གནས་ཡུལ། མདུན་ངོས། ཐོན་སྐྱེད་བྱེད་སྟངས།
 
 
༄༅།།འབྲོག་པའི་ཕྱུགས་ལས།
སྤེལ་དུས།2009-01-05   ཡོང་ཁུངས་།<<ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས>>    རྩོམ་པ་པོ། ནམ་མཁའི་ནོར་བུ། ཞུ་དག་པ། ལྷག་ཚེ།

འབྲོག་མི་ཚོས་དབྱར་སྟོན་དཔྱིད་གསུམ་གྱི་དུས་སྐབས་སོ་སོར་སྒོ་ཕྱུགས་ལ་ཚྭ་སྟེར་དགོས་ཀྱི་ཡོད་འདུག་ཅིང་། དེ་ཡང་དབྱར་དུས་སུ་ཕྱུགས་རྫི་ཚོས་སྤང་ཐང་ངོས་འཇམ་ཞིང་རྒྱ་ཆེ་བའི་ངོགས་སུ་ལན་ཚྭས་མ་ཎིའམ། གཡུང་དྲུང་དང་དཔལ་བེའུ་སོགས་བཀྲ་ཤིས་པའི་རི་མོར་བྲིས་པ་ན་སྒོ་ཕྱུགས་རྣམས་ཀྱིས་ས་ནག་ལ་ཐུག་གི་བར་དུ་གཙང་མར་བལྡགས་ཤིང་། རྗེས་སུ་སྒོ་ཕྱུགས་ལ་ལན་ཚྭ་སྟེར་ཤུལ་གྱི་རི་མོ་དེ་དག་ལོ་གྲངས་མང་པོར་གནས་ཀྱི་ཡོད་པ་རེད། དེའི་ཚེ་ཕྱུགས་རྫི་རྣམས་ཀྱིས་ཀྱང་རང་རང་གི་གྲོགས་དག་བོས་ཏེ་ཕྱུགས་ཚྭ་སྟེར་ཡུལ་གྱི་ཉེ་འགྲམ་ཞིག་ཏུ་རྫི་ལུམ་ཞེས་བྱ་བ་དམིགས་བསལ་རྫིའུ་ཚོའི་ཐུགས་སྤྲོ་ཞིག་གཏོང་སྲོལ་ཡོད་པ་རེད། སྐབས་དེར་ཕྱུགས་རྫི་རྣམས་ལ་དགོས་ངེས་ཀྱི་བཟའ་བཅའ་ནི་གྲོ་ཞོ་ཞེས་པ་གྲོ་མ་དང་ལུག་ཞོ་བསྲེས་པ་དང་། དགའ་སྤྲོ་ཆེ་བའི་ལྟད་མོ་ནི་རུ་སྐོར་ཕན་ཚུན་གྱི་ཁྱུ་རྫི་ཞེས་པའི་གཡག་གསེབ་ཆེན་པོ་རྣམས་ཀྱིས་རྡུང་ཁ་འགྱེད་པ་དེ་དག་ཡིན་པ་རེད། སྟོན་དཔྱིད་ཀྱི་དུས་གཉིས་སུ་རྭ་ཚྭ་ཞེས་བྱ་བ་ལན་ཚྭ་ད་ཞོ་བསྲེས་པ་ཞིག་གཡག་རྭས་འབྲི་གཡག་རེ་རེ་བཞིན་གྱི་ཁར་བླུགས་དགོས་ཀྱི་ཡོད་འདུག་པ་འདི་ནི་འབྲོག་མིའི་ལས་དུས་གལ་ཆེ་བ་ཞིག་ཀྱང་ཡིན་པ་རེད། 

