གནས་ཡུལ། མདུན་ངོས། སྡོད་ཁང་།
 
 
༄༅།། དར་ལྕོགས།
སྤེལ་དུས།2008-06-17   ཡོང་ཁུངས་།   རྩོམ་པ་པོ།

       བོད་མིས་ལ་རྩེ་དང་ཁང་པའི་ཡང་ཐོག་གྲོང་ཁྱིམ་དང་།  སྒོ་མཆོར་གྱི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་མིའི་གནས་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས།  དར་ལྕོག་ཡོད་ན་དེ་གར་བོད་མི་ཡོད་པ་གཏན་འཁེལ་ཡིན།
       བོད་མིས་དར་ལྩོག་འཛུགས་པའི་སྲོལ་དེ་དར་ནས་དུས་ཡུན་ཇི་ཙམ་ཕྱིན་ཡོད་མིན་དང་།  དར་ལྕོག་འཛུགས་སྲོལ་དེ་ཇི་ལྟར་དར་བ་ཡིན་ནམ།  དེའི་ནང་དོན་གང་ཡིན་སྐོར་གྱི་ལན་འདེབས་མདོར་བསྡུས་ཞིག་ཞུ་ན།  དང་ཐོག་དར་ལྕོག་ཞེས་པའི་ཐ་སྙད་དེ་ལ་དཔྱད་ན་དར་ཞེས་པ་ནི་སྲིང་བལ་དང་ཀྲང་མེན་སོགས་ལས་བཏགས་པའི་སེང་རས་ལ་ཟེར་ཞིང་།  ལྕོག་ཅེས་པ་ནི་དབྱིབས་ཙོག་ཙོག་གི་དོན་ཡིན་པས་རྒྱུ་དང་དབྱིབས་ཀྱི་ཐོག་ནས་དར་ལྕོག་ཅེས་པའི་མིང་དེ་བྱུང་བ་ཡིན་ཤས་ཆེ།  བོད་མིས་དར་ལྕོག་འཛུགས་སྲོལ་ཐད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་《དེབ་ཐེར་དཀར་པོའི》ནང་གསལ་བར་ལྟར་ན།  བཙན་པོའི་དུས་ནས་དར་བ་ཞིག་ཡིན་གསུངས་ཡོད་པས་ད་བར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།  ད་དུང་མཁས་དབང་མཆོག་གི་གསུང་ནང་“ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ།  དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ།  རྗེས་སོར་ཆོས་ཀྱི་ལས་སུ་སོང་བ་”ཞེས་པའི་བཀའ་མོལ་དུམ་བུ་དེས་དར་ལྕོག་གི་འབྱུང་རྩ་དང་།  འཕེལ་རིམ།  ངོ་བོ་བཅས་གསལ་རྟོགས་ཐུབ་ཀྱི་རེད།  དེའང་བོད་མིའི་ཁྲོད་དུ་ནང་བསྟན་ཆོས་ལུགས་གཏིང་ཟབ་ཁྱབ་གདལ་སོང་བ་དང་ཆབས་ཅིག་སྔ་མོ་དམག་གི་རྟགས་སུ་མངོན་པའི་དར་མདུང་དེ་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་ལྡན་པའི་རླུང་རྟ་འཕེལ་བ་དང་།  བགེགས་བར་བཟློག་ཆེད་དར་ལྕོག་འཛུགས་སྲོལ་ཞིག་ཏུ་གྱུར་པ་རེད། 
       ང་ཚོས་རྒྱུན་དུ་ལ་རྩེ་དང་ཁང་པའི་ཡང་ཐོག་སོགས་ལ་འཛུགས་པའི་དར་ལྕོག་ཚོན་མདོག་རྣམ་པར་བཀྲ་བ་དེ་ཚོ་ཚོན་སྣ་རང་དགར་སྒྲིག་པ་ཞིག་མ་ཡིན་ཅིང་།  དར་ལྩོག་ལ་ཚོན་མདོག་མི་འདྲ་བ་ལྔ་ཡོད་པ་དེ་དག་གོ་རིམ་མ་འཁྲུག་པའི་སྒོ་ནས་སྒྲིག་དགོས།  དེའི་གོ་རིམ་ནི་རྩེ་མོར་སྔོན་པོ་དང་དེའི་འོག་དཀར་པོ།  དེའི་འོག་དམར་པོ།  དེའི་འོག་ལྗང་གུ་དེའི་འོག་སེར་པོ་བཅས་སོ།  