| མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གནའ་རབས་ཞང་ཞུང་གི་ཡུལ་ནི་བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་གི་ལོ་ངོ་སྟོང་ཕྲག་ཡས་མས་ཀྱི་སྐབས་ནས་བོན་ཆོས་ཧ་ཅང་དར་ཆེ་བའི་ཡུལ་ཞིག་ཡིན་པའི་ཐོག་ནས་བོད་མི་རིགས་གནའ་རབས་རིག་གནས་ཁག་ཅིག་ཞང་ཞུང་གི་རིག་གནས་ནས་བྱུང་བ་དང་། ཁག་ཅིག་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ཞེས་གསུངས་པ་ནང་བཞིན། བོད་མི་རིགས་ཀྱི་ཤེས་རིག་གི་རྩ་བ་དེ་གནའ་བོའི་ཞང་ཞུང་རིག་གནས་དང་འབྲེལ་བ་ཞིག་མིན་ཡང་། ཞང་ཞུང་རིག་གནས་དང་གཡང་དྲུང་བོན་གྱི་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པ་བསྙོན་དུ་མེད་པ་བཞིན་གནའ་བོའི་རིག་གནས་ཀྱི་ཆུ་ཁུངས་འདི་ལས་ཐོན་པའི་ད་ལྟའི་ཡུལ་ལུང་གང་ཞིག་གི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་གང་ལ་ཡང་བོད་མི་རིགས་ཀྱི་གདོད་མའི་རིག་གནས་ཀྱི་རྟགས་ཐེམ་འཁེལ་ཡོད་པ་ཡིན། དེའང་ཏུན་ཧོང་ཡིག་རྙིང་དུ་སྤུར་རྒྱལ་གོང་གི་རྒྱལ་ཕྲན་སིལ་མ་འདྲེན་པའི་ཚེ་ཞང་ཞུང་རྒྱལ་ཕྲན་གྱི་མིང་ཆེས་ཐོག་མར་དྲངས་ཡོད་པ་ལས་ཀྱང་རྟོགས་སླ། ཡིན་ན་ཡང་། ནང་བའི་བསྟན་པ་ཆེས་ཆེར་དར་བ་དང་ལྷག་པར་དུ་དགེ་ལྡན་བསྟན་པའི་སྲོག་ཤིང་གངས་ཅན་པའི་ཡུལ་གྲུར་རྩ་བ་ཡོངས་སུ་ཚུགས་པ་ནས་བཟུང་། བོད་རང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཡོད་ཚད་ལ་ཡང་ཤོག་གུ་སྣུམ་གྱིས་ཟིན་པ་བཞིན་ནང་བསྟན་པའི་དགོངས་པ་དང་དེའི་དར་སྤེལ་གྱི་དགོས་མཁོ་ལྟར་འབྱུང་བ་མང་པོ་ཞིག་བྱུང་ཡོད། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་སུ་འགྲོ་བའི་གོམས་འགྲོས་དང་བསྡོངས་ནས་ཐུབ་བསྟན་གྱི་དགོངས་པ་དེའང་མིའི་རིགས་ཀྱི་ཞི་བདེ་དང་སྐྱེ་འགྲོ་ཀུན་གྱི་བདེ་སྡུག་ལ་སྔར་བས་འབྲེལ་བ་དམ་དུ་ཕྱིན་ནས་འཛམ་གླིང་ཤེས་རིག་གི་བརྗོད་གཞི་གཙོ་བོ་ཞིག་ཏུ་གྱུར་བཞིན་ཡོད་པས་ན། རིག་གཞུང་ཞིབ་འཇུག་དང་རིག་གཞུང་གླེང་སྟེགས་སོགས་ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་ཀྱང་སྤྱི་ཚོགས་ཀྱི་དགོས་མཁོ་རུ་རང་བཞིན་དུ་གྱུར་ནས་ཡོད་པ་ཡིན། ཡིན་ན་ཡང་། ཆུ་སྣ་བརྒྱ་ཕྲག་གི་ཆུ་མགོ་གངས་ལ་ཐུག་པ་ནང་བཞིན་མི་རིགས་ཞིག་གི་རིག་གནས་གང་དང་གང་ཡིན་ཡང་དེ་ལ་ཡང་མགོ་ཁུངས་ཞིག་ཡོད་དགོས་པ་ལོས་ཡིན། དེས་ན། གནའ་བོའི་རིག་གནས་དེ་དག་གི་རྗེས་ཤུལ་རེ་འཚོལ་ཞིབ་བྱ་རྒྱུ་ནི་བོད་ཀྱི་རིག་གཞུང་དང་དམངས་སྲོལ་ཞིབ་འཇུག་གང་ཐད་ནས་ཀྱང་དོན་སྙིང་ཆེན་པོ་ལྡན་པར་སྙམ་ལ། ནམ་མཁའ་ནོར་བུ་ལགས་ཀྱིས་ཀྱང་བོན་དང་ཆོས་ལུགས་སུ་གྲགས་པའི་མདོས་ཆོག་དང་བསང་ཆོག གཡང་ཆོག རྩིས་གཏོའི་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་འདི་དག་གིས་མཚོན། སྐུ་རིམ་གྱི་ཆོ་ག་ཞེས་སུ་གྲགས་པ་འདི་ནི་བོད་ཀྱི་ཡུལ་ཁམས་ཕལ་མོ་ཆེར་མི་རབས་ནས་མི་རབས་བར་ཁྱིམ་ཚང་ནས་ཁྱིམ་ཚང་བརྒྱུད་ཅིང་། དཔེ་ནས་དཔེ་རུ་བཤུས་ཏེ། བོན་པོ་དང་བན་དེའི་ཆོ་ག་མཁན་སུའང་རུང་བ་དག་གིས་བར་མ་ཆད་པར་བེད་སྤྱོད་བྱས་པའི་ཡིག་ཆ་ལས་སྦྱོར་གྱི་སྲོག་དང་ལྡན་པ་ཞིག་ཡིན་སྟབས། དེ་དག་ལ་དུས་རིམ་གྱི་ནང་དུ་བྱུང་མྱོང་བའི་འཕོ་འགྱུར་ཅི་རིགས་ལ་ལྟོས་པའི་ལྟ་སྟབས་ཀྱི་སྐྱོན་རྩ་བ་ནས་ཞུགས་ཐབས་མེད་པ་དང་། དུས་འགྱུར་ལས་བྱུང་བའི་བསྟན་པ་སྔ་དར་དང་ཕྱི་དར་གྱི་ཤན་ཞུགས་ཐབས་རྩ་བ་ནས་མེད། དེ་རིགས་ཀྱི་དཔེ་ཕལ་མོ་ཆེའི་ཐོག་མའི་འབྱུང་ཁུངས་ཀྱང་ཆེས་སྔ་བའི་དུས་ལ་ཐུག་པ་སོགས་མདོར་ན་ཡོངས་གྲགས་ཀྱི་དཔེ་རྣམས་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མི་ཉུང་བ་ཞིག་ཡོད་ཅེས་གསུངས་པ་ནང་བཞིན། འདིར་ཡང་གངས་ཅན་པའི་མདོ་སྨད་ལྷོ་ཕྱོགས་སུ་ཆགས་པའི་ས། བླ་བྲང་ཨ་མཆོག་ས་ཆའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་ལས་ནང་གསེས་ལོ་གསར་རོལ་སྟངས་ཀྱི་ཆོ་ག་ལས་འཕྲོས་པའི་གཏམ་ཐུང་ངུ་ཞིག་སྤེལ་བ་ལ།
དང་པོ། ལོ་སར་རོལ་སྟངས་ལས་དུད་གླུད﹙དུ་གླུད﹚འཕེན་པའི་སྲོལ།
ད་ལྟ་ང་ཚོ་མདོ་སྨད་ཀྱི་བོད་མི་ཐུན་མོང་གིས་རོལ་བའི་ལོ་གསར་ནི་དུས་ཀྱི་ཆ་ནས་རྒྱ་ལོའི་ལོ་གསར་ཡིན་ན་ཡང་། ལོ་གསར་གྱི་ཆོ་ག་སོགས་ལ་བོད་རང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པ་མ་ཟད། བོད་ཀྱི་རིགས་རུས་གདུང་རྒྱུད་དང་རིག་གཞུང་ཞིབ་འཇུག་ཐད་ལ་རིན་ཐང་ལྡན་པའི་དཔྱད་གཞི་མཁོ་འདོན་ཐུབ་པའང་ཡོད་དེ། དེ་ཡང་མི་ཉག་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་ལོ་རྒྱུས་གོ་གནས་གལ་ཆེན་ཟིན་པའི་རྒྱལ་ཕྲན་གཅིག་སྟེ། བོད་སྤུར་རྒྱལ་ཡར་སྔོན་ནས་དར་རྒྱས་ཧ་ཅང་ཆེ་བའི་རྒྱལ་ཕྲན་ཚོ་ཁག་ཅིག་ཡིན་པ་མ་ཟད་བོད་ཆེན་པོ་དང་ཡང་དང་བསྐྱར་དུ་སྟོབས་འབྱོར་གྱི་འགྲན་ཟླར་ལངས་པའི་བོད་ཀྱི་གནའ་བོའི་རྒྱལ་ཕྲན་གཅིག་ཡིན་པས། རྒྱལ་ཕྲན་འདིའི་རིག་གནས་འཕེལ་རྒྱས་ཀྱང་ཚད་ངེས་ཅན་ཞིག་ཏུ་སོན་ཡོད་པ་རྟོགས་ཐུབ། དེའང་ཕྱིས་ཀྱི་བོད་སྤྱིའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུའང་གཉེན་འབྲེལ་ཐབས་སྐྱོང་གིས་བསུས་པའི་བཙུན་མོ་ལྔའི་ཁྲོད་ཀྱི་མི་ཉག་བཟའ་ནི་ཕོ་བྲང་ནང་འཁོར་གྱི་བཙུན་མོ་གཉིས་ལས་གཅིག་ཡིན་པ་དང་དེའི་སྟེང་ནས་ཀྱང་སྐབས་དེར་མི་ཉག་ནི་སྔར་བཞིན་ཆོས་རྒྱལ་ཁོང་གིས་ཐུགས་གཟབ་དང་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་འཐེན་པའི་རྒྱལ་ཕྲན་གཙོ་བོ་ཡིན་པ་རྟོགས་ཐུབ། དེ་བས་ཕྱིས་སུ་མི་ཉག་གི་སྟོབས་འབྱོར་གྱི་མངའ་ཁོངས་བོད་ཁམས་ཡོངས་སུ་རྒྱ་བསྐྱེད་ནས་སྟོད་དབུས་གཙང་ནས་བར་སྨད་མདོ་དབུས་ཕྱོགས་སུ་ལྷོ་བྱང་གཉིས་སུ་གྱེས་པ་ལས་ལྷོ་པ་རྣམས་ད་ལྟའི་སི་ཁྲོན་དང་མཚོ་སྔོན་དང་ཀུན་སུའུ་སོགས་ས་ཆ་འགའ་ཡིན་པ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་སོགས་སུ་བཤད་པ་དང་དུས་ད་ལྟ་ཡང་ཁམས་མི་ཉག་གི་ཡུལ་གྲུ་ཀུན་ཏུ་རྙིང་མའི་ཆོས་ལུགས་ཤིན་ཏུ་དར་ཆེ་བ་འདི་ཡང་བོན་གྱི་རིག་གནས་དར་བ་དང་འབྲེལ་བ་དམ་པོ་ཡོད་པ་རྟོགས་ནུས་པས། དེས་ན། སྤུར་རྒྱལ་སྐབས་ཀྱི་དཔལ་འབྱོར་དང་རིག་གནས་དར་ཆེ་བའི་མི་ཉག་གི་གདུང་རྒྱུད་དེ་དག་ད་ལྟ་ཁམས་དང་ཨ་མདོར་ཡོད་པ་བདེན་ན་དེ་དག་གི་རིག་གནས་རྗེས་ཤུལ་དང་རང་མི་རིགས་ཀྱི་རིག་གནས་ཀྱི་དན་རྟགས་ངོ་མ་གང་འདུག་ཅེ་ན། དེ་ཏག་ཏག་མདོ་སྨད་ཨ་མཆོག་ས་ཆའི་ལོ་གསར་རོལ་སྟངས་ལ་ཡང་འབྲེལ་བ་དམ་པོ་ཞིག་དང་ལྡན་ཏེ། དེ་ཡང་ཁོ་བོས་བཤད་པར་འདོད་པ་དེ་ཡང་མཐར་གཏུགས་ན་ཨ་མཆོག་ས་ཆའི་དམངས་སྲོལ་དང་ཡུལ་སྐད། རིག་གནས་རྗེས་ཤུལ་སོགས་ཕྱོགས་འགའ་ནས་མི་ཉག་དང་འབྲེལ་བ་དམ་པོ་ཡོད་པ་དང་ཐ་ན་ཨ་མཆོག་ནི