| གླང་ཟླའི་བཞི་རྒྱལ་ཞེས་པ་ནི་འབྲོག་པའི་ལྷ་གསོལ་གྱི་དུས་སྟོན་ཆེ་ཤོས་ཤིག་རེད། དུས་སྟོན་དེའི་ཆེད་དུ་འབྲོག་མི་དག་གིས་རས་ཁ་དོག་སྣ་ཚོགས་པར་རླུང་རྟའི་རིགས་པར་བཏབ་པའམ། ཡང་ན་དར་རྒོད་ཀྱི་སྣེ་རྣམས་སུ་རས་དཀར་དམར་ལྗང་སེར་སྔོན་པོ་དག་གིས་བརྒྱན་པ་མང་དུ་བཟོ་སྲོལ་ཡོད་རེད། གླང་ཟླའི་ཚེས་བཞིའི་ཉིན་འབྲོག་མི་སྐྱེས་པ་རྣམས་ཀྱིས་བོག་རྭ་(མེ་མདའི་རྭ། )ལ་དར་རྒོད་ཀྱིས་བརྒྱན་པའི་རྩེ་མོར་གོས་ཆེན་གྱིས་བཟོས་པའི་བསངས་ཁུག་ཆུང་ངུ་རེ་བཏགས་ཏེ་འདུས་སྟོན་དུ་འགྲོ་གི་ཡོད་པ་རེད། བསངས་ཁུག་གི་ནང་དུ་“བསངས་རྩི”ཞེས་བྱ་བ་རྩམ་པ་དང་། མར། ཇ། ཡོས་ཁྲ་དཀར་ནག་འབྲུ་སྣའི་རིགས། ཕྱུར་ར། གྲོ་མ་དང་། རིན་ཆེན་ཕྱེ་མ་བཅས་གང་འཛོམས་ལྷན་དུ་སྦྲུས་པ་ཅུང་ཟད་རེ་ཡོད་པ་རེད། སྐྱེ་བོ་དེ་དག་ལྷ་རིའི་རྩེའམ་གཞི་བདག་ཆེ་ཁག་གི་ཞོལ་སོགས་ལྷ་གསོལ་གྱི་འདུ་གནས་གང་ཡིན་དེར་འབྱོར་རྗེས་ཡུལ་དེའི་བླ་གྲྭ་རྣམས་ཀྱིས་ལྷ་བསངས་ཀྱི་ཆོ་ག་དང་འབྲེལ་བའི་སངས་མཆོད་རྒྱས་པར་འབུལ་ཞིང་། དམིགས་བསལ་ཡུལ་ལྷ་ལ་བསངས་མཆོད་འབུལ་བའི་མཚམས་དེར་འབྲོག་མི་རང་རང་གིས་ཁྱེར་ཡོད་པའི་བསངས་རྩི་དག་སངས་ནང་དུ་འབུལ་བ་དང་ལྷན་དུ་ཀི་བསྲོ་ཆ་སྒྲ་དིར་དིར་གྱི་སྒོ་ནས་སོ་སོའི་འདོད་པ་ལྟར་ཁ་སྨོན་མི་འདྲ་བ་སྣ་ཚོགས་རྒྱག་སྲོལ་ཡོད་པ་རེད།
དེ་ཡང་གསེར་ཐར་བའི་ཁ་སྨོན་ཁོ་བོས་ཡུལ་མི་ཚོའི་ངག་ལས་ཐོས་པ་གཤམ་གསལ།
ཀི་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ། ། མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ། གསེར་སྟོད་ཀྱི་འབྲོང་རི་སྨུག་པོ། ། འབྲོང་འཁོར་སྟོང་དང་དགུ་བརྒྱ། ། དམག་དཔོན་ཧ་ལང་གདོང་ར། ། དམ་ཅན་རྡོ་རྗེ་ལེགས་པ། ། རྫ་ཆེན་ར་རྫ་སྤུན་བདུན། ། ཨ་ཅོའི་སིལ་བོ་སིལ་མ། ། གསེར་སྨད་ཀྱི་ལྔ་ལེ་སྟག་རྩེ། ། ལྔ་ལེའི་དངུལ་ཕྲུག་ཕྱུག་མོ། ། ཐོར་བོའི་རི་བཀྲ་རྫ་བཀྲ། ། ཀླུ་བདུད་སྒོ་ར་ནག་པོ། ། བསེ་ཡི་བསེ་སླག་སྟག་རྩེ། ། འཛི་ཆུང་ལྷ་རྩེ་ཕྱུག་མོ། ། མཆོད་མཆོད་བསྟོད་བསྟོད་ཀྱི་སྲུང་མ། ། མ་མཆོད་རང་འཁོར་གྱི་སྲུང་མ། ། དབེན་གནས་གཉན་གྱི་སྲུང་མ། ། ཕ་མྱེས་བརྒྱུད་ཀྱི་སྲུང་མ། ། ཡུལ་ལྷ་དྲག་རྩལ་ཅན། ། ངོ་སོ་བསྟོད་རྒྱུ་བོ། ། རྣོན་པོའི་སོ་འོག་མ་གཏོང་། ། བཙན་པོའི་དབང་འོག་མ་གཏོང་། ། ཚོན་པོ་ཚིལ་ཅན་སྤྲོད་དང་ཚིལ་གྱིས་མཆོད། ། གཅན་གཟན་གྲ་ཅན་སྤྲོད་དང་གྲ་ཡིས་མཆོད། ། དགྲ་བྱུང་ན་བ་ཐོང་། ། ཁ་ལས་དགེ་ཁ་ཆུག། ། རླུང་རྟ་དར་ཁ་ཆུག། མང་མང་ནང་གི་དགེ་དང་སྤྲོད། ། ཉུང་ཉུང་ནང་གི་དོན་དང་སྤྲོད། ། མི་ལ་ན་ཚ་མ་གཏོང་། ། ཕྱུགས་ལ་གྱུ་གོད་མ་གཏོང་། ། ངོ་སོ་བསྟོད་རྒྱུ་བོ། ། བསམ་བསམ་པོ་ལམ་ལ་ཐོང་། ། འདོན་འདོན་པོ་ལག་ཁར་སྤྲོད། ། ཁ་ལས་དགེ་ཁ་ཆུག། རླུང་རྟ་དར་ཁ་ཆུག། ཀི་ཧོ་ཧོ་ལྷ་རྒྱལ་ལོ། ། ཞེས་སོགས་མང་དུ་འདུག་ནའང་དཔེར་བཀོད་པ་ནི་མ་མཐོང་ངོ་། ། དེ་ལྟར་བསངས་མཆོད་ཕུལ་ཟིན་མ་ཐག་ཏུ་སྐྱེ་བོ་དེ་དག་གིས་རྟ་བཞོན་ཏེ་ལ་བཙས་ཀྱི་དྲུང་དུ་འགྲོ་ཞིང་། དེར་རླུང་རྟ་རྣམས་སྒྲོན་པ་དང་ལྷན་དུ་སྐད་གསང་མཐོན་པོས་ཁ་སྨོན་འདི་སྐད་དུ།
ལ་གསོལ་ལོ། ། ལ་གསོལ་ལོ། ། གཡས་ཀྱི་སྟག་ལྷ་ཁྲ་བོ། ། གཡོན་གྱི་གཟེག་ལྷ་ཁྲ་མོ། ། བར་གྱི་ལ་བཙས་ཁྲ་བོ། ། སྲིད་པ་ཆགས་པའི་ལྷ་རབས། ། སྐྱེས་པ་ཕོ་ཡིད་དགྲ་ལྷ། ། དཔའ་བོ་ཁྲ་གླག་སྤྱང་གསུམ། ། འབྱུང་བ་ལྔ་ཡི་ལྷ་བོ། ། རླུང་ལྷའི་མི་བོ་མཆེད་ལྔ། ། གཡས་རི་སྟག་གི་མདེལ་རྫི། ། གཡོན་རི་ཟ་མའི་བུ་རྫི། ། ཉིན་སྲིབ་སོ་ཁའི་བདག་པོ། ། མཐོན་པོ་གནམ་ཕྱི་གུང་རྒྱལ། ། དམའ་བོ་ན་དམར་དུང་ཆུང་། ། ཕྱུག་པོ་རྫ་ཡི་རྭ་མང་། ། སྲ་བ་བྲག་གི་བཙན་རྒན། ། དྭངས་མ་རྫ་ཆབ་སྲིལ་མོ། ། མགྱོགས་པ་རླུང་གི་ཟེར་མ། ། འབར་བ་མེ་ཡི་འཁྱུག་གུ། ཕ་མྱེས་ཀྱི་རིགས་འཚོ་བ། ། ཞིག་ཞིག་གི་རྩེ་རོགས། ། བྱམས་བྱམས་ཀྱི་ཕ་མ། ། སྡང་དགྲ་བོའི་གཤེད་མ། ། ཉིན་སྣང་བའི་འོད་གསལ། ། མཚན་མུན་པའི་སྨག་སེལ། ། སྐུ་རླུང་ལྷའི་རྒྱལ་པོ། ། རླུང་དམག་བྱེ་བ་འབུམ་སྡེ། ། བཟང་བཟང་ཕུད་ཀྱིས་མཆོད་དོ། ། ཧྲག་ཧྲག་ལ་བཙས་གསོལ་ལོ། ། གཙང་གཙང་རླུང་རྟ་འབུལ་ལོ། ། མ་གོ་མ་ཚོར་མེད་པར། ། གསོལ་མཆོད་དང་ངོ་སོ་བསྟོད། ། ཁ་ལས་དགེ་ཁ་ཆུག། རླུང་རྟ་དར་ཁ་ཆུག། བསམ་བསམ་བོ་འགྲུབ་ཏུ་ཆུག། དཔའ་བོ་དགྲ་ལ་འགྲོ་དུས། ། ཡར་ཆེན་མཚོན་གྱི་རྩེ་ལ་བྱོན། ། རིང་པོ་ཚོང་ལ་འགྲོ་དུས། ། ཁེ་དང་གྲིམ་གྱི་རྩལ་ལ་བྱོན། ། རྩོད་དང་ཁ་མཆུ་བྱུང་དུས། ། དམར་པོ་ལྕེ་ཡི་རྩེ་ལ་བྱོན། ། ཉིན་མོའི་འོད་ལ་ཁག་མ་འཇོག། མཚན་མོའི་སྨག་ལ་སྐུ་མ་གཡེལ། ། ལུས་དང་གྲིབ་བཞིན་མ་འབྲལ། ། སྐྱབས་དང་སྐྱོབ་མ་མཛོད། ། མགོན་དང་མེལ་ཚེ་མཛོད། ། ཀི་ཧོ་ཧོ་ལ་གསོལ་ལོ། ། ཞེས་སོགས་མི་འདྲ་བ་མང་དག་ཡོད་འདུག་ཅིང་། འདི་ནི་ཁོ་བོས་རྫ་ཆུ་ཁའི་མི་དག་གི་ངག་ལས་ཐོས་པ་ལྟར་བཀོད་པ་ཡིན་ནོ། །
དེ་ལྟར་རླུང་རྟ་ཕུལ་ཟིན་མ་ཐག་ཏུ་མགྱོགས་པོར་བསངས་ཁྲིའི་དྲུང་དུ་ལོག་ཅིང་། རྟ་རྣམས་ཁྲིད་པ་དང་། གྲི་དང་མེ་མདའ་རྣམས་ལག་པར་ཁྱེར་ཏེ་ཀི་བསོ་ཆ་སྒྲ་དང་བཅས་པས་ལྷ་བསངས་ལ་གཡས་བསྐོར་ལན་གསུམ་ནས་བདུན་གྱི་བར་སོགས་བྱེད་དོ། ། དེ་ནུབ་ལྷ་རིའམ་གཞི་བདག་དེའི་ཉེ་འགྲམ་གྱི་སྤང་ཐང་ཞིག་ཏུ་སྒར་བབས་ཤིང་། དེའི་ཚེ་འབྲོག་མོ་དག་གིས་གཟབ་མཆོར་སྤྲས་ནས་ཤ་མར་ཐུད་གསུམ་གྱིས་གཙོས་པའི་བཟའ་བ་དང་། འོ་ཞོ་སོགས་བཏུང་བའི་རིགས་དག་ཁྱེར་ཏེ་དེར་འབྱོར་ཞིང་། དེ་ནས་འབྲོག་མི་གཞོན་ནུ་དག་གིས་རྟ་ལ་སྒ་མེད་པར་“སྦུ་ལི་མ”ཞེས་བྱ་བའི་རྟ་རྒྱུག་བྱེད་ཀྱི་ཡོད་པ་རེད།
རྟ་རྒྱུག་གི་སྤྱོད་ཚུལ་ལའང་“རྟ་རྩལ་”ཞེས་བྱ་བ་ཞོན་པ་པོའི་ལུས་རྩལ་འགྲན་པ་དང་། “བྱང་ཚད”ཅེས་པ་རྟའི་མགྱོགས་རྩལ་འགྲན་པ་བཅས་གཉིས་སུ་བྱེད་ཅིང་། དེ་ལས་རྟ་རྩལ་ནི། རྟ་རྒྱུག་པ་པོ་དག་གིས་རྟ་རྒྱུག་བཞིན་དུ་འོག་འགྱུར་རྒྱག་ཅིང་ཁས་སྤང་ཐང་ངོགས་ཀྱི་མེ་ཏོག་ལོན་པ་དེ་ནི་“མེ་ཏོག་ཁ་འཐུ་”ཞེས་བྱ་བ་རྟ་རྩལ་ཨང་དང་པོ་དང་། ་ལག་པས་མེ་ཏོག་བཏོག་ཐུབ་པ་ལ་“མེ་ཏོག་རྩེ་བྲེག”ཅེས་པ་ཨང་གཉིས་པ་དང་། རྟའི་མགྲིན་འོག་ནས་འོག་འགྱུར་རྒྱག་ཐུབ་པ་ལ་ཨང་གསུམ་པར་བརྩི་བ་དང་། བྱང་ཚད་ནི་རྐྱ་མི་གཉིས་རེ་ཁ་གཤིབས་ནས་ལྷན་དུ་རྒྱུག་ཅིང་། རྒྱུག་ཐག་རིང་ཐུང་གང་དུ་ཚད་བྱས་པའི་ས་དེར་མི་གཉིས་ཀྱིས་ཐག་པ་ཞིག་བརྒྱངས་ནས་ཡོད་པ་དེ་ལས་བརྒལ་མ་ཐག་ཏུ་སླར་ཡང་སྔར་གྱི་གནས་སུ་ལོག་ཅིང་། དེར་མརྡུང་ཁྲ་རུ་དར་དང་བཅས་པ་ཞིག་གི་མགུལ་དུ་ཁ་དར་ཞིག་དཔྱངས་ནས་ཡོད་པ་དེ་འཐོབ་དགོས་པ་རེད། དེ་ལས་རྒྱལ་ཁ་ཐོབ་པའི་གྲས་རྣམས་ལ་རྟ་རྒྱུག་གི་འོས་ཐོབ་པ་ཡིན་འདུག་ཅིང་། ཉིན་ཕྱི་མར་འོས་ཐོབ་པའི་རྟ་དག་བརྒྱད་གཤིབས་སུ་འགྲན་པ་དེ་ལས་རྒྱལ་ཁ་ཐོབ་པ་དག་ནི་རྟ་རྒྱལ་ཨང་གསུམ་པ་དང་། ཨང་གསུམ་པའི་གྲས་རྣམས་བཞི་གཤིབས་སུ་འགྲན་པའི་རྒྱལ་ཁ་ནི་ཨང་གཉིས་པ་དང་། ཡང་ཨང་གཉིས་པའི་གྲས་རྣམས་ལྷན་གཤིབས་སུ་འགྲན་པའི་རྒྱལ་ཁ་ནི་ཨང་དང་པོ་སྟེ། དེ་ལ་ཐུན་མོང་ནས་རྟ་རྒྱལ་གང་བཞག་པ་དེ་འཐོབ་ཀྱི་ཡོད་པ་རེད། “རྟ་རྒྱལ”ཞེས་པ་ནི་མི་ཚོགས་ཀྱིས་བཞག་པའི་རྒྱན་པོའམ་རྒྱལ་ཁའི་མཐར་ཐུག་ཅིག་ཡིན་འདུག་ཀྱང་། རྟ་རྒྱུག་གི་རྒྱན་