| འབྲོག་ཡུལ་གྱི་མི་སྡེའི་ནང་དུ་སློབ་གསོ་བྱས་པ་ལས་བྱུང་བའི་ཤེས་རིག་ནི་ཧ་ཅང་དཀོན་ཞིང་། དེ་ལྟར་སློབ་བསྐུལ་བྱེད་ནུས་པའི་ཡོན་ཏན་དང་ལྡན་པའང་ཆེས་ཉུང་བ་དང་། ཤེས་རིག་ལ་སློབ་གཉེར་བྱེད་པའི་དར་སྲོལ་ཡང་དེ་ཙམ་བྱུང་མེད་པ་རེད། འོན་ཀྱང་འབྲོག་མི་དག་ལ་རང་རང་གི་འཚོ་བའི་དཀའ་ངལ་སེལ་ཐུབ་པའི་མ་བཅོས་རང་གཤིས་སུ་གོམས་པའི་རང་བཞིན་གྱི་ཡོན་ཏན་མང་དུ་ཡོད་པ་རེད། འབྲོག་མི་དེ་དག་རང་ལ་རྒྱུན་མཁོའི་ཡོ་བྱད་ཚང་མ་འབྲོག་མི་རང་ཉིད་ཀྱི་ཤེས་རིག་དང་ལག་རྩལ་བཅས་ལ་བརྟེན་ནས་བཟོ་བསྐྲུན་བྱེད་ཐུབ་པ་དང་། རང་ཤེས་ཀྱིས་བཟོས་པའི་ཡོ་བྱད་དེ་ཙམ་ལ་བརྟེན་ནས་མི་སྡེའི་འཚོ་བ་བདེ་སྐྱིད་དང་ལྡན་པར་བསྒྲུབ་ཐུབ་པ་དང་། སྐབས་ཀྱི་དགོས་དོན་ཆེ་ཕྲ་མཐའ་དག་བསྒྲུབ་ཐུབ་ཀྱི་ཡོད་པ་རེད། འབྲོག་མི་དག་ལ་སྒོ་ཕྱུགས་འཚོ་སྐྱོང་དང་། གསོ་ཐབས། འཕྲོད་བསྟེན་སོགས་ཇི་ལྟར་ལག་ལེན་བྱ་དགོས་པའི་ཡིག་ཆ་གང་ཡང་མི་སྣང་ཞིང་། འོན་ཀྱང་སྔར་ནས་འབྲོག་མི་རྒན་པོ་དག་གི་ཉམས་མྱོང་བསགས་པ་དག་གཅིག་ནས་གཅིག་ཏུ་ངག་བརྒྱུད་བྱས་པའི་ཐབས་ཚུལ་ལ་འབྲོག་མི་རྒན་གཞོན་ཀུན་ཀྱང་ཧ་ཅང་མཁས་པར་སྣང་ཞིང་། ཉམས་མྱོང་གི་ཐབས་ཚུལ་དེ་རིགས་ལ་བརྟེན་ནས་སྒོ་ཕྱུགས་ཀྱི་འཕེལ་སྟོབས་རྒྱ་ཆེར་བསྐྱེད་ཐུབ་པ་དང་། མ་ཟད་ཕྱུགས་ནད་འགོག་སྲུང་གི་བྱ་བའང་དེ་ཙམ་གྱིས་འགྲུབ་ཀྱི་ཡོད་པ་རེད། འབྲོག་མིའི་ལག་བ་ཟོས་ཀྱི་དངོས་པོ་ཡག་ཤོས་ཤིག་ནི་འཕྱིང་བའི་རིགས་མི་འདྲ་བ་དག་ཡིན་འདུག་ཅིང་། དེ་ཡང་“རྐྱ་འཕྱིང་”ཞེས་བྱ་བ་འབྲོག་མི་དག་རྟ་ཞོན་ནས་འགྲུལ་བཞུད་བྱེད་དུས་ཀྱི་ཆར་གོས་སུ་བཟོས་པ་དང་། “རྫི་འཕྱིང་”ཞེས་པ་འཕྱིང་སྒོར་ཞྭ་མོ་དང་བཅས་ཕྱུགས་རྫིའི་ཆར་གོས་སུ་བཟོས་པ་དང་། “ཁེབས་འཕྱིང”ཞེས་བྱ་བ་བལ་འཕྱིང་འཐུག་པོ་གྲུ་བཞི་པ་ཁ་ཆར་དང་གྲང་ངད་གཉིས་ཀ་ལས་སྐྱོབས་ཐུབ་པའི་ཉལ་ཆས་དང་། “ཁེབས་འབོལ”ཞེས་བྱ་བ་དམིགས་བསལ་དགུན་དུས་ཀྱི་གྲང་ངད་སེལ་ཐུབ་པའི་ཉལ་ཆས་དང་། གཞན་ཡང་ཕོ་མོ་རྒན་གཞོན་ཚང་མར་དབར་དུས་སུ་དགོས་པའི་འཕྱིང་ཞྭ་ལ་“རྩེ་བུད”ཅེས་བྱ་བ་ཞྭ་རྩེར་སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན་པ་དག་བཟོ་སྲོལ་ཡོད་འདུག་ཅིང་། གླིང་གེ་སར་གྱི་སྒོམ་ཞུ་ཞེས་བྱ་བ་འཕྱིང་བའི་ཞྭ་མོ་ཞིག་བཟོ་སྲོལ་ཡོད་འདུག་པ་དེའང་འབྲོག་མིའི་སྤྱོད་ཚུལ་འདིའི་སྟེང་ནས་བྱུང་ཡོད་པར་མངོན་ཞིང་། གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྐུ་བཪྙན་དག་གི་སྒོམ་ཞུའི་བཟོ་དབྱིབས་ཀྱང་འབྲོག་མིའི་འཕྱིང་ཞྭ་དང་ཕྱོགས་ཀུན་ནས་འདྲ་བར་སྣང་ངོ་། །
དགུན་དུས་ཀྱི་ཆེད་དུ་འཕྱིང་བའི་ལྷམ་གོག་ཡུ་རིང་དང་། གདན་གྱི་ཆེད་དུ་བལ་སྟན་ཆེ་ཆུང་སྣ་ཚོགས་ལ་བལ་ནག་གི་གཡུང་དྲུང་དང་དགའ་འཁྱིལ་གྱི་རི་མོ་བཀོད་པ་སོགས་བཟོ་སྲོལ་ཡོད་པ་རེད། བལ་འཕྱིང་འཇོག་ཚུལ་ནི། གནམ་གཤིས་བཟང་ཞིང་ཉི་མ་དྲོ་བའི་དུས་སུ་སྤང་ཐང་ངོས་འཇམ་པོའི་སྟེང་དུ་རེ་ཕར་ཆེན་པོ་ཞིག་བཏིང་བའི་ཁར་བལ་ཡག་པོར་བསེད་པ་དག་ལེབ་ལེབ་མོར་བཀོད་ཅིང་། དེའི་སྟེང་དུ་ཆུ་ཁོལ་མ་ཅུང་ཟད་གཏོར་ནས་རེ་ཕར་དང་བཅས་རིལ་པོར་བསྒྲིལ་ཏེ། འཕྱིང་བ་ཆེ་ཆུང་དང་འཚམས་པར་ཕོ་མོ་མང་དག་ལྷན་དུ་གྲལ་བསྒྲིག་ཅིང་ལག་པས་ཆུ་ཚོད་གཅིག་ཙམ་གྱི་རིང་བསྒྲིལ་དགོས་པ་དང་། དེ་ནས་རེ་ཕར་བཏོན་ནས་འཕྱིང་པ་ཁོ་ན་ཆུ་ཚོད་ཁ་ཤས་ཀྱི་རིང་དུ་བསྒྲིལ་དགོས་ཀྱི་ཡོད་པ་རེད། འཕྱིང་བ་འཇོག་པའི་ཚེ་གྲོང་རོགས་ཕན་ཚུན་འབོད་རེས་ཀྱིས་ལག་གྲོགས་བྱེད་པ་དང་། འཕྱིང་བ་འཇོག་མཁན་གྱི་སྦྱིན་བདག་དེས་ལུག་བཤས་གཅིག་གིས་ཐོག་དྲངས་པའི་བཟའ་བཏུང་ཡག་པོ་ཤིག་ཀྱང་གྲབས་བཀོད་བྱེད་དགོས་སྲོལ་ཡོད་པ་རེད། འབྲོག་པའི་བུ་དང་བུ་མོ་དག་གིས་འཕྱིང་བ་བསྒྲིལ་བའི་ཚེ་སྙན་པོའི་དབྱངས་དང་བཅས་ཏེ། “ཨ་ལ་མཎེ་ལ་པད་མེ། ”བུ་དག་གིས་“འཕྱིང་ཡག་ལྷ་འུའི་ལ་ལྷ་འཕྱིང་། བུ་མོ་དག་གི་“གཡང་ཡག་གཡང་དཀར་ལ་ཁ་ཆུ་། ”བུ་དག་གིས་“གཅིག་ཡག་ཨ་བུ་ཡི་རྐྱ་འཕྱིང་། ”བུ་མོ་དག་གིས་“གཉིས་ཡག་ཞིག་མོ་ཡི་རྫི་འཕྱིང་། བུ་དག་གིས་“གསུམ་ཡག་སོ་ཁ་ཡི་དར་འཕྱིང་། ”བུ་མོ་དག་གིས་“བཞི་ཡག་ལྷ་གཞི་ཡི་དཀར་ལིང་། ”བུ་དག་གིས་“ལྔ་ཡག་ལྷ་ལྔ་ཡི་འཕྱིང་ཞྭ། ”བུ་མོ་དག་གིས་“དྲུག་ཡག་གྲུས་མ་ཡི་རྫི་འཕྱིང་། ”ཞེས་སོགས་ཨང་གྲངས་མང་པོར་ལབ་སྲོལ་ཡོད་འདུག་ཀྱང་ཁོ་བོས་གསལ་པོར་མ་ངེས་སོ། །
འབྲོག་མི་དག་གིས་འབྲི་གཡག་གི་སྤུ་རྩིད་ནི་ཧ་ཅང་གལ་ཆེན་དུ་བརྩི་ཞིང་། སྤུ་རྩིད་འཇམ་པོའི་གྲས་དཀར་ནག་ཁྲ་སྒྲིག་ཐགས་སུ་བཏགས་པའི་རེ་བའི་རིགས་སྣ་ཚོགས་བཟོ་བ་དེ་དག་ནི་རྟ་གལ་ཀྱི་རྒྱབ་སྟན་དང་། དོས་ཁེབས་དང་། རེ་འབོག་ཆེ་ཆུང་སོགས་བཟོ་བྱེད་དུ་ཕན་ཐོགས་ཆེ་བ་དང་། གཡག་རྔ་སོགས་སྤུ་རྩིད་གྱོང་རིགས་ཀྱིས་དོས་ཐག་དང་སྦྲ་གུར་གྱི་ཆོན་ཐག་སོགས་བཟོ་གི་ཡོད་པ་རེད། སྤུ་རྩིད་ཀྱི་མཁོ་སྤྱོད་ཆེས་གལ་ཆེ་བ་ནི་“རྩིད་རེ”ཞེས་བྱ་བའི་རེ་ནག་འཐུག་པོ་དེ་རིགས་ཡིན་འདུག་ཅིང་། དེ་དག་ནི་འབྲོག་མིའི་སྡོད་གནས་སྦྲ་བཟོ་བྱེད་དུ་མེད་དུ་མི་རུང་བའི་དངོས་པོ་ཞིག་རེད། འབྲོག་མི་དེ་དག་ལ་འཁལ་འཐགས་ཀྱི་ཡོ་ཆས་ནི་ཤིང་གི་དབྱུག་པ་རིང་ཐུང་འགའ་ཤས་ལས་གཞན་པའི་ལག་ཆས་དམིགས་བསལ་གང་ཡང་མི་སྣང་ཞིང་། འོན་ཀྱང་ལག་ཆས་ངན་ངེ་དེ་ཙམ་ལ་བརྟེན་ནས་རེ་བ་དང་། རེ་ཁྲ་དང་། རྩིད་རེ་སོགས་འབྲོག་མི་རང་ཉིད་ཀྱི་དགོས་མཁོ་འདེངས་ངེས་བཟོ་བསྐྲུན་ཐུབ་པའི་ཁར་རོང་ཡུལ་རྣམས་སུ་འཚོང་ཆས་ཀྱང་བྱེད་ཐུབ་ཀྱི་ཡོད་པ་རེད།
འབྲོག་ཡུལ་དེ་དག་ཏུ་རི་མོ་ལ་མཁས་པའི་ལྷ་བྲིས་པ་མི་ཉུང་བ་ཡོད་འདུག་ཅིང་། ཁྱད་པར་དུ་རྫ་ཆུ་ཁའི་ཡུལ་ཚོ་འགའ་ཤས་སུ་སྙན་གྲགས་དང་ལྡན་པའི་ལྷ་བྲིས་པ་འགའ་ཤས་ཡོད་འདུག་པ་དེ་དག་གིས་བྲིས་པའི་སྟོན་པའི་མཛད་པ་བཅུ་གཉིས་དང་། གུ་རུ་མཚན་བརྒྱད། གླིང་གེ་སར་གི་སྒྲུང་ཐང་མི་འདྲ་བ་སྣ་ཚོགས། མི་ལའི་ལྔ་ཐང་། གཞན་ཡང་སྦྱིན་བདག་སོ་སོའི་འདོད་མོས་ལྟར་བྲིས་པའི་འདོད་ལྷ་སྣ་ཚོགས་ཀྱི་བྲིས་ཐང་སོགས་དགོན་པ་ཁག་གམ་འབྲོག་མི་ཕྱུག་པོ་དག་གི་སྦྲ་གུར་རྣམས་སུ་མཇལ་རྒྱུ་འདུག་ཅིང་། འབྲོག་མིའི་བྲིས་བཀོད་ཕལ་ཆེ་བ་ནི་རི་མོ་ཉུང་ཞིང་སྤང་ཐང་དང་མེ་ཏོག་དང་གངས་རི་སོགས་ཐར་ཐོར་ཡོད་པའི་ནང་དུ་ལྷ་རིས་སྦོམ་ལ་བརྗིད་ཆགས་པ་ཞིག་བཞེངས་སྲོལ་བྱུང་འདུག
འབྲོག་ཡུལ་དུ་ལྕགས་མགར་མི་ཉུང་བ་ཡོད་འདུག་པ་དེ་དག་གིས་གྲི་དང་འཇོར་སོགས་རྒྱུན་མཁོའི་དངོས་པོ་རྣམས་བཟོ་སྐྲུན་བྱེད་ཐུབ་ཀྱི་འདུག་ཅིང་། འོན་ཀྱང་གསེར་དངུལ་གྱི་མགར་ལས་བྱེད་མཁན་ནི་ཧ་ཅང་ཉུང་ཞིང་། འགའ་ཤས་ཡོད་པ་དག་གིས་འབྲོག་པའི་བུད་མེད་ཀྱི་རྒྱན་ཆས་དག་བཟོ་བསྐྲུན་བྱེད་ཀྱི་ཡོད་འདུག་ནའང་། དེ་དག་གིས་རྒྱན་ཆས་ཆ་ཚང་བ་རེ་བཟོ་བ་ལ་ལོ་རེ་ཙམ་འགོར་ཞིང་། ལས་རྩོལ་གྱི་རིན་ཐང་ཡང་ཧ་ཅང་ཆེན་པོ་ཡིན་པ་རེད།