་མི་ཉག་གི་རྒྱུད་པ་ཡིན་པའི་རིགས་སྒྲུབ་ཀྱང་བྱེད་པར་ཆོག་པར་བརྗོད་འདོད་པ་དེ་ཡིན། དེས་ན་དུད་གླུད་དམ་དུ་གླུད་འཕེན་པ་ནི་ཚེས་བཅུ་དགུ་ཉིན་ནས་འཆད་དགོས་ཏེ། ཡུལ་སྲོལ་དུ་ཚེས་བཅུ་དགུ་ཉིན་ནི་དུ་བ་ཕྱགས་པའི་ཉིན་མོ་ཡིན་ཞིང་ཁང་ཁྱིམ་དང་སྣོད། ཡོ་ཆས། གྱོན་པ་སོགས་གཙང་ཕྱགས་གད་བདར་བྱེད་པ་དང་། དེ་ལ་དུ་བ་ཕྱགས་པ་ཟེར། གཙང་ཕྱགས་བྱས་པའི་གད་སྙིག་ཚང་མ་མེ་རུ་བསྲེགས་དགོས་པ་དང་། དེ་ལས་ཨོང་བ་ལེབ་མོ་ཞིག་གི་སྟེང་དུ་ཁང་བའི་ནང་གི་དུ་རྡུལ་སྤར་མོ་གང་ཙམ་ཞིག་འཇོག་པར་བྱེད་ལ་འདི་ནི་ལོ་ངོ་གཅིག་གི་ཁྱིམ་གྱི་དུ་རྡུལ་ཡོད་ཚད་ཡིན་ལ། དེ་ལ་དུ་བ﹙ཁ་སྐད་དུ་དོ་ཞེས་འབོད﹚ཟེར། དེས་ན་དུ་རྡུལ་འདི་ནི་ཉིན་བཅུ་ལ་ཁྱིམ་གྱི་གྲུ་ཟུར་ཞིག་ཏུ་བཞག་ནས་ཚེས་ཉེར་དགུའི་ཉིན་མོར་ད་གཟོད་ཕྱི་རུ་བཏོན་ནས་དུད་གླུད་མ་འཕེན་པའི་ཆོ་ག་སྤེལ་བར་བྱེད། དགུ་ཐུག་འཐུང་བའི་སྲོལ་དེ་ཕལ་ཆེར་མདོ་སྨད་ས་ཆ་ཕལ་མོ་ཆེ་ནས་ཐུག་པ་གཡོ་བྱེད་ལ་ཟས་སྣ་དགུ་གྲ་སྒྲིག་བྱེད་པའི་སྲོལ་ཡོད་པ་ཕལ་ཆེར་གཅིག་འདྲ་ཡིན་ཡང་། དོན་དམ་དུ་ཟས་སྣ་དགུ་བོ་འདྲེན་ཚུལ་ལ་བཤད་སྟངས་མི་འདྲ་བ་སྣ་ཚོགས་ཤིག་མཆིས་པ་དང་ཐ་ན་ཁྱིམ་མཚེས་གཡས་གཡོན་གྱི་ཟས་སྣ་འདྲེན་སྟངས་ཡང་མི་འདྲ་བ་འདུག ཡིན་ན་ཡང་རྟོགས་སླ་བ་ཞིག་ནི་ས་ཆ་གང་ཡིན་ཀྱང་ཚེས་ཉེར་དགུའི་ཉིན་གྱི་དགུང་མོར་དགུ་ཐུག་འཐུང་བ་ནི་གཅིག་མཐུན་གྱི་དུས་ཤིག་ཡིན་པས། དགུ་ཐུག་གི་དགུ་ཞེས་པའི་གྲངས་འདི་ཡང་ཟས་སྣ་ལ་གོ་བ་མིན་པར་ཚེས་ཉེར་དགུའི་དགུ་དང་འབྲེལ་བ་ཡོད་པར་སེམས། གང་ལྟར། དགུ་ཐུག་ནི་ལོ་གཅིག་གི་ཆེས་མཐའ་མཐུག་གི་བཟའ་མི་ལྷན་འཛོམས་ཀྱི་དུས་ཟས་ཉག་གཅིག་ཡིན་འདུག དེས་ན་ཨ་མཆོག་ས་ཆ་ནས་དགུ་ཐུག་མ་འཐུང་བའི་སྔ་རོལ་ཏུ་དུད་གླུད་མ་འཕེན་པ་ཡིན། འདིར་ཆེད་དུ་དུད་གླུད་མ་འཕེན་པའི་སྲོལ་དེ་འཆད་དོན་ཡང་། ད་ལྟའི་ཁམས་མི་ཉག་ས་ཆར་ཚེས་ཉེར་དགུའི་ཉིན་གྱི་དགུང་མོར་དགུ་སྙིགས་སོགས་ཕྱིར་བཏོན་ཅིང་ཁང་ཁྱིམ་གཙང་སྦྲ་བྱས་རྗེས་ལོ་གཅིག་གི་དགྲ་བགེགས་གདོན་གསུམ་ཕྱིར་འདོན་གྱི་གླུད་གཏོར་འཕེན་པའི་སྲོལ་ཡོད་པར་བཤད་པས། འདི་ནི་ཨ་མཆོག་ས་ཆའི་དུད་གླུད་མ་འཕེན་པའི་སྲོལ་དང་གཅིག་ཏུ་སོང་འདུག་སྙམ། དེའང་ཞིབ་ཏུ་བཤད་པ་ལ་གཅིག་ནས་ཨ་མཆོག་ས་ཆ་དང་ཁམས་མི་ཉག་གི་རིག་གནས་ཀྱི་མཐུན་ཆོས་ཤིག་འཚོལ་ཞིབ་བྱེད་པའི་དགེ་མཚན་ལྡན་པ་དང་གཉིས་ནས་ས་འདིའི་དམངས་སྲོལ་རིག་གནས་ཀྱི་རྒྱབ་ལྗོངས་གསལ་པོ་ཞིག་ཞིབ་འཇུག་གི་ཟུར་ཚད་གཞན་ཅིག་ནས་རྟོགས་ཐུབ་པར་སྙམ། དགུ་ཐུག་འཐུང་བ་ལ་རྟེན་འབྲེལ་ལྟས་བརྟག་གི་ཆོ་ག་མང་པོ་ཞིག་ཡོད་དེ། ཉིན་དེར་བཟའ་མི་ཆེ་ཆུང་ཚང་མ་ཁྱིམ་དུ་འཛོམས་དགོས་པ་མ་ཟད། ཐ་ན་སྒོ་ཁྱི་སྒོ་ཟོག་གཅིག་ཀྱང་མ་ཆད་པར་ཁ་ཚང་ན་ལོ་སོ་མའི་ནང་དུ་བོར་སྟོར་སོགས་ཟློག་པའི་རྟེན་འབྲེལ་དུ་སྒྲིགས་པར་བྱེད་ལ། གཞན་གྱི་གཡར་དངོས་ཅི་ཡོད་ཕར་སྤྲོད་ཚུར་ལེན་བྱེད་དགོས་པ་དང་བསྐྱི་དངོས་དང་དོམ་དངོས་ཅི་ཡོད་ཕར་སེལ་ཚུལ་གསབ་བྱེད་པ་དང་ལོ་སོ་མའི་ནང་དུ་ནོར་འཕེལ་ཞིང་རྒྱུ་ཐོག་ཏུ་འཁེལ་བར་བཤད། མདོར་ན་ཆེས་མཐའ་མཇུག་གི་ཉིན་མོ་འདིར་ཡོད་ཚད་བཀྲ་ཤིས་གཡང་འཕེལ་གྱི་རྟགས་དང་དང་རྟེན་འབྲེལ་གྱི་སྣེ་དྲངས་ནས་དགུ་ཐུག་ལ་རོལ་དགོས་པ་ཡིན། ས་རུབ་མ་ཐག་ཏུ་ཨོང་ལེབ་ཅིག་གི་སྟེང་དུ་ཆུ་ནག་གིས་བརྫིས་པའི་ལྷ་བཤོས་ཀྱིས་ལག་ཏུ་མཚོན་འཛིན་པའི་མི་ཕོ་རྟ་ལ་བསྐྱོན་པ་ཞིག་ཁྱིམ་བདག་གིས་བཅའ་བགོས་པ་དང་། ཁྱིམ་ཚང་ལ་ལས་གཡག་བསྐྱོན་པ། ལ་ལས་མཛོ་ལ་བསྐྱོན་པ་ཡང་ལས་པར་བཤད། གང་ལྟར། སྐྱེས་པ་ཆིབས་ལ་བསྐྱོན་པ་ལམ་དུ་ཆས་པའི་སྟ་གོན་བགྱི་བཞིན་པའི་སྣང་བརྙན་ཅིག་ཏུ་འདུག་འདི་ནི་ཡུལ་འདིའི་ཁ་སྐད་དུ་དུ་གླུད་མའམ་དུད་གླུད་མ་ཞེས་འབོད་པ་དེ་ཡིན། དེ་ཡང་འདིར་དུ་གླུད་ཅེས་པ་ནི་དུ་བ་དང་དུ་རྡུལ་གྱི་སྟེང་དུ་གླུད་གཏོར་བཅས་ནས་དེ་ཕྱི་རུ་འཕེན་པས་ན་དུ་གླུད་ཅེས་འབོད་པ་ཡིན་ཡང་སྲིད་ལ། འོན་ཀྱང་། ད་བར་ས་ཆ་ཡུལ་ལུང་གང་དུ་ཡང་ཁྱིམ་ཚང་རང་གིས་རང་ལ་བཅའ་བ་རིམ་གྲོ་སྒྲུབ་པ་དང་གླུད་གཏོར་འཕེན་པའི་སྲོལ་ཅིག་ཕལ་ཆེར་མི་འདུག་པ་དང་། དགེ་འདུན་པའམ་ཨ་མཆོད་ཀྱིས་རིམ་གྲོ་སྒྲུབ་པ་ནི་བོད་མི་ཀུན་གྱི་ལུགས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ན། ཨ་མཆོག་ས་ཆའི་ཁྱིམ་ཚང་སོ་སོ་ནས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་སྐྱེས་པ་ཞིག་གིས་ལྷ་བཤོས་རང་གིས་ལས་པ་དང་གླུད་འཕེན་གྱི་ཆོ་ག་རང་གིས་སྤེལ་བའི་ལུགས་འདི་ནི་ཕལ་ཆེར་ཁྱིམ་ཚང་གང་དེའི་ལོ་མཇུག་གི་གཞི་ཐོག་གི་རིམ་གྲོ་ལྟ་བུ་ཞིག་ཏུ་མངོན་པས་དུད་ཚང་གི་གླུད་གཏོར་ཏེ་དུད་གླུད་ཅེས་ཀྱང་འགལ་བ་མེད་པར་སྙམ། དེ་བས་འདིར་མིང་གཉིས་ཐོན་པ་ལ་དཔྱོད་ལྡན་རྣམས་ཀྱིས་མུ་མཐུད་དུ་དཔྱོད་པར་འཚལ། དེ་ནས། དུད་གླུད་མའི་ཁ་ཕྱོགས་ཁྱིམ་སྒོ་གང་དུ་ཡོད་པ་དེ་ལ་ཕྱོགས་དགོས་པ་དང་། དུད་གླུད་མའི་མཐའ་འཁོར་དུ་རྟ་དང་ནོར་དང་ལུག། གླང་སོགས་ཀྱི་གཡང﹙རྔ་རྔོག་ནས་བླངས་པའི་བལ་རྩིད་ཡིན﹚འཇོག་དགོས་པ་དང་། དེའི་སྟེང་དུ་བཟའ་མི་ཀུན་གྱིས་སྐྱེས་པ་ཕོའི་ལྷམ་གཡས་པའི་ནང་གི་ལྷམ་རྩྭ་དང་བུད་མེད་ཡིན་ན་ལྷམ་གཡོན་པའི་ནང་གི་ལྷམ་རྩྭ་ཉུང་ཙམ་རེ་འཇོག དེའི་རྗེས་སུ་བཟའ་མི་རེ་རེའི་ལག་གི་ལྷ་བཤོས་ཀྱི་བཅང་ངུ་ཆུང་ཆུང﹙ལན་ཆག﹚གིས་རང་རང་གི་དབང་ལྔ་སོགས་དང་ལུས་ཡོངས་ཀྱི་མི་བདེ་བའི་གནས་ཚད་ལ་སྦྱར་ནས་གླུད་ཀྱི་མཐའ་རུ་འཇོག་ལ། དེ་ལྟར་བྱས་ན་ལུས་ཀྱི་ན་ཚ་དང་མི་བདེ་བ་མཐའ་དག་སེལ་འགྲོ་བར་བཤད། མཇུག་ཏུ། བཟའ་མི་ཡོངས་ཀྱི་སྔུན་ལ་ཆུ་ནག་དང་དེའི་རྗེས་ཆུ་དཀར་གཉིས་ཀྱིས་ཁ་ལག་གཙང་མར་བཀྲུས་པའི་བཀྲུ་ཁུ་ཚང་མ་གླུད་ཀྱི་སྟེང་དུ་འཕོ་བ་དང་ཁ་ནས་ཁ་ཏོན་སོགས་འདོན་པར་བྱེད། དེ་ནས་མི་གཅིག་གིས་དུད་གླུད་མ་དེའི་ཁ་ཕྱོགས་སྒོ་རུ་གཏད་དེ་ཐད་ཀར་སྒོ་ཁྱིམ་ནས་ཕྱི་རུ་འཁྱེར་དགོས་ལ། ལོ་ལོན་རྐང་ལག་སྟབས་མི་བདེ་བ་མ་གཏོགས་བཟའ་མི་ཚང་མ་དེའི་རྗེས་སུ་ཁྱིམ་གྱི་ཕྱི་རུ་འགྲོ་ལ། ལམ་བར་དུ་ཁ་གྲགས་པ་སོགས་ཁ་ནས་སྒྲ་འབྱིན་པར་མི་བྱེད། གླུད་གཏོར་དེ་གད་འོབས་ཤིག་ཏུ་འཕེན་དགོས་པ་དང་། དེ་དང་མཉམ་དུ་ཤོག་བོའུ་སོགས་འཕེན་པར་བྱེད། སྔོན་ཆད་ཡིན་ན་མེ་བོའུ་རྒྱག་པ་དང་ཀི་འདེབས་པའང་ཡོད་ཟེར། དེ་ནས་ཁྱིམ་ལ་ཕྱིར་ལོག་པའི་ལམ་བར་དུ་ཁ་ཕྱིར་འཁོར་བའམ་ཕྱི་མིག་མི་བལྟ། ཁྱིམ་དུ་ལོག་པ་དང་དངོས་སུ་དགུ་ཐུག་ལ་རོལ་བ་ཡིན། འདི་ནི་དུད་གླུད་མ་འཕེན་པའི་བརྒྱུད་རིམ་ཧྲིལ་བོའོ། དེས་ན། འདི་ལས་ལོ་གཅིག་གི་མི་ཕྱུགས་རྒྱུ་གསུམ་གྱི་དགྲ་བགེགས་གདོན་གསུམ་ཕྱི་རུ་ཕྱུངས་ནས་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཆག་མི་འབྱུང་བའི་ཕྱྭ་འགུགས་གཡང་འབོད་ཀྱི་གདོད་མའི་འདུ་ཤེས་འཛིན་སྟངས་རྣམ་པ་ཁྱད་པར་བ་ཞིག་མཚོན་ཐུབ་ལ། བོད་མི་རིགས་ཀྱིས་རང་བྱུང་ཁམས་ལ་བཟུང་བའི་འཚོ་གནས་འཐབ་རྩོད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཀྱང་མཚོན་ཐུབ་པ་ཡིན།
