| རླུང་རྟའི་དར་ལྕོག་དང་ས་བདག་བ་དན།
བོད་མིའི་ས་ཁུལ་ཁག་གི་ལ་རྩེ་དང་། དགོན་པ། གྲོང་ཁྱིམ་སོགས་ཀྱི་སྒོ་འཕྱོར་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད། དར་ལྕོག་སློང་བའི་སྲོལ་དེ་བོད་བཙན་པོའི་རྒྱལ་རབས་སྐབས་སུ་དར་བ་སྟེ་བཙན་པོའི་དུས་སུ་དྲག་པོའི་ལས་ལ་མཁོ་བའི་མཚོན་ཆ་མདུང་དེ་ཉིད་སྦྲ་གུར་གྱི་མདུན་དུ་བཙུགས་ནས་དྲག་པོའི་ཟིལ་ཤུགས་ངོམས་ཚུལ་བསྟན་པ་ལས་བྱུང་སྙམ། དེ་ནས་ལོ་རྒྱུས་ཀྱི་གོམ་བགྲོད་བཞིན་མདུན་དུ་སྤོས་ནས་སྤྱི་ཚོགས་འཕོ་འགྱུར་དང་ཆབས་ཅིག་དྲག་པོའི་མཚོན་ཆ་མདུང་ཞིག་ནས་མཇུག་ཏུ་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རླུང་རྟ་གསོ་བའི་དར་ལྕོག་ཞིག་ཏུ་གྱུར། དར་ཚོན་སྣ་ལྔ་དེ་དག་སྟེང་འོག་གྱི་གཏན་འཁེལ་གོ་རིམ་ནི་རྩེ་མོར་དར་ཕྲུག་སྔོན་པོ་ནམ་མཁའ་དང་། དེ་འོག་དཀར་པོ་སྤྲིན་པ། དེ་འོག་དམར་པོ་མེ། དེ་འོག་ལྗང་གུ་ཆུ། དེ་འོག་སེར་པོ་ས་བཅས་ཡིན། དེ་རྣམས་སྐར་རྩིས་བཞིན་མི་སོ་སོའི་སྐྱེས་ལོའི་ལོ་འཁོར་ལྕགས་དང་། ཤིང་། མེ། ས། ཆུ་བཅས་ཁམས་ལྔ་མཚོན་ནས་སྦྱར་གྱི་ཡོད། རླུང་རྟ་ཞེས་པའི་ཡི་གེ་དེའི་རྟ་ནི་ཅང་ཤེས་རྟ་ལ་དཔེར་མཚོན་པ་སྟེ་གནའ་དུས་རྟ་ནི་བགྲོད་པ་མྱུར་བའི་དཔེ་ཞིག་ཡིན་སྟབས་རྟ་ཡིས་མྱུར་བར་ལམ་དུ་བགྲོད་པའི་དོན་བསྟན་པ་ཡིན། དེའང་འབྱུང་བའི་ཁམས་ལྔ་ལ་བརྟེན་པ་ཐམས་ཅད་འཕེལ་ཟད། འཁྲུག་གསུམ་མ་ཕྱིན་པར་སྙོམས་པོ་ཡོང་བ་དང་། ཉེས་པ་ནས་ལེགས་པར་བགྲོད་པ། ལྟས་ངན་ནས་བཀྲ་ཤིས་པར་བགྲོད་པ། རྐྱེན་ངན་ནས་ཕུན་སུམ་ཚོགས་པར་བགྲོད་པ་དང་། ནོར་བུ་ནི་དགོས་འདོད་ཀུན་འབྱུང་གི་མཚོན་རྟགས་ཡིན། དེ་ནི་རྟ་མཆོག་ནོར་བུ་མཚོན་བྱེད་ཀྱི་རི་མོའི་དོན་ཡིན། ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་ཡོད་པ་ལས་སྟག་ནགས་ཚལ་ལ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས། (ནགས་རླུང་)མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ། རླུང་ནི་ཀུན་ཏུ་ཁྱབ་པས་ནམ་མཁའི་ཁམས་ཏེ་ནགས་ཚལ་དང་། རི་བོ། བར་སྣང་། རྒྱ་མཚོ་རྣམས་འབྱུང་བའི་མཚོན་དཔེ་བཀོད་པ་དེ་དག་ལ་གནས་པའི་སེམས་ཅན་དེ་རྣམས་ཀྱིས་འབྱུང་བའི་མཚོན་དཔེར་བཀོད། འབྱུང་བའི་བྱེད་ལས་ཀྱི་མཚོན་བྱེད་གཙོ་བོར་སྟོན་པ་ཤེས་ཐུབ་པ་རེད། ལོ་ལྟར་རླུང་རྟའི་ཁམས་མཐུན་ལྟར་དར་ལྕོག་འཛུགས་སྲོལ་ཡོད་པས་ཀུན་གྱི་ལག་ལེན་ཡིན། དར་ཅོག་འཛུགས་པའི་ཚེས་ནི། བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོར་གཟིགས་ན་མཐོང་།
ཁྱིམ་གསར་འཛིན་པའི་བྱ་སྒོའི་སྲོལ།
བོད་རིགས་ས་ཁུལ་གྱི་གོམས་སྲོལ་ལྟར་ཁྱིམ་ཚང་གང་འདྲ་ཞིག་ཡིན་ཡང་ཕན་ཚུན་སྤོ་བཞུགས་བྱེ་སྐབས་སྦྲ་མཁར་གསར་འཛིན། སྔོན་ལ་སྨན་རྩིས་ཁང་གི་ལོ་ཟླའི་རྩིས་འབྲས་ལྟར་ལོ་ཟླའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་ཧ་ཅང་བཟང་བ་ཞིག་དང་བསྟུན་ནས་གནས་དེར་སྤོ་དགོས་ཀྱི་ཡོད། དང་ཐོག་གནས་དེར་གཙང་སྦྲ་ལེགས་པར་བྱས་རྗེས་ཚེས་བཟང་དེའི་ཉིན་སྔོན་ལ་ཕྱོགས་ངན་དང་། ས་བདག་གི་གནོད་པ། གཟའ་སྐར་འཕྲོད་སྦྱོར་ངན་པ་སོགས་ཞི་བར་བྱེད་པའི་ཆེད་དུ་སྲིད་པ་ཧོའི། (སྲིད་པ་ཧོའོ་ནི་ལས་བཟང་ངན་གང་དང་། ཕྱོགས་འགྲོ དེ་བཞིན་མི་སོ་སོའི་ལུས་ལ་འཆང་བའི་ལོ་སྐོར་ )ཞིག་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་ཞིག་འཁྱེར་སྲོལ་ཡོད། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་སྟོང་ཉིད་དངོས་སུ་རྟོགས་ཏེ་རྣམ་རྟོག་ཀུན་དང་བྲལ་ནས་ཚེ་ཡི་གྲུབ་པ་བརྙེད་པ་ཞིག་ཡིན་པས་ཁྱིམ་དེར་བར་ཆད་ཞི་བ་དང་། ཚེ་རིང་ནད་མེད། བྱ་བ་ལམ་འགྲོ། ལོངས་སྤྱོད་འཛོམས་པ་བཅས་ཀྱི་ཆེད་དུ་ཡིན་པར་གྲགས། དེ་ནས་ཕུད་དང་ལྕི་བ་སྒྱེ་གང་བཅས་ལ་ཁ་བཏགས་རེ་བརྒྱན་པ་འཁྱེར་ནས་གནས་ཁང་དེའི་ནང་དུ་དགེ་འདུན་པའམ་རྣལ་འབྱོར་པ་ཞིག་གིས་རྩིས་འབྲས་ཀྱི་ཕྱོགས་གཙང་ལྟར་ཞལ་ཕྱོགས་ནས་གྲུབ་ཐོབ་ཀྱི་སྐུ་དེ་སྒྲིག་གཤོམ་བྱས་རྗེས་ཁང་པའི་ཡང་སྟེང་ངམ་སྒོ་རའི་ནང་དུ་སྐུ་བསང་ལེགས་པར་ཕུལ་ཏེ་སྡེ་བརྒྱད་གསེར་སྐྱེམས་དང་ལྷ་བསང་རྣམ་དག་ཆོས་སྐུ། བཀྲ་ཤིས་བརྩེགས་པ་སོགས་གསུངས་རྣམ་དག་ཆོས་སྐུ། བཀྲ་ཤིས་བརྩེགས་པ་སོགས་གསུངས་ནས་ཆ་རྐྱེན་འཛོམས་ན་ཁྲུས་གསོལ་རབ་གནས་བཅས་མཛད་སྲོལ་ཡོད། སྐར་འཛིན་ལེགས་པར་ཟིན་རྗེས་ཁྱིམ་ཆས་རྒྱུ་དངོས་རྣམས་རིམ་བཞིན་གནས་སྤོས་སྒྲིག་གཤོམས་གནང་གི་ཡོད། དེར་བརྟེན་རྒྱ་ཆེའི་ཆོས་དད་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་སྔར་སྲོལ་གྱི་མེས་པོའི་ཤུལ་བཞག་དང་། རང་མི་རིགས་ཀྱི་ལོ་རྒྱུས་གོམས་སྲོལ་མི་ཉམས་གོང་འཕེལ་ཡོང་ཆེད་ཡི་གེར་བཀོད་པ་ཡིན་ནོ།
ཁང་པ་གསར་རྒྱག་གི་བཅོས་ཐབས།
ཚེ་གཅིག་གནས་པའི་ས་མཁར་གསར་བཞེངས་དང་། ཁྱིམ་སྦུབ་བྱ་བ་ཆེ་ཕྲ་མ་ལུས་ཀུན། གཙུག་ལག་རྩིས་འབྲས་མ་འོང་ལུང་བསྟན་ནས། རགས་རིམ་གསལ་བཀོད་འདི་ན་གསལ་བར་སྣང་། ཞེས་པ་ལྟར་ས་མཁར་སློང་བའི་དུས་ཚེས་དགེ་བའི་འབྲས་བུ་ལས་ཐོག་མར་གཟའ་ལྷག་པ། པ་སངས། ཕུར་བུ་གང་རུང་དང་། ཚེས༣ ༧ ༡༡ ༡༣ ༡༤ ༡༥ ༢༣ ༢༥ རྣམས་གང་རུང་ལ་ཐོག་མར་ཁང་པ་རྒྱག་སའི་ས་གཞི་དེར་ཕྱོགས་གཙང་ལ་བལྟས་ཏེ་སྲིད་པ་ཧོའི་བཀལ་བཀའ་ནས་དགེ་འདུན་གདན་དྲངས་ཐོག་རབ་ནི་ས་བདག་ལྟོ་འཕྱེའི་ཐིག་གདབ་ནས་ས་བཅོས་བྱེད་དགོས། དེ་མིན་ན་བདག་མདོ་བཞིའམ་ཡང་ན་མདོ་དྲུག་ཟེར་(བཞི་ནི་དག་པ་མདོ་ཐིག གནམ་ས་སྣང་བརྒྱད། ཉེས་པ་ཀུན་སེལ། བཀྲ་ཤིས་བརྩེགས་མདོ་བཅས་བཞི་དང་། དེའི་སྟེང་དུ་གཟའ་ཡུམ་དང་སྐར་ཡུམ་བརྩིས་པས་དྲུག་གོ་)བ་དང་ཆབས་ཅིག་བསང་དང་སྡེ་བརྒྱད་གསེར་སྐྱེམས་བཅས་གསུང་སྒྲོག་ནས་ཡོས་ཚིག་དཀར་ནག་གཏོར། དེ་ནས་ས་གཞི་ཁ་དབྱེ་བའི་སྐས་ཕྱོགས་གཙང་ལ་ཞལ་གཟིགས་ཏེ་དགེ་འདུན་དེས་ས་རློག་དགོས། དེ་ཡང་དང་ཐོག་གཙོད་རྭའམ་ཡང་ན་དགོ་རྭས་ས་དེ་བྲུས་ནས་(གཙོད་རྭ་དགོ་རྭ་དྲེད་མོང་སྦར་མོ་སོགས་གང་རུང་གིས་བྲུས་དགོས་པའི་རྒྱུ་མཚན་ནི་ས་བདག་ཀླུ་གཉན་གྱི་གནོད་པ་མི་ཡོང་པའི་ནུས་པ་ཡོད་ལ།དེ་ནི་དྲག་པོའི་ལས་ཀྱི་ལག་ཆ་ཡིན་)གཏིང་རིང་ཐུང་