སྤྱིར་རིང་ཚད་སྨིས་གཅིག་གམ་གཉིས་ཡར་མར་ཡོད། ཁ་བཏགས་འབུལ་བ་ནི་བོད་རིགས་དམངས་ཁྲོད་ཀྱི་ཆེས་དར་ཁྱབ་ཆེ་ལ་མཆོག་ཏུ་གྱུར་པའི་གུས་ལུགས་གོམས་སྲོལ་ཞིག་ཡིན། ཁ་བཏགས་ཀྱི་དོན་སྙིང་ནི་ལྷ་ཡི་འོད་ཟེར་འཕྲོས་པ་དང་བཀྲ་ཤིས་སྤྲིན་བཟང་ལྡིང་འཁོར་བྱེད་པ་དང་། ལྷ་ཡི་རྣམ་སྤྲུལ་རང་དངོས་སུ་ཐོན་པ་བཅས་སུ་བརྗོད་ལ། དེས་ཀྱང་ལྷ་དང་མཉམ་དུ་གནས་པ་དང་སྔར་མེད་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་། བཀྲ་ཤིས་བདེ་ལེགས་འབྱུང་བ་བཅས་མཚོན། བོད་ཀྱི་ཁ་བཏགས་ནི་ཁ་དོག་དཀར་པོ་གཙོ་བོར་འཛིན་ཏེ། བོད་མི་དམངས་ཀྱིས་ཁ་དོག་དཀར་པོ་ལ་མཆོད་ཅིང་བཀུར་ལ་དེ་ནི་ལྷད་མེད་དྭངས་གཙང་དང་བཀྲ་ཤིས་པའི་མཚོན་རྟགས་ཡིན་པར་ངོས་འཛིན་བྱེད་པ་དང་། གཞན་དུ་ན་ཁ་དོག་སེར་པོ་དང་སྔོན་པོ་ཡང་ཡོད་ལ། ཁ་བཏགས་སེར་པོ་ནི་གཙོ་བོར་བླ་མ་སྤྲུལ་སྐུ་ཁོ་ནར་འབུལ་བཞིན་ཡོད་པའོ། །
      
གཉིས་པ། ཐོད་གཏུགས་པ་དང་གདོང་ཐུག་པ་ཡང་བོད་ཀྱི་གུས་ལུགས་མཛད་སྒོ་ཞིག་ཡིན། དེང་སང་དམངས་ཁྲོད་དུ་ད་རུང་གནའ་སྔ་མོའི་གོམས་སྲོལ་འདི་མ་ཉམས་པར་སྤེལ་བཞིན་ཡོད་དེ། དཔེར་ན། གཉེན་གྲོགས་དག་ཐུག་འཕྲད་བྱུང་སྐབས་ཐོད་པ་གཏུགས་པ་དང་མགོ་བོ་གཏུགས་པ། གདོང་གཏུགས་པ་བཅས་ཀྱི་གུས་ལུགས་མཛད་སྒོའི་གོམས་སྲོལ་སྤེལ་བ་དེ་བཞིན་ནོ། །
      
གསུམ་པ། ཞྭ་མོ་ཕུད་ནས་གུས་འདུད་ཞུ་བ། གལ་ཏེ་ལམ་བར་དུ་ཁྱེད་རང་ཉིད་ཀྱིས་གུས་བཀུར་བྱེད་སའི་སྤྲུལ་སྐུ་དང་བླ་མ། ཡང་ན་སྙན་གྲགས་ཆེ་བའི་རྒན་པ་སོགས་དང་འཕྲད་ན། ཐག་རིང་ནས་ཞྭ་མོ་ཕུད་པ་དང་པུས་མོ་འགུག་པ། སྐེད་པ་བསྒུར་བ། ལག་གཉིས་བརྐྱངས་ནས་ལག་མཐིལ་ཡར་སྟོན་བྱས་ནས་གུས་ཚུལ་གྱི་རྣམ་པ་སྟོན་པ། སྤྲུལ་སྐུ་དང་འཕྲད་ན་ད་དུང་ལག་གཉིས་སྙིང་ཁར་སྦྱར་ཞིང་མགོ་བསྒུར་ནས་གུས་འདུད་ཞུ་ངེས། གལ་ཏེ་ཁྱོད་རྟ་ཞོན་པའི་སྐབས་སུ་ཐུག་འཕྲད་བྱུང་ན། མྱུར་དུ་རྟ་ལས་བབས་ནས་གུས་འདུད་ཞུ་དགོས་པ་མ་ཟད། བཀུར་བའི་མི་དེ་ཐག་རིང་དུ་ཕེབས་པ་ན་ད་གཟོད་རང་ཉིད་རྟ་ཞོན་ནས་ལམ་ལ་འབུད་པ་ཡིན། གཞན་ཡང་གུས་འདུད་ཞུ་བ་དང་དུས་མཉམ་དུ་ད་དུང་ཞེ་ཚིག་གིས་འཚམས་འདྲི་ཞུ་བའོ། །
      
བཞི་བ། མཆུ་སྦྱོར་གུས་ལུགས་མཛད་སྒོའི་གོམས་སྲོལ། བོད་ཁུལ་དུ་གཉེན་ཉེ་རྣམས་ཐུག་འཕྲད་བྱུང་ཚེ་ནམ་རྒྱུན་མཆུ་སྦྱོར་གྱི་གུས་ལུགས་མཛད་སྒོ་སྤེལ་ཏེ། གུས་ལུགས་འདི་སྤེལ་ཚེ། ཐོད་པ་དང་འགྲམ་པར་མཆུ་སྦྱར་བའམ། ཡང་ན་མཆུ་ཕན་ཚུན་སྦྱར་བ་བཅས་སྤེལ་ལུགས་མི་འདྲ་བ་གསུམ་ཡོད། སྤྱིར་བཏང་དུ་རྒན་རབས་ཀྱིས་ཕྱི་རབས་པའི་ཐོད་པ་དང་འགྲམ་པར་མཆུ་སྦྱར་བའི་གུས་ལུགས་སྤེལ་བ་ཡིན།
      