གཉིས་པ། འོད་ཁང་འགྱོགས་པའི་སྲོལ།
བོན་པོ་རྣམས་གནམ་ལ་དགའ་བས་འདི་ནི་བོད་ཀྱི་ཆོས་འབྱུང་མང་པོ་ཞིག་ཏུ་མཐོང་སླ་བའི་སྐད་ཆ་ཞིག་ཏུ་གྱུར་པས་ཡིན་པའམ་ཡང་ན་གྲུབ་མཐའི་ཕྱོགས་ཞེན་གྱི་སྐད་ཆ་གང་ཡིན་ཁ་ཚོན་གཅོད་དཀའ་ན་ཡང་། བོན་གྱི་རིག་གཞུང་ཞིབ་འཇུག་ཁྲོད་དུ་རྨུ་﹙དམུ﹚ཐག་དང་རྨུ﹙དམུ﹚སྐས་སོགས་གནམ་དང་འབྲེལ་བ་ཡོད་པའི་མིང་བརྡ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པས་ན། ང་ཚོས་དེ་ལ་རྩད་གཅོད་ཞིབ་འཇུག་མི་བྱེད་པར་བཏང་སྙོམས་ཀྱི་འདུ་ཤེས་འཛིན་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཤིག་ཏུ་སེམས། དེས་ན། རྨུ་ཐག་སྐོར་གླེང་བ་ལ་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་མཐའ་གཅིག་ཏུ་ཞང་ཞུང་རིག་གནས་དང་འབྲེལ་ཡོད་ཀྱི་བོན་གྱི་རིག་གནས་ཤིག་གམ་ཡང་ན་གཉའ་ཁྲི་བཙན་པོ་དང་འབྲེལ་ཡོད་ཀྱི་མིང་གཅིག་ཡིན་པ་གང་ཡིན་ཀྱང་བོན་དང་འབྲེལ་ཡོད་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཡིན་པ་རྩོད་མེད་ཡིན་འདུག དེས་ན་འདིར་ཡང་འོད་ཁང་འགྱོགས་པའི་སྲོལ་དང་འབྲེལ་བ་གང་ཡོད་དམ་ཞེ་ན། ཐོག་མར་འོད་ཁང་ནི་ཐོས་པ་ཙམ་གྱིས་རྒྱའི་ལུགས་སྲོལ་གྱི་ལྒང་གཞུ﹙ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་སྒྱུར་བ་ལྟར﹚དང་འདྲ་བའི་མྱོང་བ་ཞིག་སྟེར་བ་མ་ཟད། ཐ་ན་མི་མང་པོ་ཞིག་གིས་ཀྱང་བོད་ཀྱི་ས་ཆ་རེ་འགན་ནས་འོད་ཁང་འགྱོགས་པའི་སྲོལ་འདི་རྒྱའི་ལུགས་སྲོལ་གྱི་ཤན་ཞུགས་པར་འདོད་ཀྱི་འདུག ཡིན་ན་ཡང་ཞིབ་ཏུ་བརྟག་ན་དེ་ལ་ཡང་མཐའ་གཅིག་ཏུ་ངེས་པ་མེད་དེ། ཨ་མཆོག་ས་ཆའི་འོད་ཁང་འགྱོགས་པའི་སྲོལ་འདི་ལ་ཆ་བཞག་ན། འོད་ཁང་དེ་ནི་ཆེས་སྔ་མ་ཤིག་ནས་ཀྱང་དར་བར་བཤད་ལ། འོད་ཁང་གི་སྒྲོམ་དབྱིབས་གྲུ་བཞི་དང་རྒྱུ་ཤིང་ལས་བྱས་པ་དང་། ཤིང་སྒྲོམ་གྱི་ཕྱོགས་བཞི་རས་དཀར་པོས་བཏུམ་ཡོད་