འབྲོག་ཡུལ་དུ་སྨན་པ་ཧ་ཅང་དཀོན་ཞིང་། འགའ་ཞིག་ཡོད་པ་དག་ནི་རབ་བྱུང་ངམ་སྔགས་པ་གང་རུང་དགོན་པ་ཁག་ཏུ་བཞུགས་མཁན་ཡིན་འདུག་ཅིང་། དེ་དག་དབར་དུས་སུ་“སྨན་ལྡོམ”ཞེས་པ་འབྲོག་སྡེ་ཚང་མར་ཐེངས་རེ་བསྐོར་འགྲུལ་བྱེད་པ་དེའི་ཚེ་ཡུལ་ནང་གི་ནད་པ་རྣམས་ལ་ནད་བཅོས་ཟབ་རྒྱས་བྱེད་ཅིང་། རྫ་རི་གངས་རིའི་སུལ་དང་སྤང་ཐང་རྣམས་ནས་སྔོ་སྨན་གྱི་རིགས་སྣ་ཚོགས་འཐུ་བ་དང་། ཡུལ་སོ་སོའི་འབྲོག་མི་རྣམས་ནས་བསྙེན་བཀུར་ཡང་རྒྱ་ཆེན་པོ་ཞུ་གི་ཡོད་པ་རེད་དུས་གཞན་དག་ཏུ་ཡུལ་སོ་སོར་ནད་པ་ཚབས་ཆེན་བྱུང་བའི་ཚེ་སྨན་པ་གདན་འདྲེན་དུ་འགྲོ་དགོས་ཤིང་། ཡུལ་འགའ་ཤས་སུ་ས་ཐག་དང་རི་ལུང་མང་པོས་རྒྱངས་ནས་སྨན་པ་མི་ཐོབ་པའི་དཀའ་ངལ་ཡང་མང་དུ་ཡོད་པར་སེམས་སོ། །
འབྲོག་མི་དག་གིས་ནམ་རྒྱུན་དུ་ནད་པའི་ཆེད་དུ་སྨན་བཅོས་ལས་ཀྱང་རིམ་གྲོའི་བཅོས་གལ་ཆེ་བར་བྱེད་སྲོལ་ཡོད་འདུག དེ་ཡང་ནང་གི་མི་ཞིག་ན་བའི་ཚེ་ཐོག་མར་རང་རང་གི་མཆོད་གནས་སུ་ཡིན་དེའི་དྲུང་དུ་བཅར་ནས་ནད་པ་དེ་ལ་གཏོ་བཅོས་དང་སྨན་བཅོས་གང་དགོས་པ་འདུག་ཅེས་ཕ་མོ་ཞུ་ཞིང་། སྨན་བཅོས་བྱ་དགོས་སུ་བབས་ན་སྨན་པ་འཚོལ་ཞིང་གཏོ་བཅོས་དགོས་ན་རང་གི་མཆོད་གནས་གདན་འདྲེན་ཏེ་གཏོ་གླུད་གང་འོས་བསྒྲུབ་པར་བྱེད་སྲོལ་ཡོད་འདུགདེ་ཡང་གཏོ་བཅོས་ཀྱི་དགོས་དོན་གཙོ་བོ་ནི་ནད་པ་དེ་ལ་གནོད་བྱེད་གང་རུང་ཞིག་གི་གནོད་པ་བཏང་བ་སྟེ་དེ་ཉིད་སེལ་བའི་ཐབས་དང་། ཡང་ན་ནད་པ་དེས་སྔོན་བསགས་པའི་ལས་ངན་པ་ཞིག་གམ་ལན་ཆགས་པ་གང་རུང་དངོས་སུ་སྨིན་པ་སྟེ་དེ་དག་སེལ་