བོད་ཀྱི་མཇལ་འཕྲད་གུས་ལུགས་ཀྱི་གོམས་སྲོལ་མདོར་བསྡུས་ན་གོང་དུ་བཤད་ཟིན་པའི་རྣམ་པ་འདི་བཞི་བོ་ཡིན་ཏེ། སྔ་མ་གསུམ་ནི་བོད་ཁུལ་ཡོངས་ན་དར་ཁྱབ་ཧ་ཅང་ཆེ་བ་མ་ཟད། འབྲུག་པ་དང་འབར་མ། བལ་བོའི་བྱང་ཕྱོགས་སུའང་དར་ཁྱབ་ཆེ། བསྟན་བཅོས་དང་ཚད་ལྡན་ཡིག་ཆ་ནང་དུ་མཇལ་འཕྲད་གུས་ལུགས་སྔ་མ་གསུམ་གྱི་སྐོར་ནི་མང་དུ་བཀོད་ཡོད་ཀྱང་། ཕྱི་མ་སྟེ་བོད་ཀྱི་མཆུ་སྦྱོར་གུས་ལུགས་ཀྱི་སྐོར་ནི་ཤིན་ཏུ་ཉུང་ལ་ཞིབ་འཇུག་བྱེད་མཁན་ཡང་དེ་བས་ཉུང་བ། ཐར་ཐོར་དུ་ངོ་སྤྲོད་བྱས་པ་ཡོད་ཀྱང་མདོར་བསྡུས་ཆེ་བས་ཞིབ་འཇུག་གི་རིན་ཐང་མ་མཆིས།
      
ང་རང་གི་ཕ་ཡུལ་ནི་སི་ཁྲོན་ནུབ་བྱང་ས་ཁུལ་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་རོང་གི་ཡག་གསུམ་སྲིད་འཛིན་གྲོང་སྡེ་ཡིན་ལ། ན་ནིང་དབྱར་ཁར་ང་རང་ཕ་ཡུལ་དུ་དངོས་ཞུགས་བརྟག་དཔྱད་དུ་སོང་དུས། ཁྱིམ་ཚང་ཁ་ཅིག་གི་གཉེན་ཉེ་དང་ཕྱི་ན་ལས་བྱེད་སྒྲུབ་པའི་བུ་ཕྲུག་ཁ་ཤས་ཕྱིར་ལོག་པ་དང་འཕྲད། དེ་དག་ཕྱིར་ཕེབས་པ་ན། ཁྱིམ་མི་ཕ་མ་དང་གཅེན་གཅུང་། དེ་མིན་གྱི་གཉེན་ཉེ་རྣམས་ནི་རང་རང་སོ་སོའི་ལག་གི་ལས་ཀ་བཞག་ནས་རྒྱང་ནས་ཕྱིར་ཡོང་བའི་བཟའ་མི་དང་གཉེན་ཉེ་དང་འཚམས་འདྲི་བྱེད་པར་ཐོན་པ། ལྷན་དུ་འཛོམས་པ་ན་བཟའ་མི་རྣམས་ནི་སྤྲོ་སེམས་འཁོལ་བའི་ངང་ཕན་ཚུན་བར་འཚམས་འདྲི་བྱེད་ཅིང་མཆུ་སྦྱོར་གུས་ལུགས་ཀྱིས་རང་སེམས་ཀྱི་དགའ་སྣང་རབ་ཏུ་སྤེལ་བ། ཆ་རྒྱུས་མེད་པའི་མི་ཞིག་གིས་མཐོང་ན་གུས་ལུགས་འདི་ནི་ངོ་མཚར་ཞིང་ཐེ་ཚོམ་ཟ་བའི་གནས་ཤིག་ཏུ་འགྱུར་ངེས་སྙམ། ཡིན་ན་ཡང་གུས་ལུགས་འདི་ནི་དོན་དངོས་སུ་ས་ཆ་འདིར་ཡོད་པ་ཁོ་ཐག་ཡིན།
      
གུས་སྲོལ་འདིའི་གནས་ཚུལ་དག་ཞིབ་གསལ་དུ་ཤེས་རྟོགས་བྱེད་པའི་ཆེད་དུ། བདག་ནི་སྡེ་བའི་གྲོང་མི་ལོ་བདུན་ཅུ་ལོན་པའི་རྒན་པོ་ཕྱག་རྡོར་ལ་བཅར་འདྲི་བྱེད་པར་ཕྱིན་པ། ངས་ཁོང་ལ་གུས་ལུགས་འདི་ཅི་ལྟར་བྱུང་བ་དང་། གུས་ལུགས་འདི་བྱུང་བར་ལྷ་སྒྲུང་ངམ་ཡང་ན་གཏམ་རྒྱུད་སོགས་ཡོད་མེད་དྲིས་པ་ན། ཁོང་གིས་བརྗོད་པར་འདི་ནི་གཉེན་ཉེ་དང་ཐུག་འཕྲད་བྱུང་ཚེ་བློ་སེམས་དཔག་མེད་དུ་དགའ་བའི་རྣམ་པ་མཚོན་བྱེད་ཅིག་ཡིན་ཞེས་གསུངས། དེ་བཞིན་དུ་ངས་ད་དུང་སྡེ་བའི་རྒན་རྒོན་འགར་བཅར་འདྲི་བྱས་ཀྱང་འགྲེལ་བཤད་གསལ་ཐག་ཆོད་པ་ཞིག་ནི་མ་ཐོབ།
      
མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདིའི་འབྱུང་ཚུལ་དང་དར་རྒྱས་ཀྱི་སྐོར་ལ་གཏིང་ཟབ་པར་ཞིབ་འཇུག་བྱེད་པའི་ཆེད་དུ། བདག་གིས་མཚོ་སྔོན་གྱི་མགོ་ལོག་དང་། ཡུས་ཧྲུའུ། མཚོ་ལྷོ། རྨ་ལྷོ། མཚོ་བྱང་དང་། ཀན་སུའུ་ཡི་ཀན་ལྷོ་དང་དཔའ་རིས། སི་ཁྲོན་གྱི་རྔ་བ། དམར་ཐང་། ཟུང་ཆུ། དེ་མིན་བོད་ལྗོངས་ནས་འོང་བའི་སློབ་མ་རྣམས་ལ་རྒྱུས་ལོན་དང་འདྲི་རྩད་བྱས་ཀྱང་། ཁོ་ཚོས་ལན་ལ་ཐོད་པར་མཆུ་སྦྱོར་བ་དང་གདོང་ལ་མཆུ་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་ནི་ཁོང་ཚོའི་ས་ཆར་ཡང་ཡོད་ལ། མཆུ་གཉིས་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་ནི་མེད་ཅེས་གསུངས།
      