དེ་ལས་འོས་ཁང་ཅེས་འབོད། འོད་ཁང་གི་ཞབས་མཐིལ་དུ་ས་དམར་ལས་བྱས་པའི་མཆོད་མེ་འགེར་བ་དང་། རས་དཀར་པོ་ཡིན་ན་གཅིག་ནས་མཆོད་མེའི་འོད་མི་འགོག་ཅིང་། གཉིས་ནས་ཕྱིར་ཡོང་གི་རླུང་འགོག་པར་བྱེད། ལོ་གསར་ཚེས་གཅིག་གི་སྔ་ཉིན་ནམ་ཚེས་ཉེར་དགུའམ། ནམ་གང་གི་ཉིན་མོར་འོད་ཁང་འགྱོགས་བྱེད་ཀྱི་དྲལ་ཡུ་སྟེ་ཤིང་ཕྲ་ཤིང་རིང་པོ་མི་འདོམས་ལྔ་དྲུག་གི་རིང་ཚད་ཡོད་པ་ཞིག་གི་རྩེ་མོར་སྤེན་མ་དང་ཤུག་པ་སྒྲོན་པ་དང་། རྩེ་ནས་མར་ཁྲི་གང་ཙམ་གྱི་སར་འཕྲེད་ཤིང་འདོམས་གང་གི་ཚད་ཙམ་འཕྲེད་དུ་ཐག་པས་དམ་པོར་བཀྱིགས་ཏེ་ཟུར་བཞིའི་རྒྱ་རུ་དམ་པོར་བཅས། འཕེད་ཤིང་གི་སྣེ་གཅིག་ཏུ་སྣ་ཤིང་ལྟ་བུ་སོགས་ཨ་ལོང་བཏགས་ནས་ནང་དུ་ཐགས་རིང་པོ་འདྲེན་པར་བྱེད་ལ་དེ་ནི་འོད་ཁང་འདོགས་ཐག་དང་འདྲེན་ཐག་ཡིན། འཕྲེད་ཤིང་གི་སྣེ་གཞན་གཅིག་ཏུ་ཤུགས་པ་སྒྲོན་པོར་བྱེད། འཕྲེད་ཤིང་དང་གཞུང་ཤིང་ཕན་ཚུན་བསྣོལ་ནས་གྲུབ་པའི་དབྱིབས་གྲུ་བཞི་ཡིན་ཞིང་དེ་ཡང་གྲུ་གསུམ་མ་གོང་འོག་གཉིས་ཀྱིས་གྲུབ་པ་ཞིག་ཡིན། གྲུ་གསུམ་མ་གོང་མ་གཏན་འཁེལ་བྱེད་སྤྱད་ཀྱི་ཐག་པ་དེར་རྨུ་ཐག་ཟེར་ཞིང་། རྨུ་ཐག་ལས་གྲུབ་པའི་མཐའ་གཉིས་དང་འཕྲེད་ཤིང་ལས་གྲུབ་པའི་ཟུར་གསུམ་མ་དེ་ནི་དྲལ་ཡུའི་རྩེ་ན་མཁའ་རུ་ཟུག་ཡོད། མཇུག་མཐར་རྨུ་ཐགས་གི་མཐའ་གཉིས་ལ་བལ་གྱིས་སྒྲོན་པར་བྱེད་ལ་དེ་ལ་བལ་རྒྱན་ཟེར། གོང་གི་གོ་རིམ་ཧྲིལ་བོ་ལ་དྲལ་ཡུ་ཡར་བསླངས་པ་ཟེར་ཞིང་། གོ་རིམ་དེ་ནི་སྟག་ཆུའི་འགྲམ་རྒྱུད་དུ་གནས་པའི་ཨ་མཆོག་ས་ཆའི་ཡུལ་སྡེ་སོ་སོ་རུ་ཕལ་ཆེར་གཅིག་མཚུངས་ཡིན་ལ་ཚེས་ཉེར་དགུའི་ཉིན་གཉིས་པ་ནི་གནམ་ལོ་སར་ཚེས་ཀྱི་ཚེས་འགོ་མ་ཡིན་ལ། གནམ་ལོ་གསར་ཚེས་ཀྱི་ཆེས་འགོ་མའི་ལས་དང་པོ་ནི་འོད་ཁང་སྒྲོན་རྒྱུ་དེ་ཡིན། ཉིན་འགའི་སྔོན་ནས་གྲ་སྒྲིག་བྱས་ཚར་བའི་ས་རྐོང་མཆོད་མེ་དེ་ངེས་པར་དུ་མཐོངས་གའི་སྐར་མ་མཐོང་སར་སྒྲོན་རྗེས་འོད་ཁང་དུ་འཇོག་དགོས་ཤིང་། དེ་ལས་སྐར་མ་ལེན་པ་ཡང་ཟེར། དེ་ནས་དྲལ་ཡུའི་རྩེ་རུ་ཐ་གུ་བརྒྱུད་ནས་འདྲེན་པར་བྱས་ཏེ་ནམ་སྟོད་ཀྱི་མཁའ་དབྱིངས་སུ་འོད་ཁང་དེ་ཕྲ་ལམ་མེར་མངོན་ལ་རྒྱངས་ནས་བལྟས་ཚེ་ནམ་མཁའི་སྐར་མ་ཞིག་དང་ཡང་ཀུན་ནས་མཚུངས། |