ཚོན་སྣ་མི་འདྲ་བ་ལྔ་པོས་ཕྱི་རོལ་རང་བྱུང་ཁམས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་སྟེ།  སྔོན་པོ་ལས་ནམ་མཁའ་དང་།  དཀར་པོ་ལས་སྤྲིན་པ།  དམར་པོ་ལས་མེ།  ལྗང་གུ་ལས་ཆུ།  སེར་པོ་ལས་ས་བཅས་མཚོན་གྱི་ཡོད།  དེའི་དགོས་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ནང་བཅུད་སེམས་ཅན་གྱི་བརྟེན་ཡུལ་ཡིན་ཞིང་།  འབྱུང་ཁམས་འཕྲོད་ན་ལོ་ཕྱུགས་ལེགས་ཤིང་ཚེ་བསོད་འཕེལ་ནས་མི་ཡུལ་དེ་དུས་བདེ་དགའ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བ་དང་།  འབྱུང་ཁམས་འཁྲུག་ཚེ་མི་ཡུལ་སྡུག་བསྔལ་ཏུ་འགྱུར་ཟེར་བའི་མཚོན་རྟགས་ཡིན།  དེ་མིན་བཤད་ཚུལ་གཞན་ཞིག་ནི་རྩིས་ཀྱི་དགོངས་དོན་ལྟར་ས་ཆུ་ཤིང་མེ་ལྩགས་བཅས་འབྱུང་བ་ལྔའི་མཚོན་རྟགས་ཏེ་མེ་དམར།  ས་སེར།  ཤིང་ལྗང།  ཆུ་སྔོན།  ལྕགས་དཀར་བཅས་བརྩི་སྲོལ་ཡོད།  དེར་བརྟེན་ཁམས་བསྟུན་ཀླུང་རྟ་ཞེས་པའི་སོ་སོའི་ལོ་ཁམས་མེ་ཡིན་ན་དམར་པོ་གཙོ་བོར་བྱེད་པ་སོགས་གཞན་རིགས་བསྒྲེ་བ་ཡིན། 
        ད་དུང་དར་ལྕོག་གི་ཐོག་ཆོས་ཀྱི་གཟུང་སྔགས་དང་།  སྲོག་ཆགས་ཀྱི་གཟུགས་རིས་དཔར་བཏབ་ཡོད།  བོད་ན་ཆེས་དར་བའི་རླུང་རྟའི་﹙བ་དན་﹚ངོགས་དབུས་སུ་རྟ་མཆོག་ནོར་བུས་མཚོན་པ་དང་།  ཕྱོགས་གཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བརྙན་བཀོད་ཡོད་པ་དེ་ནི་རྣམ་པར་རྒྱལ་བའི་མཚོན་དོན་ཡིན་ཅེས་བཤད་སྲོལ་འདུག  གང་ལགས་ཤེ་ན།  གཅན་གཟན་གྱི་རྒྱལ་པོ་སྟག་དང་།  རི་དྭགས་ཀྱི་རྒྱལ་པོ་སེང་གེ།  འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་།  མཐོ་སྐྱེས་ཀྱི་རྒྱལ་པོ་འབྲུག་བཅས་མཆོག་གྱུར་བཞི་ནི་ཐམས་ཅད་ཟིལ་གྱི་གནོན་པའི་མཚོན་དོན་ཡིན་ཟེར་སྲོལ་འདུག དེ་བཞིན་བྱེད་ལས་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་ལམ་ནས་ལེགས་ལམ་དུ་བགྲོད་པ་སོགས་སྐྱེ་བོའི་རེ་འདོད་ཡོངས་སུ་སྐོང་པ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་འདྲ་བས་རྟ་མཆོག་ནོར་བུའི་རྒྱན་དུ་བཀོད་སྲོལ་བྱུང་བ་དེ་ནི་ཀླུང་རྟའི་གོ་དོན་ཡང་དག་པ་ཡིན།  དུས་ཕྱིས་སུ་ཀླུང་རྟ་ལ་“རླུང་རྟ”ཞེས་རླུང་གི་གཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་འདུག་པ་དེ་དག་ནི།  རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གི་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་ལྟ་བུའི་དབང་དུ་བྱས་སམ་སྙམ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060