མཛོད་དགེ་རྫོང་ལ་མཚོན་ནའང་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདི་ནི་རོང་སར་རྒྱུན་དུ་མཐོང་བ་ལས། འབྲོག་ཁུལ་དུ་ཐོད་པར་མཆུ་སྦྱོར་བ་དང་གདོང་ལ་མཆུ་སྦྱར་བའི་གུས་ལུགས་གོམས་སྲོལ་སྤེལ་བ་མ་གཏོགས། མཆུ་གཉིས་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་ནི་ཤིན་ཏུ་དཀོན། ཉིན་ཞིག་ལ་བདག་ནི་མཚོ་སྔོན་གྱི་སློབ་གྲོགས་ཤིག་གི་མེས་པོ་དང་མཉམ་དུ་འདུག་པའི་གོ་སྐབས་ཐོབ། ཁོང་ཉིད་ནི་ལས་འཁྱུར་ངལ་གསོ་བྱས་ནས་ལོ་མང་སོང་ལ་ད་སྐབས་ཟི་ལིང་དུ་བཞུགས།
      
ཁོང་གིས་གསུངས་པར་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་སུ་ཐོད་པར་མཆུ་སྦྱོར་བ་དང་གདོང་ལ་མཆུ་སྦྱོར་བའི་གུས་ལུགས་གོམས་སྲོལ་ཡོད་པ་མ་ཟད། མཆུ་གཉིས་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་ཡང་ས་ཆ་རེ་འགར་ཡོད་དེ། ཡིན་ན་ཡང་མཆུ་གཉིས་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་འདི་ནི་གཙོ་བོ་བུད་མེད་བར་ཡིན་ཏེ། དཔེར་ན་མ་དང་བུ་མོ། ཨ་ནེ་དང་ཚ་མོ། མ་དང་ཚ་མོ་སོགས་བར་དུ་དུས་ཡུན་རིང་བོར་ཁ་བྲལ་ནས་སླར་ཐུག་འཕྲད་བྱུང་ཚེ་མཆུ་ཕན་ཚུན་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་སྤེལ་ཞེས་གསུངས། བདག་གིས་གོང་གི་གནས་ཚུལ་རྒྱུས་ལོན་བྱེད་པ་བརྒྱུད་ནས་རང་གིས་མཐོང་ཐོས་སུ་གྱུར་པའི་མཛོད་དགེ་རྫོང་གི་རོང་ཁུལ་གྱི་མཆུ་སྦྱོར་གུས་ལུགས་གོམས་སྲོལ་འདི་རགས་ཙམ་བརྗོད་པར་བྱའོ། །
      
1.མཆུ་སྦྱོར་གུས་ལུགས་ནི་ཤ་ཁྲག་རྒྱུད་པའི་འབྲེལ་བ་སྦྲེལ་བྱེད་ཀྱི་ཐག་སྐུད་ལྟ་བུ་ཡིན།
      
མཆུ་སྦྱོར་གུས་ལུགས་ཀྱི་མཛད་སྒོ་འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་ཁྱབ་ཧ་ཅང་ཆེ་སྟེ། འདིས་ཉེ་གཉེན་བར་གྱི་བརྩེ་དུང་མཚོན་པར་མ་ཟད། མིའི་བརྩེ་སེམས་ཐད་ཀར་མངོན་པ་རེད། བོད་ཀྱི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདིས་ཅི་ཞིག་མཚོན་ཞེ་ན། མཛོད་དགེ་རྫོང་རོང་ཁུལ་གྱི་བོད་མིའི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་ལྟ་བུར་མཚོན་ན། འདི་ནི་བཟའ་མི་གཉེན་ཉེ་བར་གྱི་ལྷད་མེད་ཀྱི་བརྩེ་སེམས་ཁོ་ན་མཚོན་ཏེ། ཐུག་འཕྲད་བྱུང་མ་ཐག་ནས་མཆུ་སྦྱོར་བྱེད་པ་དེས་དུས་ཡུན་རིང་བོར་ཁ་མ་ཐུག་པས་ཕན་ཚུན་དྲན་དྲགས་པ་མཚོན་ལ། ཡང་ཁ་བྲལ་བའི་སྐབས་སུ་མཆུ་སྦྱོར་བྱེད་པ་དེས་ཕན་ཚུན་ལ་བཀྲ་ཤིས་དང་སྨོན་འདུན་ཞུ་བ་མཚོན།
      