དུ་དངོས་པོ་གང་ཞིག་འཇོག་པ་དང་། རིན་ཐང་ཇི་ཙམ་པ་ཞིག་དགོས་པའི་སྐོར་ངེས་བཟུང་གང་ཡང་མི་སྣང་ཞིང་། དེ་ནི་འབྲོག་སྡེའི་ཚོ་ཁག་རྒྱ་ཆེ་ཆུང་དང་། རྟ་རྒྱུག་གི་སྤྲོས་པ་ལ་དགའ་ཞེན་བཅས་ལ་རག་ལས་ཀྱི་ཡོད་པ་རེད། གང་ལྟར་ཡང་རྟ་རྒྱལ་ཐོབ་པའི་རྟ་དེ་དག་ནི་གྲགས་གཡེར་ཆེ་ཞིང་ཀུན་གྱིས་རྩིས་སུ་བྱེད་པ་དང་། མ་ཟད་ནམ་དུས་ངེས་མེད་དུ་ཡུལ་དེ་ལ་དགྲ་སོགས་བྱུང་ཞིང་ར་མདའ་འགྲོ་དགོས་པའི་ཚེ་རྟ་རྒྱལ་ཨང་དང་པོ་དང་གཉིས་པའི་གྲས་དག་གིས་འཁུར་ལེན་གྱི་གཙོ་བོར་བྱེད་དགོས་ཀྱི་ཡོད་པ་རེད།
དེ་རྗེས་སུ་རྟ་རྩལ་གྱི་རྒྱལ་ཁ་ཐོབ་པ་དག་གིས་“བོག་རྩེད”ཅེས་བྱ་བ་རྟག་རྒྱུག་གི་སྟེང་དུ་མེ་མདའ་གཡས་བསྐོར་དང་གཡོན་བསྐོར་ལ་སོགས་པའི་གོར་སྟབས་དང་བཅས་པས་མེ་མདེལ་འབེན་ཐོག་ཏུ་རྒྱག་པའི་རྩལ་རྩེད་ཡག་པོ་ཞིག་ཀྱང་ཡོད་པ་རེད།
ཉིན་གསུམ་པར་ཡུལ་གྱི་རྒན་རིམ་དག་ལྷན་དུ་ཚོགས་ནས་“འདུས་པ”ཞེས་བྱ་བའི་གྲོས་ཚོགས་ཤིག་འཛུགས་སྲོལ་ཡོད་པ་དེ་ནི་ལོ་གཅིག་གི་རིང་ལ་དགོས་ངེས་པའི་ཡུལ་ཁྲིམས་དང་། ཡུང་ནང་གི་བདེ་འཇགས་སླད་ཀྱི་འཆར་གཞི་འགའ་ཞིག་གཏན་འབེབས་བྱེད་པ་བཅས་ཡིན་པ་རེད། དེ་ལས་ཡུལ་ཁྲིམས་དང་། ཡུལ་ནང་གི་བདེ་འཇགས་ཀྱི་སྐོར་ནི་གཤམ་དུ་འབྲོག་པའི་ཡུལ་ཁྲིམས་འཆད་པའི་སྐབས་སུ་གསལ་ཞིང་། སླད་ཀྱི་འཆར་གཞི་འགའ་ཞིག་ནི་དབར་སྟོན་གྱི་འབྲོག་རུ་གནས་སྟངས་དང་། དགུན་མཚེར་དུ་བབས་ལུགས་སོགས་ཡིན་འདུག་ཅིང་། འོན་ཀྱང་གྲོས་གཞི་དེ་དག་གི་སྐོར་གཏན་ཚིགས་སུ་བཀོད་ནས་བཏན་འབེབས་བྱས་པའི་ཡིག་ཆ་ནི་བཟོ་སྲོལ་བྱུང་མི་འདུག འདུས་པ་དེའི་དུས་ཚད་ནི་ཡུལ་གྱི་གནས་ཚུལ་དང་བསྟུན་ཏེ་ཉིན་གསུམ་མམ་ལྔ་སོགས་ཀྱི་རིང་ལེ་འདུ་འཚོགས་བྱེད་པ་ཙམ་ལས་ངེས་པ་ཅན་གྱི་དུས་ཚད་གང་ཡང་མེད་དོ། ། |