གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། དམངས་གླུའི་སྐོར་ཅུང་ཙམ་མཚམས་སྦྱོར་བྱེད་པ།
སྤེལ་དུས།2015-06-01   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

༡ དམངས་གླུའི་གོ་དོན།
       
དམངས་གླུ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ལ་བྱ་ཞིང་། ཁོ་ཚོའི་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་འཁྲོལ་བ་ཡིན། རྒྱའི་གོང་མ་ཧན་རྒྱལ་རབས་ཀྱི་སྐབས་སུ་བྲིས་པའིམའོ་ཧྲིའི་གླེང་གཞིའི》《毛诗序ནང་དུ། གླུ་དང་རོལ་མོ། ཞབས་བྲོ་གསུམ་གྱི་འབྲེལ་བ་ཇི་ལྟ་བུ་ཡིན་པ་སྙིང་བསྡུས་ཀྱིས་བསྟན་ཡོད་པ་སྟེ། སྙན་ངག་ཅེས་བྱ་བ་ནི། བློ་ཡི་ཁྱབ་ཕྱོགས་ཤིག་སྟེ། སེམས་ལ་ངེས་པ་ནི་བློ་ཡིན་ལ། དེ་ངག་ལས་འཁྲོལ་བ་ནི་སྙན་ངག(གླུ)གོ། དེ་ཡང་སེམས་གཡོས་པ་ལས་ངག་གྲུབ་པ་དང་། ངག་གི་བརྡ་ཇི་བཞིན་དུ་མ་འཕྲོད་པས་གླུ་བྱུང་བ་དང་། གླུ་ཡིས་ཀྱང་མ་ནུས་པས་སྟངས་སྟབས་བྱུང་བའོ་ཞེས་གསུངས།  དེས་ན། དང་ཐོག་གླུ་དང་རོལ་མོ། ཞབས་བྲོ་གསུམ་ནི་གཞི་གཅིག་ཏུ་འབྲེལ་ཡོད་པ་ཞིག་ཡིན་པ་ལས་སོ་སོར་རང་ཚུགས་སུ་ཡོད་པ་ཞིག་མ་ཡིན་ལ། དེ་དག་ཕན་ཚུན་གྱི་བར་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། དེ་གསུམ་གའང་མི་རྣམས་ཀྱི་བསམ་པའི་བརྩེ་དུངས་ཆེས་ཆེར་འཕེལ་བ་ལས་བྱུང་བ་ཞིག་ཡིན་པ་བདེན་དཔང་བྱས་པ་རེད། དབྱིན་ཇིའི་སྙན་ངག་ཞིབ་འཇུག་པ་ཆའོ་ཀྲི་ཐང་མུའུ་སུན་གྱིསགླུ་ཡི་བྱུང་བ་བརྗོད་པཞེས་པ་ལས། གདོད་མའི་དུས་སྐབས་སུ་མི་རྣམས་ཀྱིས་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་རིམ་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ། ལུས་ཀྱི་གྲུབ་ཆ་དང་ངག་གི་གྲུབ་ཆ་རེད། སྔ་མ་དེ་འཕེལ་རྒྱས་སུ་སོང་བ་ལས་ཟློས་གར་དང་། ཕྱི་མ་དེ་འཕེལ་རྒྱས་སུ་སོང་བ་ལས་སྐད་ཆ་བྱུང་བ་རེད།  སྐད་ཆ་ནི་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་ང་རོ་ཙམ་ཡིན་ལ།  ཕྱིས་སུ་འཕེལ་རྒྱས་སུ་ཕྱིན་ཏེ་གླུ(སྙན་ངག)ཡི་སྐད་ཆ་དང་སྤྱིར་བཏང་གི་སྐད་ཆ་བྱུང་བ་རེདཅེས་གསུངས་པ་ལྟར། གདོད་མའི་མི་རྣམས་ཀྱི་ཐུན་མོང་བའི་ངལ་རྩོལ་ཁྲོད་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་ང་རོ་ཙམ་སྟེ་སྒྲ་གདངས་བྱུང་བ་དང་། སྒྲ་གདངས་ཀྱི་འགྲོས་དེ་ནི་དབྱངས་ཡིན་ལ། ཕྱིས་སུ་འཕེལ་རྒྱས་སུ་ཕྱིན་ཏེ་སྐད་ཆ་བྱུང་བའི་རྗེས་སུ་དབྱངས་དེ་ལ་ཚིག་སྦྱར་བས། གླུ་དང་སྙན་ངག་བྱུང་ཞིང་།  ཡི་གེ་བྱུང་རྗེས་ཡིག་ཐོག་གི་སྙན་ངག་བྱུང་བ་དང་།  རིམ་གྱིས་གླུ་བ་དང་སྙན་ངག་མཁས་པ་རྣམས་བྱུང་བ་རེད། གླུ་དེ་ཡང་ཐོག་མར་མི་གཅིག་གིས་ངག་ཐོག་ནས་མ་ཡིག་ཐབས་ཆག་ཅིག་བརྩམས་ཤིང་། བརྒྱུད་སྤེལ་གོ་རིམ་ཁྲོད་ཐུན་མོང་བའི་དག་བཅོས་དང་། མཐོར་འདེགས། གཏན་འཁེལ་བཅས་བྱས་པའི་བཙོ་སྦྱང་གི་ནུས་པ་ཀུན་ལས་བཟང་བའི་ཐུན་མོང་གི་རིག་པའི་ཉིང་བཅུད་ཡིན་ལ། རྣ་བར་སྙན་ཞིང་ཡིད་འཕྲོག་པ་དང་། ཉམས་དང་འགྱུར་བ་དད་མ་དང་ལྡན་པ། དཔེ་དང་རྒྱན་སྣ་ཚོགས་པས་ཕྱུག་པ་སོགས་ཐུན་མོང་གིས་གསར་དུ་བསྐྲུན་པའི་ངག་ཐོག་གི་སྙན་ངག་ཀྱང་ཡིན། ངག་ཐོག་གི་སྙན་ངག་དེ་དག་ནི་བོད་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།  སྤྱི་ཚོགས་ནང་གི་སྣང་ཚུལ་འདྲ་མིན་སྣ་ཚོགས་དང་འབྲེལ་ནས་གནས་པ་ཡིན། གླུ་ལེན་སྐབས་དེར་དམིགས་ཡུལ་ཡང་ངེས་ཅན་ཞིག་ཡོད་དེ། ངག་སྒོའི་སྒྲ་གདངས་དྲག་ཞན་བར་མ་གསུམ་གྱི་སྒོ་ནས་བཀའ་འབབ་པ། བཀའ་བཀྱོན་གནང་བ། ཕོ་ཉ་གཏོང་བ། ཡི་གེ་སྐད་དུ་བསྐུར་བ། གྲོས་འདེབས་པ། གཟེངས་སུ་བསྟོད་པ། ཟུར་ཟ་བྱེད་པ། ཁྲོམ་ནས་ཁ་རྩོད་རྒྱག་པ། སྐྱོ་བའི་མནར་སྡུག་བརྗོད་པ། ཚོགས་སུ་དགའ་བའི་གླུ་ལེན་པ། མཐུན་པའི་གྲོགས་ལ་གཞས་གཏོང་བ་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་བརྩེ་དུངས། མཛེས་དཔྱོད་ཀྱི་ལྟ་བ་དང་སྒྱུ་རྩལ་སྤྲོ་སྣང་བཅས་བརྗོད་བྱ་སྣ་འཛོམས་ཤིག་ལ་དབྱངས་རྟ་སྣ་འཛོམས་བཀོལ་ནས་རྩོམ་པ་པོའི་བློ་དེ་སྤྱི་ཚོགས་ལ་ངག་གི་དབྱངས་རྟ་མི་འདྲ་བའི་ལམ་ནས་ཁྱབ་དགོས། ཁྱབ་ཡུལ་གྱི་དབང་གིས་ལྷ་སའི་གཞས་དང་ཨ་མདོའི་གླུར་འབོད་པའི་གླུ་ཡི་སྤྱི་མཚན་དུ་གོ་བའི་གླུ་འདི་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངག་གི་དབྱངས་རྟའི་འགྱུར་ཁུགས་ཀྱི་སྒྱུ་རྩལ་ཞིག་ལྡན་པས། དམངས་ཁྲོད་ཀྱི་ངག་རྒྱུན་དང་གཏམ་རྒྱུད་སོགས་ཚིགས་ལྷུག་གི་རྣམ་པ་ཅན་དང་། གཏམ་དཔེ་དང་ཁེད་སོགས་ཚིགས་སུ་བཅད་པའི་རྣམ་པ་ཅན་གྱི་རྩོམ་ལུས་གཞན་དག་དང་མི་འདྲ།
       
གླུ་ཞེས་པ་ནི་འདོད་རྒྱལ་མིང་སྟེ། ཏུང་ཧོང་ཡིག་ཚངལྟར་ན།  བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡར་སྔོན་དུ་མགུར་དང་། གླུ། མཆིད་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པ་ལས། འདི་མགུར་ཡིན་པ་ལས་གླུ་མིན་ཞེས་དང་། ཡང་དེ་གླུ་ཡིན་པ་ལས་མགུར་མིན་ཞེས་དབྱེ་བ་བྱེ་བྲག་ཏུ་དགར་རྒྱུ་མི་འདུགས་པས། ཐ་སྙད་དེ་གསུམ་པོ་གོ་དོན་ཡོངས་སུ་མཚུངས་པའི་གླུའི་སྤྱི་མཚན་ལ་གོ  དཔེར་ན། བསྟན་འགྱུརགྱི་ནང་དུ་བཞུགས་པའི་ཆོས་གླུ་དེ་དག་ལའང། མགུར་དང་གླུ་ཡི་ཐ་སྙད་གཉིས་ཀ་འབྱུང་སྟེ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུཞེས་དང་། དཔལ་རྡོ་རྗེ་མཁར་འགྲོ་མའི་མགུརཞེས་སམ། མཁའ་འགྲོ་བརྡའི་མགུརཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུཞེས་པ་ལྟ་བུ་སོགས་རྒྱ་ཆེར་འབྱུང་ལ། ཏུང་ཧོང་ཡིག་ཚངདུ་འང་རྗེ་བློན་རྣམས་ཀྱིས་གླུ་དང་མགུར་བླངས་པའི་སྐོར་མང་དུ་འབྱུང་བ་ལས་ཀྱང་རྟོགས་ནུས་ཏེ། དཔེར་ན། སེང་གོ་མྱི་ཆེན་གྱིས་དྭགས་པོ་ཡོངས་འབངས་སུ་བཀུགས་རྗེས། བཙན་པོ་རྗེ་འབངས་ཀྱིས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ།། འུང་གི་ཚེ་ཁྱུང་པོ་སྤུང་སད་ཀྱི་གླུ་བླངས་པའི་ཚིག་ལཞེས་དང་། ཡངདེ་ནས་དབའས་དབྱི་ཚབ་ཀྱིས་མཆིད་བླངས་པ་ཞེས་དང་། བཙན་པོ་ཁྲི་སྲོང་བཙན་གྱིས་མགུར་བླངས་པ། ཀྱེ་རྗེའི་ནྀ་མཚན་པ་འདི།། ཁྲྀ་འི་ནྀ་སྲོང་བརྩན་ཞིག། བློན་གྱྀ་ནི་མྱིང་བ་འདྀ།། སྟོང་རྩན་ནི་ཡུལ་ཟུང་ཞྀག། ཆིབས་ཀྱི་ནི་མྱིང་བ་འདྀ།། རྔུལ་བུ་ནྀ་གཙང་གཙང་རྟཞེས་པ་ལྟ་བུའོ།། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་པ་དང་དགེ་འདུན་གྱི་སྡེ་གྲུབ་པ། སད་མི་མི་བདུན་རབ་ཏུ་བྱུང་བ་སོགས་སངས་རྒྱས་ཀྱི་བསྟན་པ་སྤེལ་སའི་གནས་ངེས་ཅན་དང་།  སྤེལ་མཁན་གྱི་མི་ངེས་ཅན།  སྤེལ་བྱེད་ཀྱི་འགྲོ་གྲོན་ངེས་ཅན་བྱུང་བ་དང་མཉམ་དུ་སངས་རྒྱས་ཀྱི་བསྟན་པ་དེ་བོད་གངས་ཅན་གྱི་ལྗོངས་སུ་རྩ་བ་ཚུགས་པ་ནས་བཟུང་དམངས་ཁྲོད་དུ་དར་བའི་གླུ་དང་ཆོས་ལུགས་པའི་ནང་དུ་དར་བའི་མགུར་ཏེ་ཡན་ལག་གཉིས་སུ་གྱེས་ཤིང་། ཆོས་ལུགས་པ་རྣམས་ཀྱིས་ཀྱང་དམངས་ཁྲོད་ཀྱི་མགུར་གླུ་བེད་སྤྱད་དེ་མི་སེར་ལ་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱས། ཡིན་ནཡང་། བོད་ཀྱི་སྤྱི་ཚོགས་ལ་ཆོས་ལུགས་ཀྱི་ཤན་ཞུགས་གཏིང་ཟབ་པས། དམངས་ཁྲོད་ཀྱི་གླུ་སྤྱིར་བཏང་བའི་ནང་དུའང་ཆོས་ལུགས་ཀྱི་བསམ་བློ་དང་ལྟ་བ་ངེས་ཅན་ཞིག་ཡོད་པ་ནི་ངེས་པར་དུ་ཤེས་དགོས།
       
གཞན་ཡང་། མགུར་དང་གླུ་གཉིས་ལའང་ནང་གསེས་ཀྱི་དབྱེ་བ་ཡོད་པར་གྱུར་ཏེ། དེང་སང་མགུར་ཞེས་པ་ནི་བླ་མ་དང་བཙུན་པ་རྣམས་ཀྱིས་མཛད་པ་ལ་གོ་བ་དང་། གླུ་ཞེས་པ་ནི་མི་སེར་དཀྱུས་མ་རྣམས་ཀྱིས་ལེན་པ་ལ་གོ་བ་ལྟར་སྣང་ཡང་།  དེང་སང་ཁམས་ཕྱོགས་སུ་མགུར་གླུ་ཞེས་པ་དེ་གཙོ་བོ་ཕོ་མོའི་བར་གྱི་འཇིག་རྟེན་སྣང་བ་བརྗོད་པའི་ཨ་མདོའི་ལ་གཞས་ལྟ་བུར་གོ་ཞིང་། མགུར་ཞེས་པས་ཆོས་ཕྱོགས་ཀྱི་བརྗོད་བྱ་མཚོན་པ་དང་།  གླུ་ཞེས་པས་ཤགས་དང་ཁ་མཚར་སོགས་མཚོན་པར་བཤད་ལ། དེ་ཡང་ཁམས་ཀྱི་མགུར་གླུ་ཞེས་པ་དེ་དཔེར་ན། དབྱར་ཆུ་ཆེ་ན་ཆེ་ཆོག། དགུན་ཆུ་ཆུང་ན་ཆུང་ཆོག། ཆུང་འདྲེས་བྱམས་པ་ངེད་གཉིས།། ཆུ་མགོ་སྐོར་ནས་བསླེབས་ཡོང་ཞེས་དང་། ཆུང་འདྲེས་ཁྱེད་ལ་ཅི་དགོས།། ཅི་དགོས་བདག་ལ་ཟེར་ཤོག། ནམ་མཁའི་སྐར་མ་དགོས་ན།། སྐས་འཇའ་བཙུགས་ནས་ལེན་ཆོག། ཕ་རུ་སྤང་ཁམས་སྟེང་ན།། ར་ལུག་བརྒྱ་དང་བརྒྱད་ཅུ།། རང་རང་དགའ་བའི་ར་ལུག། ཚོན་རྟགས་དམར་པོ་རྒྱབ་ཡོད་ཅེས་པ་ལྟ་བུས་མཚོན་ནོ།།
       
གླུ་ཞེས་པའི་ཐ་སྙད་འདིའི་མ་གཞིའི་གོ་དོན་ཡོངས་སུ་མ་ཉམས་ན་ཡང་། དེང་སང་ཁྱབ་ཆེ་ཆུང་གི་དབྱེ་བ་ཡོད་པ་སྟེ། དཔེར་ན། རྒྱ་གླུ་དང་བོད་གླུ་སོག་གླུ་སོགས་མི་རིགས་ཤིག་གི་གླུ་ལ་དབྱེ་དུས་བརྗོད་བྱ་ཁྱབ་ཆེ་བ་དང་། ཡང་ད་ལྟ་མདོ་སྨད་ཀྱི་ཡུལ་དུ་དར་ཁྱབ་ཆེ་བའི་ཚེག་བར་བརྒྱད་ཅན་གྱི་ཤོ་ལོ་ཀ་གསུམ་དང་ལྡན་པ་དེ་ལ་གླུ་ཞེས་བརྗོད་ཚེ་བརྗོད་བྱའི་ཁྱབ་ཆུང་བ་ལྟ་བུ་ཡིན། དེར་མ་ཟད། དབུས་གཙང་ཁམས་གསུམ་དུ་དར་བའི་ཚེག་བར་དྲུག་ཅན་གྱི་གཞས་དང་། མདོ་སྨད་དུ་དར་བའི་རི་གླུའམ་ལ་གཞས། གླུ་ཤགས་དང་ཚིག་རྒྱག་རྣམས་ཀྱང་མ་གཞིར་བོད་རང་གི་གླུ་ཡིན་ན་ཡང་། དེ་དག་ལ་སོ་སོར་མིང་ལོགས་སུ་སྦྱོར་རྒྱུ་ཡོད་པ་ལྟ་བུའོ།།
༢ དམངས་གླུའི་བྱུང་འཕེལ། 
       
བོད་ཀྱི་དམངས་གླུ་དེ་དུས་ནམ་ཞིག་ནས་བྱུང་བ་ཡིན་ཞེ་ན་དངོས་གནས་བཤད་དཀའ་བ་ཞིག་ཡིན།ལ་དྭགས་རྒྱལ་རབསསུ། གླུ་དང་བྲོ་གཉིས་ནི་བོད་ཀྱི་རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་བྱུང་བ་ཡིན་ཟེར་ཡང་། ཏུང་ཧོང་ཡིག་ཚངདུ། བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བྱུང་བའི་མགུར་བཀོད་ཡོད་པས།  གླུ་བྱུང་བའི་དུས་སྐབས་ནི་དེ་དག་ལས་ཀྱང་ཤིན་ཏུ་སྔ་བ་རིགས་པས་གྲུབ་འདུག  ཉིང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུདལས། བོད་ཀྱི་རྒྱལ་བོ་ལ་སྔ་བ་གཉའ་ཁྲི་བཙན་པོ། དེའི་སྐུ་རིང་ལ་སྒྲུང་རྒྱུད། གཏམ་རྒྱུད། ལྡེའུ། བྲོ་གར། གླུ་གཞས་སོགས་བྱུང་ཞེས་པ་ཡང་དུས་སྐབས་དེར་ཐོག་མར་བྱུང་བ་ཙམ་ལ་མི་གོ་བར། སྐབས་འདིར་དེ་རྣམས་བོད་སྤྱི་ཚོགས་ཡོངས་སུ་དར་ཁྱབ་ཆེ་རུ་སོང་བར་གོ་བས། མ་མཐའ་ཡང་ཡུལ་ཡར་ཀླུང་གི་ཕྱོགས་དེ་ནས་མིའི་འགྲོ་བ་བྱུང་ནས་ཚད་ངེས་ཅན་ཞིག་ལ་བསླེབས་ཏེ་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱེད་མ་ཐུབ་པར་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་དོ་ཅོག་ལ་ལྷ་འདྲེ་ཞུགས་ཡོད་པར་འདོད་དེ་སྔངས་སྐྲག་གི་བསམ་པ་དང་བཅས་ཏེ་ལྷ་རུ་བཀུར་བ་དང་།  ལྷ་དེ་དག་གདོད་མའི་མི་རྣམས་ཀྱིས་མཆོད་བསྟོད་བྱེད་ཡུལ་དུ་གྱུར་བ་ནས་བཟུང་དམངས་གླུའི་རྣམ་པ་ཅན་གྱི་བསྟོད་ཚིག་དང་མཆོད་ཚིག་མང་བོ་བྱུང་། མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་ཁྲོད་རི་དྭགས་རྔོན་པའམ། ཡང་ན་དོན་སྙིང་ལྡན་པའི་ལས་ཀ་འདྲ་བྱེད་སྐབས་རང་གི་བསམ་དོན་བདེ་བླག་ངང་འགྲུབ་པར་བྱེད་པའི་ཆེད། ལྷ་དེ་དག་རང་གི་བསམ་བློའི་རྒྱབ་རྟེན་ཏུ་བཅོལ་ནས་མཆོད་བསྟོད་བྱེད་པའི་སྲོལ་དེ་བྱུང་བ་རེད། རིམ་གྱིས་སྲོལ་དེ་ཁྱབ་ཆེ་རུ་ཕྱིན་ཏེ་དཔའ་བོ་གཡུལ་དུ་ཞུགས་པ་དང་། ཕོ་གསར་ཇག་ལ་ཆས་པ། མོ་གསར་བག་མར་རྫོང་བ། ལོ་གསར་དང་དུས་ཆེན་ལ་སོགས་པའི་སྐབས་སུ། ཡུལ་ལྷ་གཞི་བདག་དང་ཕོ་ལྷ་དགྲ་ལྷ་སོགས་གང་ལ་གང་འབྲེལ་གྱི་ལྷ་དེ་དག་ལ་མཆོད་བསྟོད་བྱེད་པའི་གླུ་རེ་བྱུང་ནས་ནང་དོན་ཕུན་སུམ་ཚོགས་པར་གྱུར། མ་གཞིར་རྗེའི་ཐོག་མ་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བཟུང་། བོད་རིགས་ངལ་རྩོལ་མི་དམངས་ཀྱིས་གླུ་བགྲང་ལས་འདས་པ་ཞིག་གསར་རྩོམ་བྱས་ཡོད་པ་ནི་གདོན་མི་ཟ་མོད། སྐབས་དེ་དུས་བོད་ལ་ད་དུང་ཡི་གེ་མེད་པས།  ངག་ཐོག་གི་གླུ་དེ་དག་ཟིན་བྲིས་སུ་འདེབས་ཐབས་མ་བྱུང་བ་དང་། ལོ་རྒྱུས་ཀྱི་དུས་ཡུན་དང་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་ངག་ཐོག་གི་གླུ་དེ་དག་འགའ་ཤས་ཉམས་ཤིང་། འགའ་ཤས་ཡི་གེར་མ་བཀོད་ཀྱང་བོད་རིགས་མི་དམངས་ཀྱིས་ངག་ནས་ཉར་ཚགས་དང་བརྒྱུད་སྤེལ་བྱས་ཏེ་མི་རབས་རེ་རེ་བཞིན་ད་ལྟའི་བར་དུ་རྒྱུན་འཇགས་སུ་གནས་ཡོད།  བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཡི་གེ་བྱུང་རྗེས་དམངས་ཁྲོད་ཀྱི་ངག་རྩོམ་དེ་དག་རིམ་གྱིས་ལུང་སྐདཡུལ་སྐདསྤྱི་སྐདཡིག་སྐད་བཞིན་ཡིག་ཐོག་ཏུ་ཟིན་ཐོར་འགོད་སྲོལ་བྱུང་བས།  ཉེ་བའི་དུས་འདིརདམངས་གླུ་སྙན་དབང་གསོ་བའི་བདུད་རྩིདངགླུ་ཤགས་སྲིད་པའི་དར་ལྕེ》《ལ་གཞས་མཐུན་པ་དྲུག་སྐོར》《ལ་ཤགས་ཁྲོམ་ཆེན་དགུ་རྫོགས》《གླུ་གཞས་ཕྱོགས་བསྒྲིགསསོགས་དཔེ་དེབ་བགྲང་གིས་མི་ལངས་པ་ཞིག་ཀློག་མཁན་དག་གི་སྤྱན་ལམ་དུ་བཀྲམ་ཡོད་དོ།།
༣ དམངས་གླུའི་རིགས་དགར་ཚུལ།
       
སྤྱིར་དམངས་གླུ་འདི་ལ་དུས་དང་ཡུལ། སྐད་དང་གོམས་གཤིས་སོགས་ཀྱི་དབང་གིས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པར་གྱུར་བ་ཞིག་ཡིན་པས།  དེའི་བརྗོད་བྱ་དོན་གྱི་ཆ་ནས་རིགས་དུ་མར་དབྱེ་ཆོག་སྟེ།
ངལ་རྩོལ་གྱི་གླུ།
       
བོད་དམངས་ཁྲོད་དུ་ཞིང་འབྲོག་ནགས་ཞོར་སོགས་ཀྱི་ལས་རིགས་མི་འདྲ་བ་སོ་སོར་ངལ་རྩོལ་བྱེད་སྐབས་ཚང་མར་དམིགས་བསལ་གྱི་གླུ་གཞས་གཏོང་རྒྱུ་ཡོད་ལ། དེས་ངལ་རྩོལ་ལ་རམ་འདེགས་དང་ངལ་བ་ཁྱད་གསོད་ཀྱི་ནུས་པ་ཞིག་ཐོན་ཡོད། ཕལ་ཆེ་བ་ཚིག་གྲུབ་གོང་འོག་གཉིས་ལས་གྲུབ་ཅིང་། སྒྲའི་ཁྱབ་ཁོངས་རྒྱ་ཆེན་པོ་མེད་ཀྱང་རོལ་ཚིགས་གསལ་ཞིང་སྤྲོ་བ་ཆེ་བ་དང་། ནང་དོན་གྱི་ཁྱབ་རྒྱ་ཡང་ཧ་ཅང་ཆེན་པོ་ཡོད་དེ།
(༡) ཨར་གཞས།
       
ཨར་གཞས་ནི་ཨར་ལས་བྱེད་སྐབས་ཕན་ཚུན་གཞོགས་འདེགས་ཡོང་བ་དང་ངལ་རྩོལ་གྱི་འགྲོས་རིམ་དང་རྐང་ལག་གི་ཤུགས་མཉམ་པ་ལ་སོགས་པར་དམིགས་ནས་བྱུང་བ་ཡིན། ཁང་སྟེང་ངམ་ཁང་མིག་གི་ནང་དུ་ས་ཁོད་སྙོམས་པའི་སྐབས་སུ་གཏོང་བ་དང་། ཨར་ལས་བྱེད་སྐབས་ངལ་རྩོལ་པ་ཚོས་དུས་ཆེན་གཏོང་བ་ལྟ་བུའི་སྤྲོ་སེམས་འཁོལ་བཞིན་མཚན་མོ་གཉིད་ཀྱང་མི་ཁུག་པ་དང་། ངལ་རྩོལ་མ་བྱས་གོང་ལག་ཕྲེང་སོགས་དགོས་ངེས་ཀྱི་གཟབ་མཆོར་གང་ལེགས་སྤྲོས་པ་མ་ཟད། འབོག་རྡོའི་ཡུ་བར་ཡང་གཡེར་ཁ་ཆུང་ཆུང་བཏེགས་ནས་མི་རྣམས་རུ་སྟར་གཉིས་སམ་གསུམ་བཞི་སོགས་བསྒྲིགས་ནས་གླུ་གཞས་གཏོང་བ་དང་ཆབས་ཅིག་ཏུ་ཨར་ཀ་རྡུང་ནས་སྒྱུ་རྩལ་དང་ངལ་རྩོལ་གྱི་སྤྲོ་སྐྱིད་ལ་མཉམ་རོལ་བྱེད་ཀྱི་ཡོད་པ་རེད། སྔོན་དུས་ངལ་རྩོལ་འདི་རིགས་བྱེད་མཁན་བུད་མེད་ཤ་སྟག་ཡིན་ཡང་ཉེ་དུས་སྐྱེས་པའང་ཞུགས་ཀྱིན་འདུག་གོ།
(༢) གྱང་གཞས།
       
གྱང་གཞས་ནི་གྱང་རྡུང་སྐབས་ངལ་རྩོལ་ལ་རམ་འདེགས་དང་ངལ་བ་ཁྱད་གསོད་ཀྱི་ཆེད་དུ་གཏོང་བའི་གཞས་ཤིག་ཡིན།
(༣) འོ་མ་བཞོ་བའི་གླུ།
       
འོ་མ་བཞོ་བའི་གླུ་ནི་འབྲོག་ལས་གླུ་གཞས་ནང་གི་རིགས་ཆུང་གྲས་ཤིག་ཡིན།  དེ་གཙོ་བོ་མདོ་དབུས་ཁམས་གསུམ་གྱི་འབྲོག་ཁུལ་དུ་དར་ཁྱབ་ཆེ་ལ། གཞས་གདངས་ཀྱི་རོལ་ཚིགས་དང་ངལ་རྩོལ་གྱི་བྱེད་ལུགས་གཉིས་ཧ་ཅང་མཐུན་པོ་ཡོད་པར་མ་ཟད། དབྱངས་རྟའི་འགྱུར་ཁུག་ལ་བརྩེ་དུང་ཟབ་ཅིང་སྙན་འཇེབས་ལྡན་པའི་ཁྱད་ཆོས་ལྡན།
(༤) གདུང་མ་འགྱོགས་པའི་གླུ།
       གདུང་མ་འགྱོགས་པའི་གླུ་ནི་ཚང་མས་མཉམ་དུ་ཤིང་སྡོང་འཁུར་བ་དང་གདུང་མ་འགྱོགས་སྐབས་ཕན་ཚུན་གཞོགས་འདེགས་ཡོང་ཆེད་མཉམ་དུ་ལེན་པའི་གླུ་ཞིག་ཡིན།  དེའི་དབྱངས་ཀྱི་འགྱུར་ཁུག་དྭངས་ཤིང་གསལ་ལ་ལེན་བདེ་བ་དང་། ནགས་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་སྒྲིག་གཞི་ཆ་ཚང་བ།  རོལ་ཚིགས་ཀྱི་མགྱོགས་ཚད་ཅུང་དལ་བ། ཐུན་མོང་གི་ངལ་རྩོལ་གྱི་འགྲོས་མཉམ་པར་བྱེད་པ་དང་ངལ་བ་ཁྱད་གསོད་སོགས་ངལ་རྩོལ་ལ་རམ་འདེགས་པ་ཞིག་ཡིན།
(༥) གཡུལ་བརྡུང་བའི་གླུ།
       