དེ་ཡང་མཆུ་སྦྱོར་གུས་ལུགས་གོམས་སྲོལ་འདི་ནི་ངེས་པར་དུ་ཤ་ཁྲག་རྒྱུད་པའི་འབྲེལ་བ་ཡོད་པའི་ཁྱིམ་རྒྱུད་བར་སྤེལ་བས། འདི་ནི་ཤ་ཁྲག་ཉེ་བའི་ཁྱིམ་རྒྱུད་ཀྱི་ཁྱབ་ཁོངས་ཚོད་འཛིན་བྱས་པའི་མཇལ་རྟེན་གུས་ལུགས་ཀྱི་གོམས་སྲོལ་ཞིག་ཡིན་པའང་བརྗོད་ཆོག དེའི་ཕྱིར་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ནི། ས་ཆ་འདིའི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདི་ནི་མིའི་རིགས་ཀྱི་ཁྱིམ་རྒྱུད་བྱུང་བ་ནས་བྱུང་ཞིང་། མིའི་རིགས་ཀྱི་ཁྱིམ་རྒྱུད་འཕེལ་བ་དང་དུས་མཉམ་དུ་འཕེལ་བ་ཞིག་ཡིན་པར་སྙམ། འདི་ཡང་བདག་གིས་འདྲི་རྩད་བྱས་མྱོང་བའི་མཚོ་སྔོན་གྱི་རྒད་པོ་ལོ་ལོན་དེས་གསུངས་པ་ལྟར། མཚོ་སྔོན་བོད་ཁུལ་དུ་མཆུ་ཕན་ཚུན་སྦྱོར་བའི་གུས་ལུགས་ཀྱི་གོམས་སྲོལ་དེ་ནི་བུད་མེད་ཁོ་ནའི་བར་སྤེལ་བ་ཡིན་པས། དེ་བཞིན་དུ་མཆུ་སྦྱོར་གུས་ལུགས་གོམས་སྲོལ་འདི་ནི་མ་རྒྱུད་སྤྱི་ཚོགས་སུ་བྱུང་བའང་ཚོད་དཔག་བྱེད་ཐུབ་ལ། དེའི་ཕྱིར་བུད་མེད་རྣམས་ལ་དམིགས་བསལ་དུ་དབང་བའི་མཆུ་སྦྱོར་གུས་ལུགས་མཛད་སྒོ་དེ་ཡང་དུས་རབས་ཀྱི་འཕོ་འགྱུར་ནང་དུ་བུད་མེད་གཅིག་པུ་བར་མ་ཡིན་པར། རྒྱ་ཆེ་བའི་གཅིག་མཐུན་གཉེན་ཉེ་ཁྱིམ་རྒྱུད་བར་རྒྱ་བསྐྱེད་བྱུང་བས། ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་མི་རྣམས་ཐུག་འཕྲད་བྱུང་ཚེ་རང་རང་སོ་སོར་སྤེལ་ཆོག་པའི་གུས་ལུགས་མཛད་སྒོ་ཞིག་ཏུ་གྱུར།  དེའི་ཕྱིར་མཆུ་སྦྱོར་གུས་ལུགས་ཁྲོད་ཀྱི་མཆུ་ཕན་ཚུན་སྦྱོར་བ་འདི་ནི་ཤ་ཁྲག་རྒྱུད་པའི་འབྲེལ་བ་སྦྲེལ་བྱེད་ཀྱི་ཐག་སྐུད་ལྟ་བུ་ཡིན་ཏེ། འདི་ནི་གཅིག་མཐུན་གྱི་ཤ་ཁྲག་རྒྱུད་པའི་འབྲེལ་བ་མཚོན་བྱེད་ཀྱི་རྟགས་མཚན་གལ་ཆེན་ཞིག་ཡིན། ཡིན་ན་ཡང་བོད་ཁུལ་དུ་དར་ཁྱབ་ཆེ་བའི་གུས་ལུགས་མཛད་སྒོ་སྟེ་ཐོད་པ་གཏུགས་པ་དང་གདོང་གཏུགས་པ་སོགས་ནི་སྤྱིར་བཏང་དུ་རྒན་རབས་པས་ཕྱི་རབས་པར་སྤེལ་བའི་གུས་ལུགས་ཡིན་ཏེ། དེ་ནི་ཤ་ཁྲག་རྒྱུད་པའི་འབྲེལ་བ་མཚོན་བྱེད་མ་ཡིན་པར། གཉེན་ཉེ་དང་གྲོགས་པོ་སོགས་ཀུན་གྱི་བར་དུ་སྤེལ་ཆོག་པའི་གུས་ལུགས་མཛད་སྒོ་ཞིག་ཡིན་ནོ། །
      
2.མཆུ་སྦྱོར་གུས་ལུགས་ནི་ཁོར་ཡུག་ངེས་ཅན་ཞིག་གི་འོག་ཏུ་སྤེལ་བའི་ཐུན་མིན་གྱི་གུས་ལུགས་གོམས་སྲོལ་ཞིག་ཡིན།
      
འདི་ནས་མཛོད་དགེ་རྫོང་དམིགས་སུ་བཟུང་ནས་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདི་ནི་རོང་ཁུལ་དུ་དར་ཁྱབ་ཆེ་བ་དང་འབྲོག་ཁུལ་དུ་མཐོང་དཀའ་བའི་སྣང་ཚུལ་འདི་ལ་རང་ཉིད་ཀྱི་ངོས་འཛིན་དང་ལྟ་བ་ཅུང་ཟད་བརྗོད་པར་བྱའོ། །བོད་ཀྱི་འཚོ་བར་རྒྱུས་ལོན་མེད་པ་རྣམས་ཀྱི་བསམ་པར་འབྲོག་པ་ནི་ཕྱུགས་ལས་ཁོ་ན་གཉེར་བ་དང་། འབྲོག་མི་རྣམས་ནི་ནམ་རྒྱུན་རྩྭ་ཆུ་དེད་དེ་བསྐྱོད་ཅིང་འཁྱག་ཟ་འཁྱག་ཉལ་བྱེད་པ་དང་། ཆར་རླུང་དང་འགྲོགས་ནས་འཚོ་བ་སྐྱེལ་བས་དཀའ་ངལ་ཆེ་བར་འདོད་ལ། རོང་ཁུལ་གྱི་ཞིང་བ་རྣམས་ནི་གཏན་འཇགས་ཀྱི་འཚོ་གནས་བྱེད་ས་ཡོད་ལ། འཚོ་བར་སྒྲིག་སྲོལ་ལྡན་པས། འབྲོག་ཁུལ་དང་བསྡུར་ན་འགན་ཁུར་ཅུང་ཟད་ཡང་བར་འདོད་ངེས་མོད། དོན་དངོས་སུ་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ནི་དེ་ལྟར་མིན་ཏེ། རོང་བ་ས་ཁུལ་གྱི་ཞིང་བས་ཞིང་ལས་གཉེར་བ་མ་ཟད། འབྲོག་ལས་ངེས་ཅན་ཞིག་ཀྱང་བསྒྲུབ་དགོས།
      
ས་ཞིང་འདེབས་པའི་དུས་མཚུངས་སུ་ཞིང་བ་རྣམས་ལ་ཤ་དང་མར། པགས་པ་བཅས་ཀྱང་ངེས་པར་འཛོམས་དགོས། འཚོ་བའི་དགོས་མཁོ་འདི་དག་སྒྲུབ་པའི་ཆེད་དུ། ལོ་རེའི་དཔྱིད་ཀྱི་དཔལ་མོ་སླེབས་སྐབས། ཁྱིམ་གཅིག་གི་བཟའ་མི་རྣམས་ནི་ཁག་གསུམ་དུ་བགོས་ནས། ཁག་གཅིག་རང་ཁྱིམ་དུ་བསྡད་ནས་ཞིང་ལས་གཉེར་བ་དང་། ཁག་གཅིག་ནི་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་སོང་ནས་ཕྱུགས་ལས་གཉེར་བ། གཞན་ཡང་ཁག་ཅིག་ནི་རང་ཁྱིམ་དང་བྲལ་ནས་ས་ཆ་གཞན་པར་སོང་ནས་ཞོར་ལས་གཉེར་གྱི་ཡོད་པ། ཁྱིམ་ཚང་གཅིག་གི་བཟའ་མི་སོ་སོ་རང་འགན་རང་སྒྲུབ་བྱེད་པས། ཞིང་ལས་བྲེལ་བའི་དུས་སུ་ཁྱིམ་དུ་ལོག་ནས་རོགས་བྱེད་པ་དང་ལོ་གསར་སྐབས་སུ་ལྷན་འཛོམས་བྱུང་བ་མ་གཏོགས། གཉེན་ཉེ་བར་ཐུག་འཕྲད་བྱུང་བའི་གོ་སྐབས་ཉུང་བས། ཕན་ཚུན་དྲན་ཞིང་སེམས་ཁྲལ་ཆེ་བས། ལྷན་འཛོམས་བྱུང་བ་ན་ཅིས་ཀྱང་ནམ་རྒྱུན་དང་མི་འདྲ་བར་བྱམས་བརྩེ་ཡིད་ལ་བཅངས་ནས་ཕན་ཚུན་བར་འཚམས་འདྲི་བྱེད་ཅིང་མཆུ་ཕན་ཚུན་སྦྱོར་བའི་གུས་ལུགས་ཀྱི་མཛད་སྒོ་སྤེལ།
      