ཁྲུ་གང་ཙམ་བྲུས་ནས་རྗེས་སུ་ས་འཇོར་གྱིས་བྲུས་རྗེས་(ས་འཇོར་འཁྱེར་མཁན་དེ་ནི་རྩིས་འབྲས་བཞིན་ལོ་རྟགས་མཐུན་པ་མིང་བཀྲ་ལེགས་པ། ཕ་མ་ངོས་འཛོམས། དབང་པོ་སྐྱོན་ཅན་མ་ཡིན་པ་ཞིག་དགོས་ཞེས་འཁོད་ཡོད་)དེ་ནས་ས་སྦར་གང་ཙམ་དངོས་གྲུབ་ཀྱི་ཆེད་དུ་ཚུར་བླངས། དེ་ནི་གཡང་རྟེན་དུ་གཡང་ཁུག་གི་ནང་དུ་ཉར་སྲོལ་ཡོད། དེའི་ཚབ་ཏུ་སླར་ཡང་ས་དོང་ནང་རིན་ཆེན་སྣེ་འཛོམས་སམ་ཡང་ན་འབྲུ་རིགས་སྣ་ལྔ་ས་བདག་ལ་ཕུལ་བའི་ཚུལ་དུ་ཕར་བླུགས་ནས་སྨོན་ལམ་དང་བཅས་བཞག དེ་འདྲའི་སྐབས་སུ་ཟླ་ནག་ལ་སོགས་འཁེལ་ན་སྒྲིབ་བཅོས་བྱེད་དགོས། ཟླ་ནག་སྒྲིབ་ན་འདི་ལྟར་རོ། དར་རམ་རས་དཀར་པོ་ཁ་ཚར་མ་ཉམས་པ་ཞིག་འཕྱར། མར་གྱི་དཀར་བསུར་བཏང་། ཕྱོགས་བཞི་ལ་ས་དམར་གཏོར་རམ་གཡག་གམ་ལུག་གི་མགོ་དཀར་དར་སྣ་བཏགས་པས་སྒྲིབས། སྒྲུབ་བྱ་ནི་ཆུ་གཏོར་གཟུངས་བསྡུས་བཀླག་པས་ཐུབ། ཉི་ནག་འཁེལ་ན་དམར་བསུར་གཏོང་། དར་རས་ཁ་ཚར་མ་ཉམས་འཕྱར། ཉེས་པ་སེལ་ཞེས་རྩིས་གཞུང་གསལ། ཟིན་ཕུང་སྒྲིབ་ན་ར་མགོ་ལ་མེ་ལོང་བཏགས་པར་གླིང་དགུ་བྲིས། ཕྱོགས་དེར་འཕྱར་བའི་ཉེས་པ་ཐུབ། མཁར་ལས་གནམ་སྒོ་སྒྲིབ་པ་ན། ཟོར་བ་གོག་པོ་གནམ་དུ་འཕྱར། བྲེ་ཡི་ནང་དུ་སྲན་གཟན་དང་། མི་རྒན་ལོང་བའི་གཟུགས་བཅོས་པའི། ཁོང་པར་དགྲ་འདྲེའི་མིང་བཅུག་སྟེ། གྲོང་པའི་ཕྱུགས་རྭའི་རྩིགས་རྨང་དུ། མནན་ལ་རྣམ་འཇོམས་གཟུངས་སྔགས་བཟླ། དྲུག་གསུམ་བཟློག་པའི་ཡང་སྙིང་བགྲང་། དུ་རུ་དུ་རུ་ཧྲི་དཀྲེནྟཝ། ཞེས་གསུངས་པའོ། སྤྱི་བཅོས་ནི། བ་བའི་རིགས་མཐའ་དག་ལ་གཏོ་བཅོས་བྱེད་མཁན་མ་རྙེད་ན། ཟག་སྣོད་དམ་དཀར་སྣོད་གང་རུང་ཞིག་ནང་ཕྱོགས་ངན་ལ་ཁ་གཏད་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཕྱོགས་དེར་ཁ་སློག་ཏེ་བཞག་པས་གནོད་ངན་ཀུན་ཐུབ་པར་ནུས་སོ། མདོར་ན་དགེ་བ་ཅི་ཞིག་ཡོད། འོན་ཀྱང་གང་ལ་གང་བསྔགས་པའི། མཆོད་སྦྱིན་ལ་སོགས་གཙོ་བོར་གཅེས། གཞན་ཡང་རྒྱལ་བའི་གསུང་རབ་སྒྲོག འཕྲལ་ཕུགས་ཀུན་བདེའི་ཐབས་ལ་འབད། ཅེས་སོ། ། |