བའི་ཐབས་ནི་གཙོ་བོ་གཏོ་བཅོས་བྱེད་དགོས་པ་ལས་སྨན་གྱིས་བཅོས་མི་ནུས་པ་དང་། ནད་གང་ཞིག་གློ་བུར་གྱི་རྐྱེན་འདུ་བ་འཁྲུགས་པ་དང་། བཟའ་བཏུང་གི་ཕན་གནོད་སོགས་ལ་བརྟེན་ནས་བསྐྱེད་པའི་རིགས་ལ་ནི་གཏོ་བཅོས་ལས་ཀྱང་སྨན་བཅོས་ཟབ་པའི་དོན་རེད།
འབྲོག་ཡུལ་གྱི་དགོན་པ་དག་ཏུ་དཀར་ནག་གི་རྩིས་ལ་མཁས་པའི་རྩིས་པ་མང་དུ་ཡོད་འདུག་པ་དེ་དག་གིས་ལོ་ཟླ་ཞག་དུས་གཟའ་སྐར་འཕྲོད་སྦྱོར་སོགས་བྱེད་རྩིས་ཀྱི་དགོངས་པ་ལྟར་བརྩིས་སྲོལ་ཡོད་འདུག་ཅིང་། གཞན་ཡང་གཤིན་རྩིས་དང་བག་རྩིས་སོགས་མི་སྡེའི་དགོས་དོན་མཐའ་དག་བསྒྲུབ་པའི་རྩིས་ནག་གི་སྐོར་འགོ་རྣམས་ཀྱང་གཏན་ལ་འབེབས་ཤིང་། མི་སྡེས་རྩིས་ཀྱི་ཁ་དམར་བླང་དོར་བྱ་དགོས་པའི་རིགས་ལ་དོ་སྣང་ཆེན་པོས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཡ་མཚན་འོས་པ་ཞིག་ལ། འབྲོག་མི་ཕལ་པ་ཡི་གེ་འབྲི་ཀློག་མི་ཤེས་ཤིང་། རྩིས་ཀྱི་རིག་གཞུང་ལ་སློབ་གཉེར་གང་ཡང་བྱེད་མ་མྱོང་བ་མང་དག་གིས་དགོང་མོར་ཟླ་བ་ལ་བལྟས་ནས་ཚེས་གྲངས་གང་ཡིན་དང་། ཟླ་བ་དང་འགྲོགས་པའི་སྐར་མ་ལ་བལྟས་ནས་ཚེས་གྲངས་གང་ཡིན་དང་། ཉིན་སྐར་གང་ལ་བརྟེན་པའི་བྱ་བ་ལེགས་ཉེས་ཀྱི་ཁ་དམར་དག་ཀྱང་རྩིས་ཀྱི་གཞུང་ནས་བཤད་པ་དང་མི་འགལ་བ་རྗེས་དཔག་བྱེད་ཐུབ་ཀྱི་ཡོད་འདུག
འབྲོག་མིས་ཡོངས་གྲགས་སུ་བརྩི་སྲོལ་ཡོད་པའི་ཟླ་བ་བཅུ་གཉིས་》ནི། བྱ་ཟླ་བ། ==(ཟླ་བ་དང་པོ། )ཁྱི་ཟླ་བ། :(ཟླ་བ་གཉིས་པ། )ཕག་ཟླ་བ། :(ཟླ་བ་གསུམ་པ། )བྱི་ཟླ་བ། =(ཟླ་བ་བཞི་པ། )གླང་ཟླ་བ། ==(ཟླ་བ་ལྔ་པ། )སྟག་ཟླ་བ་། =(ཟླ་བ་དྲུག་པ། )ཡོས་ཟླ་བ། =(ཟླ་བ་བདུན་པ། )འབྲུག་ཟླ་བ། =(ཟླ་བ་བརྒྱད་པ། )སྦྲུལ་ཟླ་བ། ==(ཟླ་བ་དགུ་པ། )རྟ་ཟླ་བ། =(ཟླ་བ་བཅུ་པ། )ལུག་ཟླ་བ། =(ཟླ་བ་བཅུ་གཅིག་པ། )སྤྲེལ་ཟླ་བ། ==(ཟླ་བ་བཅུ་གཉིས་པ། )