འབྲོག་ཁུལ་ལ་མཚོན་ན་འབྲོག་པའི་མང་ཚོགས་ཀྱིས་ཕྱུགས་ལས་ཁོ་ན་གཉེར་བ་ཡིན་ལ་ཕྱུགས་ལས་ཐོན་རྫས་ཁག་ཅིག་ནི་རང་ཁྱིམ་དུ་བཞག་ནས་བཟའ་བྱར་བཀོལ་སྤྱོད་བྱེད་པ་དང་། ཁག་ཅིག་ནི་ཞིང་བའི་ལག་ནས་འབྲུ་རིགས་དང་བརྗེ་བ། ཁག་གཅིག་ནི་བཙོངས་ནས་དཔལ་འབྱོར་ཡོང་སྒོ་མཐོར་འདེགས་བྱེད་པས། ཁོ་ཚོ་ལ་ལས་བགོའི་དགོས་མཁོ་མེད་པ། གཞན་ཡང་འབྲོག་པ་རྣམས་འཚོ་གནས་ཀྱི་ས་ཆ་ནི་གཏན་འཇགས་མིན་ཡང་ཁྱིམ་གཅིག་གི་བཟའ་མི་རྣམས་ནི་ལྷན་དུ་གནས་པ། དེ་སྟབས་རོང་ཁུལ་གྱི་བོད་མི་རྣམས་ནི་རང་གི་གཉེན་ཉེ་དང་འཕྲད་ཚེ་བརྩེ་བའི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་སྔར་བཞིན་རྒྱུད་འཛིན་བྱེད་པ་དང་། འབྲོག་ཁུལ་གྱི་མི་དམངས་རྣམས་ནི་རྒན་རབས་ཀྱིས་ཕྱི་རབས་པར་མཆུ་སྦྱོར་བྱེད་པའི་གུས་ལུགས་སྤེལ་བ་མ་གཏོགས། ལོ་རབས་གཅིག་པ་དང་ཕོ་མོའི་བར་གྱི་མཆུ་སྦྱོར་གུས་ལུགས་དེ་ནི་ཐོད་པ་གཏུགས་པ་དང་གདོང་ཐུག་པའམ་དེ་མིན་གྱི་ལག་པ་འཇུ་རེས་སོགས་ཀྱིས་ཚབ་བྱས་ནས་མེད་པར་གྱུར།
      
མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་འདི་ནི་བོད་ཀྱི་གནའ་སྔ་མོའི་གུས་ལུགས་གོམས་སྲོལ་ཞིག་ཡིན་ཏེ། གོམས་སྲོལ་འདི་སྟོབས་ཤུགས་ཅིའམ་རྒྱུ་རྐྱེན་ཅིའི་ཕྱིར་ད་བར་རྒྱུད་འཛིན་བྱུང་ཞེ་ན། ཕྲན་གྱིས་བལྟས་ན་རྒྱུ་མཚན་ནི་གཉིས་ཏེ།
      
1.གདུག་རྩུབ་ཆེ་བའི་རང་བྱུང་ཁོར་ཡུག་ནི་མཆུ་སྦྱོར་གུས་ལུགས་རྒྱུན་འཛིན་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།
      
ང་ཚོས་ཤེས་གསལ་ལྟར་བོད་མི་རིགས་ནི་འཛམ་གླིང་ཡང་རྩེ་སྟེ་ཁ་བའི་ལྗོངས་སུ་འཚོ་ཞིང་གནས་པས། འདིར་གནམ་གཤིས་གྲང་ལ། རང་བྱུང་ཁམས་ཀྱི་གནོད་འཚེ་སྟེ་འདམ་རྡོའི་ཆུ་ལོག ཐན་སྐྱོན། ཆུ་སྐྱོན། ཁ་བ་བུ་ཡུག ས་འགུལ། གཅན་གཟན་རི་དྭགས་ཀྱི་ཉེན་ཁ་སོགས་ནི་ནམ་རྒྱུན་དུ་བྱུང་བས། འཚོ་གནས་ཀྱི་ཁོར་ཡུག་ངན་ཞིང་ཆ་རྐྱེན་ཞན། འདི་འདྲའི་ཡ་ང་བའི་ཡུལ་ལྗོངས་སུ་གཞི་ཆགས་གཏན་སྡོད་བྱེད་པའི་བོད་མིས་སའི་གོ་ལའི་སྟེང་གི་ཆེས་གདུག་རྩུབ་ཆེ་བའི་རང་བྱུང་ཁོར་ཡུག་གཞིས་ཁྱིམ་དུ་འཛིན་བཟུང་བྱས་ཡོད་པ་དང་། དམིགས་བསལ་གྱི་འཚོ་གནས་ཡུལ་ཁམས་དང་འཚོ་གནས་ཁོར་ཡུག་གིས་བོད་མིར་གཟུགས་སྟོབས་ལྡན་ཞིང་བློ་རྩ་བརྟན་ལ་གཉའ་མི་ཆག་པའི་གཤིས་ཀ་བཟང་པོ་བསྐྲུན་པ། བོད་མི་རིགས་ཀྱིས་མཐོ་སྒང་ཁ་བའི་ལྗོངས་སུ་འཚོ་གནས་རྒྱུད་སྤེལ་བྱེད་ཆེད། ཚང་མ་མཐུན་སྒྲིལ་བྱས་ཏེ་བློ་རྩ་གཅིག་ཏུ་སྒྲིལ་ནས་གདུག་རྩུབ་ཆེ་བའི་རང་བྱུང་ཁམས་དང་འཐབ་འཛིང་བྱས་པ། འདི་ལྟར་མི་དང་མིའི་བར་གྱི་འཚོ་རྟེན་གྱི་དགོས་མཁོ་ལ་གཞིགས་ནས་ཕན་ཚུན་བར་མཛའ་བཤེས་དང་སྙིང་བརྩེ་བའི་སྤྱོད་བཟང་དེ་ལུགས་སུ་ཆགས་པར་གྱུར། དེ་བས་བོད་ཁུལ་ག་ས་གང་དུ་སོང་ཡང་བོད་མི་རིགས་ཀྱི་བག་ཡངས་ཤིང་བློ་རྩ་བརྟན་པའི་གཤིས་ཀ་བཟང་པོས་གཞན་གྱི་ཡིད་དབང་འཕྲོག་ཐུབ།
      