གཡུལ་བརྡུང་བའི་གླུ་ནི་ཞིང་ལས་གླུ་གཞས་ནང་གི་རིགས་ཤིག་ཡིན། དེ་གཙོ་བོ་ཞིང་ལས་ས་ཁུལ་དུ་དར་ཁྱབ་ཆེ་ལ། གཞས་གདངས་ཀྱི་རོལ་ཚིགས་ལ་ཧ་ཅང་ཞིབ་ཆ་ཆེ་ཞིང་གནད་ལ་འཕིགས་པ། དབྱངས་འགྲོས་ཀྱང་ངལ་རྩོལ་དེའི་ཁྱད་ཆོས་དང་འཚམ་པ། མི་མང་བོས་མཉམ་དུ་བླངས་ཚེ་དབྱངས་རྟ་ཧ་ཅང་གསལ་ཞིང་ངལ་རྩོལ་ལ་འཇུག་པར་སྤྲོ་བ་ཞིག་ཡིན།
(༦) ཐགས་འཐག་པའི་གླུ།
       
ཐགས་འཐག་པའི་གླུ་ནི་མདོ་དབུས་ཁམས་གསུམ་གྱི་འབྲོག་ཁུལ་ཏུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་། གཞས་གདངས་ཀྱི་རོལ་ཚིགས་དང་ངལ་རྩོལ་གྱི་བྱེད་ལུགས་གཉིས་ཧ་ཅང་མཐུན་པོ་ཡོང་བ་དང་མི་གཅིག་གིས་ལེན་པ་ཤས་ཆེ། ངལ་རྩོལ་ལ་རམ་འདེགས་དང་ངལ་བ་ཁྱད་གསོད་ཀྱི་ནུས་པ་ཐོན།
གླུ་ཁ་མཚར།
       
དེ་ཡང་ཁ་དཔེ་ལ་བོད་མི་རེའི་ཁ་ན་གླུ་རེ་ཞེས་གཉེན་སྒྲིག་རྟེན་འབྲེལ་གྱི་མཛད་སྒོ་སོགས་དགྱེས་སྐྱེམས་སྟོན་མོ་སྣ་ཚོགས་ལ་རོལ་དུས་རྒྱུན་པར་གླུ་ལེན་པ་ཡིན། དེ་ཡང་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཚིགས་བཅད་བརྩམས་ཆོས་ཤིག་སྟེ། མཚོ་སྔོན་དང་ཀན་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ། འདི་ལ་ཚེག་བར་བདུན་དང་བརྒྱད་ཅན་ཤས་ཆེ་ལ་སྤྱིར་བཏང་དུ་ཤོ་ལོ་ཀ་གསུམ་ལས་མེད་ཅིང་། ཕལ་ཆེ་བ་ཤོ་ལོ་ཀ་དང་པོ་གཉིས་དཔེ་དང་། གསུམ་པ་དཔེ་ཅན་དུ་གྲུབ།  ཚིག་རྐང་གཉིས་དང་གསུམ་། བཞིན་དང་ལྔ་ཅན་གང་རུང་འབྱུང་ཡང་། གླུ་གཅིག་གི་ནང་དུ་ཤོ་ལོ་ཀ་གསུམ་པོའི་ཚིག་རྐང་རིང་ཐུང་འདྲ་མཉམ་དང་དོ་མཉམ་པས་ངག་ལ་གྱེར་བདེ་བ་ཞིག་ཡིན་དགོས།
གླུ་ཤགས།
       
གླུ་ཤགས་ཞེས་པ་ནི་གླུ་བ་རེ་རེ་ཁ་གཏད་དུ་ལངས་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་དང་མཚང་འདྲི་རེས།  ཟུར་ཟ་དང་འཕྱ་སྨོད། རང་བསྟོད་གཞན་སྨོད་སོགས་ཀྱི་ནང་དོན་དག་དཔེ་རུ་དྲངས་ནས་བླངས་ཏེ་ཉན་མཁན་ལ་གད་མོ་སློང་བ་དང་སྤྲོ་བ་ཆེན་པོ་བསྐྱེད་ཐུབ་པའི་ཚིགས་བཅད་བརྩམས་ཆོས་ཤིག་སྟེ། གླུ་གང་རུང་ཞིག་ལ་དམིགས་ཤིང་ལྡོག་ཟླར་ལངས་ནས་ལན་འདེབས་པ་ཡིན། འདི་ལ་ཚེག་བར་མདུན་དང་བརྒྱད་ཅན་ཤས་ཆེ་ལ་ཤོ་ལོ་ཀ་གཉིས་ཅན་དང་གསུམ་ཅན་གང་རུང་འབྱུང་། ཤོ་ལོ་ཀའི་རིང་ཐུང་ལ་ཚིག་རྐང་གཉིས་དང་གསུམ། བཞི་དང་ལྔ་སོགས་གང་རུང་འབྱུང་ཡང་། གླུ་ཤགས་གཅིག་གི་ཤོ་ལོ་ཀའི་ཚིག་རྐང་འདྲ་མཉམ་དང་དོ་མཉམ་པ་ཡིན།
ལ་གཞས།
       