འབྲོག་མི་ཚོས་ཉི་ཟླ་གཟའ་སྐར་ཀུན་གྱི་ནང་ནས་བྱ་བ་ལེགས་ཉེས་ཀྱི་རྩིས་གཞི་གཙོ་བོ་ཉིན་སྐར་ལ་བྱེད་ཅིང་། དེ་དག་དགོང་མོར་ཟླ་བ་དང་འགྲོགས་ནས་མཁའ་རུ་ཤར་བ་ལས་ངོས་འཛིན་བྱེད་པ་སྟེ
།


འབྲོག་མིས་གཟའ་སྐར་ངོས་འཛིན་སྟངས་ནི་ཕལ་ཆེར་བྱེད་གྲུབ་ཀྱི་རྩིས་གཞུང་རྣམས་དང་མཐུན་པར་སྣང་ཞིང་། དེ་དག་ནི་འབྲོག་མི་རྣམས་ཀྱིས་རྩིས་གཞུང་ལས་བླངས་པའི་ཤེས་རིག་རྒྱུན་རིང་དུ་གོམས་འདྲིས་སུ་ཕྱིན་པ་ཞིག་ཡིན་པར་མངོན་ནོ། །
འབྲོག་མི་རྒན་གཞོན་ཕལ་མོ་ཆེས་ལིའམ་རག་གིས་ལུགས་བརྒྱབ་པའི་མེ་ལོང་གི་ངོས་གཅིག་ཏུ་ལོ་འཁོར་བཅུ་གཉིས་མཚོན་པའི་སེམས་ཅན་བཅུ་གཉིས་ཀྱི་གཟུགས་རིས་གཡོན་ནས་གཡས་སུ་བསྐོར་བ་དང་། དབུས་སུ་ལིང་ཚེ་དགུ་ལྡན་གྱི་ནང་དུ་སྨེ་པ་དགུ་མཚོན་པའི་ཨང་གྲངས་དགུ་དང་། དེའི་ཕྱི་རིམ་གྱི་ལིང་ཚེ་བརྒྱད་ཀྱི་ནང་དུ་སྤར་ཁ་བརྒྱད་ཀྱི་ཕག་རྒྱ་བརྒྱད་གཡོན་ནས་གཡས་སུ་བསྐོར་ཏེ་བཀོད་པ་འདི་ལྟར།

ཡང་ན་ལོ་འཁོར་བཅུ་གཉིས་ཀྱི་གཟུགས་རིས་བཀོད་པའི་དབུས་སུ་གཡུང་དྲུང་གི་རི་མོ་ཙམ་བཀོད་པ་གང་རུང་སྐེད་རྒྱན་དུ་འདོགས་སྲོལ་ཡོད་འདུག་ཅིང་། དེས་ནི་ལོ་ཟླ་ཞག་དུས་ཀྱི་ཀེག་དྲན་པ་དག་བཟློག་པ་དང་། ནང་མི་ཕན་ཚུརྣ་རྣམས་སྤར་ཁ་དང་སྨེ་བ་མི་མཐུན་པའི་རྐྱེན་ངན་དག་སེལ་བ་དང་། མེ་ལོང་དུ་ཕྱི་རོལ་གྱི་གཟུགས་སྣ་ཚོགས་འཆར་བ་ལ་བརྟེན་ནས་གནོད་བྱེད་དག་གིས་མི་མཐོང་ཞིང་བསྒྲིབ་ཐུབ་པ་ཡིན་ཞེས་ཤོད་སྲོལ་ཡོད་འདུག |