བོད་ཁུལ་དུ་ཁྱིམ་ཚང་སུས་ཟོག་ལུག་བཤའ་བའམ་རི་དྭགས་བསད་ན་ཁྱིམ་མཚེས་ཕན་ཚུན་ལ་ཤ་གསར་བ་སྟེར་བ་དང་། ཁྱིམ་ཚང་གང་ལ་དཀའ་ངལ་ཡོད་ན་དེ་ལ་སྡེ་བ་ཡོངས་ཀྱིས་རོགས་བྱེད། གལ་ཏེ་ཁྱིམ་ཚང་ཞིག་གི་ཁྱིམ་བདག་མར་ནད་བྱུང་ན་ཁྱིམ་མཚེས་དང་དེ་མིན་གྱི་ཁྱིམ་ཚང་གཞན་པས་ཀྱང་ཁྱིམ་ཚང་དེ་ལ་ཆུ་ལེན་པའམ། ཡང་ན་བུད་མེད་རྣམས་ཀྱིས་གཉེར་དགོས་པའི་བྱ་བ་ཀུན་ཡང་ཁྱིམ་ཚང་དེའི་ཁྱིམ་བདག་མའི་ནད་དྲགས་པའི་བར་དུ་མཉམ་ཁུར་བྱེད་པ། གལ་ཏེ་ཁྱིམ་ཚང་གཅིག་ལ་ཤི་ཆད་བྱུང་ན། སྡེ་བའི་མི་རྣམས་མ་གྲོས་གཅིག་མཐུན་གྱིས་ཁྱིམ་ཚང་དེར་སོང་ནས་སྐད་ཆ་འདྲི་བ་དང་གཤིན་པོའི་འདས་མཆོད་སོགས་རྗེས་འཇུག་བྱ་བར་རོགས་རམ་བྱེད་པ་མ་ཟད། ད་དུང་རྒན་གྲས་རྣམ་པས་རང་འགུལ་གྱིས་མ་ཎི་འདོན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ནས་གཤིན་པོའི་རྗེས་སུ་དགེ་བའི་བྱ་བ་བསྒྲུབས་ནས་ཁོའི་རྣམ་ཤེས་བདེ་འགྲོའི་གནས་སུ་འདྲེན།
      
གལ་ཏེ་གཤིན་པོ་དེ་ནི་ས་ཞིང་འདེབས་པའི་སྐབས་སུ་འདས་ན། སྡེ་བའི་གྲོང་མི་རྣམས་ཀྱིས་ད་དུང་ས་ཞིང་འདེབས་རོགས་བྱས་ནས་གཤིན་པོའི་འདས་མཆོད་སོགས་རྗེས་འཇུག་གི་བྱ་བ་རྣམས་ལེགས་པོར་སྒྲུབ་ཏུ་འཇུག་པ། གལ་ཏེ་གཤིན་པོ་དེ་ལོ་གསར་སྐབས་སུ་འདས་སོང་ན། ལོ་གསར་སྐབས་ཀྱི་རོལ་རྩེད་བྱ་འགུལ་ཡོད་ཚད་མི་སྤེལ་བར་གཤིན་པོར་མྱ་ངན་ཞུ་བ། གོང་གི་གོམས་སྲོལ་འདི་དག་ཞིབ་ཏུ་བསམ་ཚེ། བོད་མི་རིགས་ནི་གཉེན་ཉེ་བར་དང་མཛའ་གྲོགས་བར་གྱི་མཛའ་སེམས་ལ་བརྩི་མཐོང་ཆེ་བ་དང་། ཕན་ཚུན་བར་རོགས་རམ་བྱེད་པའི་སྤྱོད་བཟང་ལྡན་པ་དང་། གཉེན་ཉེ་ཡི་འབྲེལ་བ་ལྷག་ཏུ་མངོན་གསལ་དོད་པོ་ཡིན་པ་རྟོགས་ཐུབ།
      
གལ་ཏེ་གཉེན་ཉེ་བར་དང་ལྷག་པར་དུ་རྒན་རབས་དང་ཕྱི་རབས་པའི་བར། ཡང་ན་སྤུན་ཟླ་ལྕམ་སྲིང་བར་ཁ་འཛིང་བྱུང་ན། མི་རྣམས་ཀྱིས་དེ་ནི་ངོ་གནོང་འོས་པའི་བྱ་ངན་ཞིག་ཏུ་ངོས་འཛིན་བྱེད་པ་མ་ཟད། གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་ཀྱང་ཁོ་ཚོར་བཀའ་སྐྱོན་གནང་ཞིང་། སྡེ་བ་ནང་གི་སྙན་གྲགས་ཆེ་ལ་བརྩི་བཀུར་ཐོབ་པའི་རྒན་པ་ངོ་ཐོག་ཏུ་བུད་ནས་ཕན་ཚུན་བར་གྱི་གྱོད་དང་འགལ་ཟླ་སེལ་རྗེས་སོ་སོས་རང་སྐྱོན་རང་གིས་ཁས་ལེན་བྱེད་དུ་བཅུག་སྟེ། ཕན་ཚུན་ལ་དྲི་མེད་དྭངས་གཙང་གི་ཁ་བཏགས་དཀར་པོ་འབུལ་ནས་དགོངས་དག་ཞུ་པས་ཕན་ཚུན་གྱི་འབྲེལ་བ་ཡང་སྔོན་ཆད་ལྟར་བཟང་བོར་འགྱུར།
      
གཞན་ཡང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུ་ཤེས་རྟོགས་བྱེད་ཐུབ་པ་ནི་བོད་མིའི་ཁྱིམ་རྒྱུད་བར་གྱི་གཉེན་ཉེ་དེ་ནི་གཉེན་གྲོགས་བར་དུ་སྲིང་ཡོད་དེ། ཁོ་ཚོས་ཁྱིམ་རྒྱུད་བར་གྱི་གཉེན་འབྲེལ་ལ་བརྩི་མཐོང་ཆེ་བ་མ་ཟད། མཛའ་གྲོགས་བར་གྱི་མཛའ་གཤིས་ལའང་མཐོང་ཆེན་བྱེད་པ། དེའི་ཕྱིར་རྒན་པའི་ཁ་དཔེ་ལ་ཐག་ཉེ་ཁྱིམ་མཚེས་དེ་ཐག་རིང་གི་གཉེན་ཉེ་ལས་ལྷག་ཞེས་ཀྱང་བརྗོད་དོ། །མདོར་ན། གདུག་རྩུབ་ཅན་གྱི་རང་བྱུང་ཁོར་ཡུག་ནི་བོད་མིའི་བར་གྱི་མཐུན་སྒྲིལ་དང་མཛའ་སེམས་དེ་ཇེ་ཟབ་ཇེ་བརྟན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ། མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་ནི་བོད་མིའི་གཉེན་ཉེ་དང་མཛའ་སེམས་མཚོན་པའི་གུས་ལུགས་རྣམ་པ་ཞིག་ཏུ་ངེས་སོ། །
      
2.བོད་རྒྱུད་ནང་བསྟན་གྱིས་ནན་བཤད་བྱེད་པའི་བྱམས་བརྩེ་དང་མཛའ་སེམས་དེ་ཡང་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་རྒྱུད་འཛིན་བྱེད་པའི་རྒྱུ་རྐྱེན་གཞན་ཞིག་ཡིན།
      
བོད་མི་རིགས་ནི་སྟོབས་ཤུགས་གང་འདྲ་ཞིག་ལ་བརྟེན་ནས་འཛམ་གླིང་ཡང་རྩེའམ་ཆེས་གདུག་རྩུབ་ཆེ་བའི་རང་བྱུང་ཁོར་ཡུག་འདི་འདྲ་ནང་དུ་འཚོ་གནས་བྱེད་ཐུབ་བྱུང་བ་རེད་ཅེ་ན། ངེས་ལྡན་གྱི་ཁོར་ཡུག་འདིས་བསམ་བློ་ཡངས་ཤིང་ཁོག་རྒྱ་ཆེ་བའི་དམིགས་བསལ་གྱི་གཤིས་བཟང་འདི་ལྡན་དུ་བཅུག་པ་མ་ཟད། ནང་བསྟན་ཆོས་ལུགས་ཀྱང་བོད་མིའི་ཚེ་སྲོག་མངགས་བཅོལ་དང་བློ་སེམས་བརྟེན་སའི་གཞི་ཞིག་ཏུ་གྱུར་འདུག ནང་བསྟན་ཆོས་ལུགས་ཀྱིས་མཐོ་སྒང་ཁ་བའི་ལྗོངས་སུ་ལྷག་པར་ལྐོག་གྱུར་དང་དམིགས་བསལ་གྱི་སེང་རས་ཞིག་གཡོགས་ཡོད་པས། མི་སུ་ཞིག་ཡིན་རུང་ཐོག་མར་བོད་ཁུལ་དུ་ཐོན་མ་ཐག་ག་ས་གང་དུ་ཁྱབ་པའི་ནང་བསྟན་ཆོས་ལུགས་ཀྱི་བསང་ངད་དེ་ཚོར་ཐུབ་པ་མ་ཟད། ཐོག་མར་དེའི་མིག་ལམ་དུ་ཤར་བ་ནི་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་པའི་དར་ལྕོག་ཡིན་སྲིད་ལ། རྒྱང་ནས་སྣོམ་ཚོར་ཐུབ་པ་ནི་དགོན་པ་དང་སྡེ་མགོའི་བསང་ཁྲིའི་སྟེང་དུ་ནམ་ཡང་རྒྱུན་ཆད་མེད་པར་ལྷོག་ལྷོག་ཏུ་འཐུལ་བའི་བསང་དུ་ཡིན་ངེས།
      
དར་ལྕོག་དང་བསང་དུ་ནི་ལྷ་དང་མིའི་འབྲེལ་མཐུད་བརྒྱུད་པའི་རྒྱུད་ཐག་ཉག་གཅིག་ཏུ་གྱུར་འདུག བོད་ཀྱི་ས་ཁུལ་ག་ས་གང་དུ་སོང་རུང་ཁ་ནས་མ་ཎི་འདོན་ལ། ལག་ཏུ་ཕྲེང་བ་བཟུང་ཞིང་མ་ཎིའི་འཁོར་ལོ་སྐོར་བའི་བོད་འབངས་རྣམས་མཐོང་ཐུབ་པ་མ་ཟད། ད་དུང་མཆོད་མཇལ་གྱི་འགྲོ་ལམ་དུ་རང་ཉིད་ཀྱི་ལུས་ཕུང་གིས་ས་གཞི་ཆེན་པོ་གཞལ་བཞིན་རྐྱང་ཕྱག་འཚལ་མཁན་དག་མཐོང་བ། རབ་ཏུ་ཚ་བའི་ཉི་འོད་དང་ཤིན་ཏུ་གྲང་བའི་ཆར་རླུང་ལ་མི་འཇིགས་པར་དུས་ནམ་ཡིན་ཡང་བློ་བརྟན་འགྱུར་མེད་ཀྱིས་ཚེ་གཅིག་གི་རེ་འདུན་མངོན་ཏུ་འགྱུར་བར་བརྩོན་ལེན་བྱེད་པ། རྣམ་པ་དེ་མཐོང་བས་ལྷ་ནི་ཁྱེད་རང་གི་དྲུང་དུ་ཡོད་པའི་ཚོང་སྣང་སྟེར་བ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་སྟོབས་ཤུགས་ཀྱིས་ཁྱེད་ཉིད་ཀྱི་ཡིད་དབང་འགུག་ནུས་པར་གདོན་མི་ཟ།
      