ལ་གཞས་ནི་སྡེ་བའམ་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་འཚོགས་སར་སྐད་ངག་འགྱུར་ཁུགས་ཀྱི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུངས་བརྗོད་པའི་ཚིགས་བཅད་བརྩམས་ཆོས་ཤིག་ལ་བྱ་ཞིང་།  དེ་ནི་ཕོ་མོའི་བརྩེ་དུངས་མཚོན་པའི་སྐད་ཆའི་སྒྱུ་རྩལ་གྱི་ཐབས་ལམ་ཞིག་ཡིན་ལ། ཕོ་མོའི་ཞེ་སྣང་བ་མཐུན་བྱེད་ཀྱི་ཟམ་པ་ཞིག་ཀྱང་ཡིན། དེ་ཡང་མཚོ་སྔོན་དང་ཀན་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ། སྤྱིར་ཚེག་བར་དྲུག་མ་དང་བདུན་མ་ཅན་རྒྱུགས་ཆེ་མོད། དེང་སང་དགུ་ཚིག་ཅན་ཡང་དར་ཁྱབ་ཆེ། ཤོ་ལོ་ཀ་རེ་རེར་དཔེ་དཔེ་ཅན་གཉིས་ཀྱིས་གྲུབ་པ་དང་དེ་གླུ་ལས་ཤོ་ལོ་ཀ་གཅིག་གིས་ཉུང་བ་དང་རྩོམ་སྒྲོམ་གྱི་ཆ་ནས་ཆུང་བ་ཡིན། ལ་གཞས་ནི་ཕ་མ་མིང་སྲིང་འཛོམས་ས་དང་ངོ་སྲུང་སར་ལེན་མི་རུང་ལ། དབྱངས་རྟ་དང་ནང་དོན་གྱི་ཆ་ནས་གླུ་དང་ཁྱད་པར་ཤིན་ཏུ་ཆེ་བས་ཡུལ་གླུ་དང་རི་གླུ། ལ་གླུ་ཞེས་པའི་མིང་དུ་མ་བྱུང་ཞིང་།  ལ་གཞས་ལེན་པའི་བརྒྱུད་རིམ་ཁྲོད་མི་རྣམས་ཀྱིས་ཕོ་མོའི་བརྩེ་དུང་ལ་དོ་སྣང་བྱེད་པ་དང་རང་དབང་གི་གཉེན་སྒྲིག་ལ་དོ་སྣང་བྱེད་དགོས་པའི་སྤྱོད་བཟང་དེར་བརྩི་འཇོག་བྱེད་པ་དང་། གཞན་དབང་གིས་བཙན་སྒྲིག་དང་བརྩེ་དུང་ལ་བར་ཆད་གཏོང་བར་ཐེར་འདོན་བྱས་ཡོད། ནང་གསེས་སུ་གླུ་བླངས་ནས་གནང་བ་ཞུ་བའི་སྐོར་དང་། འགོ་རྩོམ་པའི་སྐོར། རོགས་འགྲོགས་པའི་སྐོར། རོགས་མཐུན་པའི་སྐོར། རོགས་དྲན་པའི་སྐོར། རོགས་སགལ་བའི་སྐོར། ཟག་འཐེན་གྱི་སྐོར། བདེ་མོ་སྟོན་པ་བཅས་ཡོད།
གཞས།
       
གཞས་ནི་དབུས་གཙང་ཕྱོགས་ཀྱི་ས་གནས་སོ་སོར་དར་ཁྱབ་ཆེ་བའི་ཡུལ་གླུ་ཞིག་སྟེ།  ངལ་རྩོལ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས།  ཐོན་སྐྱེད་ངལ་རྩོལ་བཅས་སྤྱི་ཚོགས་ཀྱི་སྣང་ཚུལ་མཐའ་དག་མཚོན་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ཡིན། མང་ཆེ་བ་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་ཞིང་ཤོ་ལོ་ཀ་གཅིག་ལས་མེད། ཤོ་ལོ་ཀ་གཅིག་གི་ཚིག་རྐང་གཉིས་ལས་གཞས་རེ་གྲུབ་པ་དང་། འགྱུར་ཁུག་ཀྱང་ཤིན་ཏུ་བདེ།  རྩོམ་གཤིས་ལེགས་ཤིང་བརྗོད་བྱའི་ནང་དོན་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཀུན་དང་འབྲེལ་ཡོད།
(༡) བརྗོད་བྱའི་དོན་གྱི་ཆ་ནས་དབྱེ་ན།
༡)གྲལ་རིམ་འཐབ་རྩོད་མཚོན་པའི་གཞས།
       
བོད་ཀྱི་སྤྱི་ཚོགས་འདི་ཡང་མི་རབས་ནས་མི་རབས་རིམ་པར་བརྒྱུད་དེ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་བརྒྱུད་མྱོང་བས། གཞས་ཀྱི་ནང་དུའང་བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གྲལ་རིམ་གྱི་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་མོ་བཞག་ཡོད།
༢) སྲིད་དོན་དང་འབྲེལ་བའི་གཞས།
       
དེ་ཡང་དབང་སྒྱུར་དཔོན་པོ་ཁག་གིས་སྲིད་དབང་འཕྲོག་རྩོད་བྱེད་པའི་བྱ་སྤྱོད་ངན་པ་དེས་བོད་དམངས་ཁྲོད་དུའང་ཤུགས་རྐྱེན་ངན་པའི་བག་ཆགས་གཏིང་ཟབ་མོ་བཞག་ཡོད་པས།  དེར་མཚང་འབྱིན་དང་དགག་རྒྱག་ཐེར་འདོན་བྱས་པ་ཞིག་ཡིན།
༣) རྒྱལ་གཅེས་ཀྱི་རྣམ་པ་མཚོན་པའི་གཞས།
       
ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་དང་གཉའ་གནོན་བཤུ་གཞོག་ལ་མགོ་བོ་མི་སྒུར་བར།  དེ་དག་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་སྙིང་སྟོབས་མཚོན་པར་བྱེད་པའི་གཞས་ལ་ཟེར།
༤) ཟུར་ཟ་བྱེད་པའི་གཞས།
       
སྐད་ཆའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཕན་ཚུན་ལ་ཟུར་ཟ་དང་འཕྱ་སྨོད། མཚང་འདྲི་རེས་བྱེད་པའི་གཞས་ཀྱི་རྣམ་པ་ཞིག་ཡིན།
༥) མཛའ་གཞས།
       