བོད་རིགས་ནི་མི་དམངས་ཐམས་ཅད་ཆོས་ལ་དད་པའི་མི་རིགས་ཤིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་བོད་མིའི་བསམ་བློའི་གཏིང་དུ་འཐིམས་ཡོད་པས། བོད་འབངས་རྣམས་ནི་བྱམས་སྙིང་རྗེ་ཆེ་ལ་ཕན་ཚུན་མཛའ་སེམས་ལྡན་པ། ཚེ་འདི་ཕྱི་རློམ་ཞིང་ལས་རྒྱུ་འབྲས་བརྩི་བ། དགེ་སྒྲུབ་སྡུག་སྤོང་གི་ལས་ལ་བརྩོན་པ། འདིས་ཀྱང་བོད་མི་ཕན་ཚུན་བར་ནི་འབྲེལ་འདྲིས་ཆེ་ཞིང་མཛའ་བརྩེ་ལྡན་པ། ཁྱིམ་རྒྱུད་བར་ཡང་གཉེན་ཉེའི་འབྲེལ་བ་བཙུགས་པ། མཐོ་སྒང་ཁ་བའི་ལྗོངས་སུ་མཛའ་གཤིས་ལྡན་པའི་གོམས་སྲོལ་བཟང་པོ་འདི་ནི་ག་སར་ཁྱབ།
      
བོད་བརྒྱུད་ནང་བསྟན་གྱི་བཀྲ་ཤིས་རྒྱན་རིས་སོགས་ནི་དགོན་པའི་གྱང་དང་ཀ་བའི་སྟེང་དུ་ཡོད་པར་མ་ཟད། རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱི་ཁང་ཁྱིམ་དུ་ཡང་ཡོངས་སུ་ཁྱབ་ཡོད། དཔེར་ན་བོད་མི་རྣམས་ཀྱི་དགའ་བསུ་ཐོབ་པའི་རི་མོ་བཀྲ་ཤིས་རྟགས་བརྒྱད་དེ་གདུགས་དང་། གསེར་ཉ། བུམ་པ། འཁོར་ལོ། དཔལ་བེའུ། རྒྱལ་མཚན། དུང་དཀར། པད་མ་སོགས་ནི་བོད་མིའི་ཁང་ཁྱིམ་གྱི་མཆོད་ཁང་དང་གྱང་། ཆ་སྒམ། དེ་མིན་སྒོ་ཡོལ་དང་། དཀར་ཡོལ་སོགས་ཀྱི་ངོས་སུ་ཡང་བཀོད་ཡོད།
      
བཀྲ་ཤིས་པའི་དོན་མཚོན་ཞིང་། བདུད་འདུལ་འདྲེ་འགོག་གི་ནུས་པ་ལྡན་པའི་ནང་བསྟན་གྱི་རི་མོ་རྣམ་བཅུ་དབང་ལྡན་ནི་སྒོ་ཐོག་ཏུ་སྦྱར་བ་མ་ཟད། སྲུང་འཁོར་དུ་ཚེམ་པའམ། ཡང་ན་མཚན་རྟགས་སུ་བཟོས་ནས་བྲང་ཁར་ཐོགས་པ། དགོན་པ་དང་གྲོང་པའི་ཁང་ཁྱིམ་སོགས་ག་ས་གང་དུ་ཡང་མཐུན་པ་སྤུན་བཞི་སྟེ། གླང་ཆེན་དང་། སྤྲེའུ། རི་བོང་། བྱ་སྲེག་པ་སོགས་ཀྱི་རྒྱན་རིས་བྲིས་ནས་མི་རྣམས་ཕན་ཚུན་བར་དུ་བརྩི་བཀུར་རོགས་རམ་དང་འཆམ་མཐུན་མཉམ་གནས་ཡོང་པར་སྨོན་པ། བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་པས་བོད་རིགས་མི་དམངས་རྣམས་ནི་ཕན་ཚུན་བར་གྱི་མཛའ་སེམས་ལ་མཐོང་ཆེན་བྱེད་ལ། མཐུན་སྒྲིལ་འཆམ་མཐུན་ལ་བརྩོན་ལེན་བྱེད་པས། གནའ་བོའི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་བཟང་པོ་འདི་ཡང་ད་ལྟའི་བར་དུ་སྲུང་འཛིན་བྱེད་ཐུབ་བྱུང་། མཐུན་སྒྲིལ་དང་མཛའ་བཤེས་ལྡན་པའི་སྤྱི་ཚོགས་ཁོར་ཡུག་འདི་འདྲའི་འོག་ཏུ། བོད་རིགས་མི་དམངས་རྣམས་ནི་མཐོ་སྒང་ཁ་བའི་ལྗོངས་སུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་འཚོ་ཞིང་གནས་པ་ཡིན།
      
གོང་དུ་བོད་ཀྱི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་ལ་དབྱེ་ཞིབ་དང་བརྟག་དཔྱད་བྱས་པ་བརྒྱུད་ནས་ང་ཚོར་ལྟ་བ་འདི་འདྲ་ཞིག་ཐོབ་ངེས་ཏེ། འཚོ་གནས་བྱེད་སའི་ཁོར་ཡུག་དང་ཆོས་ལུགས་དད་མོས་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། མཐོ་སྒང་ཁ་བའི་ལྗོངས་སུ་འཚོ་ཞིང་གནས་པའི་བོད་རིགས་མི་དམངས་རྣམས་ལ་མཚོན་ན། མིའི་ཡུལ་གྱི་ཆེས་རྣམ་དག་དང་ཆེས་བཅོས་མིན་གྱི་བརྩེ་དུང་མཚོན་བྱེད་ཀྱི་མཆུ་སྦྱོར་གུས་ལུགས་འདི་ཉིད་ནི་རང་ཉིད་ཀྱི་དགའ་རོགས་སམ་གཏན་གྲོགས་ལ་ཕོ་མོའི་ལྷད་མེད་བརྟན་འགྱུར་གྱི་བརྩེ་དུང་མཚོན་བྱེད་དུ་མི་འབུལ་བར། ཁོང་ཚོ་རང་ཉིད་དང་བདེ་སྡུག་མཉམ་དུ་རོལ་ཞིང་ལས་དབང་གཅིག་ཏུ་འབྲེལ་བའི་གཉེན་ཉེ་ལ་ཕུལ་བ་ནི་ཡ་མཚན་སྐྱེས་དོན་ཅི་ཡང་མེད་དེ། འདི་ནི་ཚུལ་མཐུན་ཚད་ལྡན་གྱི་ལུགས་བཟང་ཞིག་ཡིན་པ་སྨོས་མ་དགོས་སོ། །

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005