གཞོན་ནུ་ཕོ་མོའི་སླད་མེད་ཀྱི་བརྩེ་སེམས་དང་རང་དབང་གི་བརྩེ་དུང་ལ་བར་ཆད་བཏང་བའི་སྐྱོ་གདུང་སོགས་མཚོན་ཡོད།
༦) ཆང་གཞས།
       
ཆང་ལ་རོལ་བའི་དགྱེས་སྐྱེམས་སྟོན་མོའི་སྐབས་སུ་གཏོང་བའི་གཞས་ཤིག་སྟེ། དགའ་སྟོན་རྟེན་འབྲེལ་མཚོན་པའི་བསྟོད་ཚིག་གིས་བཞུགས་གྲལ་སྤྱི་ལ་བསྟོད་པའམ་ཁྱིམ་ཚང་དེའི་ཕ་མ་བུ་ཕྲུག་དང་བཅས་པར་བསྟོན་པ། གནས་ཁང་ལ་བསྟོད་པ། ཆང་བཏེགས་མཁན་དང་ཆང་འཐུང་མཁན་གྱི་མི་ལ་བསྔགས་པ། ཆང་གི་ཡོན་ཏན་ལ་བསྔགས་པ་བཅས་ཀྱི་ནང་དོན་ལྡན་ནོ།།
༧) ལས་གཞས།
       
བོད་རིགས་ངལ་རྩོལ་མི་དམངས་ནི་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པ་ཞིག་ཡིན་པས། ལས་རིགས་གང་དང་གང་ལ་དེ་དང་དེ་འབྲེལ་གྱི་གཞས་སྣ་ཚོགས་པ་ཞིག་ཡོད་ཅིང་། དེ་དག་ལས་ལས་ཀ་མྱུར་འགྲུབ་ཡོང་བར་སྐུལ་བ་དང་། ལས་རིགས་ཀྱི་ཤེས་བྱའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན།
༨) ཚིག་རྒྱག
       
འདིའང་ཕ་རོལ་གྱི་མཚང་འདྲུ་བའམ་ཚིག་གིས་དགག་པ་སོགས་འགའ་ཤས་གཞས་ལ་གཏོགས་ཤིང་། འགའ་ཤས་གླུ་ཤགས་དང་ཆ་འདྲ་བ་ཞིག་ཡིན།
༩) མདའ་གཞས།
       
དེ་ཡང་མདའ་གཞས་ནི་ཉིང་ཁྲིའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་སྲོལ་གྱི་གཞས་ཤིག་ཡིན་ལ། ཡུལ་དེའི་མི་རྣམས་རི་དྭགས་རྔོན་པ་ལ་མཁས་པས་མདའ་རྩལ་འགྲན་རྒྱུར་ཤིག་ཏུ་དགའ་པོ་ཡོད། མདའ་རྩལ་འགྲན་པའི་ཡར་སྔོན་དུ་མི་རྣམས་ཀྱིས་མདའ་གཞས་རེ་བླངས་ནས་རང་ཉིད་ཀྱི་མདའ་རྩལ་ལ་བསྟོད་པ་བྱས་ཏེ་ཕ་རོལ་གྱི་གཉའ་བཅོག་པར་བྱེད། དེའི་དབྱངས་རྟའི་འགྱུར་ཁུག་དྭངས་ཤིང་གསལ་ལ་གཏོང་བདེ་བ་དང་། ནགས་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་སྒྲིག་གཞི་ཆ་ཚང་བ་དང་། རོལ་ཚིགས་ཀྱི་མགྱོགས་ཚད་ཀྱང་འབྲིང་ཙམ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་ནོ།།།
བྱིས་གླུ།
       
བྱིས་གླུ་ནི་བྱིས་པ་རྣམས་ཀྱི་ལོ་ཚོད་དང་ཤེས་རིག་གི་ཆུ་ཚད། སེམས་ཁམས། མཛེས་དཔྱོད་ལྟ་བ། སེམས་ཀྱི་དགའ་ཕྱོགས། བསམ་གཞིགས་བྱེད་སྟངས་སོགས་ཀྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་ནས་གསར་རྩོམ་བྱས་ཤིང་། ཁོ་ཚོའི་རིག་པའི་བློ་སྒོ་ཕྱེ་བ་དང་ལྕེ་རྩལ་སྦྱོང་བ། ཀུན་སྤྱོད་ཡང་དག་སྲུང་སྐྱོབ་བྱེད་ཆེད་དང་མཉམ་དུ་རྩེད་འཇོ་སྒྱུ་རྩལ་གྱི་སྤྲོ་སྐྱིད་ལ་རོལ་ཐབས་ཤིག་ཡིན།
       
སྤྱིར་བྱིས་པའི་རྩོམ་རིག་ལ་མཚོན་ནའང་བྱིས་གླུ་དང་ཁེད། གཏམ་དཔེ། གནའ་གཏམ། བྱིས་སྒྲུང་སོགས་ངག་གི་རོལ་རྩེད་སྣ་ཚོགས་པ་ཞིག་མཆིས་པས། དེར་རྩོམ་ལུས་ཆ་ཚང་ཞིང་བརྗོད་བྱ་ཆེས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁྲོད་གོ་ས་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད། ལོ་ཆུང་བྱིས་པ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་དང་ལྕེ་རྩལ་སྦྱོང་བ། རྒྱུད་བཅོ་བ། ཀུན་སྤྱོད་དང་མཛེས་དཔྱོད་ཀྱི་ལྟ་བ་གང་ལེགས་ཤིག་ཐོག་མ་ཉིད་ནས་གཞི་འདིང་བར་ནུས་པ་བླ་ལྷག་ཏུ་འབྱུང་བཞིན་གདའ། དེབ་འདིར་བྱིས་པའི་རྩོམ་རིག་གི་སྐོར་ངོ་སྤྲོད་ཅིག་བྱེད་འདོད་ཡོད་ཀྱང་། ནང་དོན་མང་བར་དོགས་ནས་འདི་ཙམ་གྱིས་འཐུས་པར་བྱས་སོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005