འབྲོག་ཡུལ་གྱི་ལུག་དག་ནི་རྟག་པར་ལུག་རྫིའམ་སྦྱིན་བདག་གི་ངག་ལ་ཧ་ཅང་ཉན་པོར་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ནི། འབྲོག་མི་དག་གིས་ནམ་རྒྱུན་ལུག་ལ་སྐད་གཏོང་བའི་ཚེ། ཚྭ་དང་ཞོ་ལྷན་དུ་སྲེས་པ་ཕྲན་བུ་རེ་སྟེར་གྱི་ཡོད་པ་རེད། དེ་ཡང་ལུག་འོ་འཇོ་རན་པའི་དུས་སུ་བཞོན་མ་ཚོས་ཙེ་ཙེ་ཙེ་ཞེས་ལུག་རྣམས་ལ་སྐད་གཏོང་བའི་ཚེ། ལུག་རྣམས་ས་ཐག་རིང་ཐུང་གང་དུ་ཡོད་ནའང་མྱུར་བར་བཞོན་མ་ཚོའི་དྲུང་དུ་འདུས་པ་དང་། དེ་ནས་བཞོན་མ་ཚོས་ཐག་པ་རིང་པོ་ཁ་ཤས་ཁྱེར་ནས་ཐག་ཀ    ཐག་ཀ   ཐག་ཀཞེས་བརྗོད་པའི་ཚྭེ་བཞོན་ལུག་གི་རིགས་རྣམས་ཕྱོགས་གཅིག་ཏུ་བྱེར་བ་དང་། ཀུན་གྱིས་མགྲིན་པ་བརྐྱངས་ནས་ཕྲེང་སྒྲིག་ཏུ་སྡོད་པ་དཔེར་ན་དམག་དཔོན་གྱིས་དམག་མིར་བརྡ་སྦྱར་བ་བཞིན་ཉན་འཇོག་བྱེད་ཤེས་ཀྱི་ཡོད་འདུག དེ་ནས་བཞོན་མ་ཚོས་བཞོན་ལུག་བརྒྱ་ནས་ལྔ་བརྒྱ་རེ་ཙམ་གྱི་མགོ་པོ་རྣམས་ཕན་ཚུན་དུ་བསྣོལ་ཏེ་ཐག་པ་ས་རིམ་བཞིན་ཐག་ཀ་བྱེད་ཅིང་། བཞོན་མ་འགའ་ཤས་ནས་གཡས་གཡོན་གྲལ་དབུ་ནས་བཟུང་རིམ་བཞིན་འོ་མ་འཇོ་སྲོལ་ཡོད་འདུག་པ་འདི་ནི་ཁོ་བོ་ཅག་ལ་ལྟད་མོ་ཡ་མཚན་པ་ཞིག་ཏུ་གྱུར་ཏོ། ། འབྲོག་ཡུལ་དུ་བཞོན་འཇོ་བའི་བྱ་བ་ནི་དམིགས་བསལ་བུད་མེད་ཀྱི་ལས་ཤིག་ཏུ་བརྩི་ཞིང་། སྐྱེས་པ་ཚོས་བཞོན་ལས་བྱ་སྲོལ་གཏན་ནས་མི་འདུག འབྲོག་སྡེ་འགའ་ཤས་སུ་ཆུང་མ་ལ་བཞོན་མ་ཞེས་བརྗོད་སྲོལ་ཡོད་འདུག་པའང་གཙོ་ཆེར་བུད་མེད་ཀྱི་བྱེད་ལས་ལ་བརྟེན་ནས་མིང་དེ་སྐད་དུ་བརྗོད་ཡོད་པར་མངོན་ནོ། ། 

འབྲོག་མི་དག་ལ་ཕྱུགས་ལུག་གི་རྒན་གཞོན་རྟོག་དཔྱོད་བྱེད་པའི་མྱོང་ཚད་མཐོན་པོར་ཡོད་པ་ལྟར་དེ་དག་གིས་འབྲི་གཡག་གི་གྲུསཞེས་པར་རྭ་རིས་དང་། ལུག་གི་ཁྱུགས་ཞེས་པའི་རྭ་རིས་བཅས་ལ་བརྟེན་ནས་རྒྱུས་མེད་པའི་ཕྱུགས་ལུག་གི་ལོ་གྲངས་ཀྱང་གསལ་པོར་ཤོད་ཐུབ་ཀྱི་ཡོད་འདུག་ཅིང། དེ་ཡང་སྤྱིར་བཏང་འབྲི་གཡག་གི་ལོ་རྩིས་ནི། 

ལོ་གྲངས། ཕོ། མོ། 

དང་པོ-བིས=བེའུ། བེའུ། 

གཉིས་པ-ཡ་རུ། མོ་ཡར། 

གསུམ་པ-ཤད=སོ་གཉིས། ཤད་མོ། 

བཞི་པ-སོ་བཞི། སོ་བཞི་མ། 

ལྔ་པ-སོ་དྲུག སོ་དྲུག་མ། 

དྲུག་པ-ཁ་ཚང་། ཁ་ཚང་མ། 

བདུན་པ--གྲུས་གཅིག གྲུས་ཆིག་མ། 

བརྒྱད་པ-གྲུས་གཉིས། གྲུས་ཉིས་མ། 

དགུ་པ-གྲུས་གསུམ། གྲུས་སུམ་མ། 

ཞེས་སོགས་གྲུས་གྲངས་བརྩི་ཞིང་། འབྲི་གཡག་ཕལ་ཆེ་བའི་ཚེ་ཚད་ནི་གྲུས་བཅུ་ཕྲག་ཡན་མན་ཏེ་ལོ་གྲངས་བཅུ་བདུན་རེ་ཙམ་ཡིན་པ་རེད། 

ལུག་གི་ལོ་རྩིས་ནི། 

ལོ་གྲངས། ཕོ། མོ། 

དང་པོ། ལུ་གུ ལུ་གུ

གཉིས་པ། ལ་ག ལ་མོ

གསུམ་པ། འཚེ་རུ། འཚེ་མོ། 

བཞི་པ། སྙིག་པ། སྙིག་མོ། 

ལྔ་བ། ཀྲིག་པ། ཀྲིག་མོ། 

དྲུག་པ། ཁྱུགས་དང་པོ། ཁྱུགས་ཆིག་མ། 

བདུན་པ། ཁྱུགས་གཉིས་པ། ཁྱུགས་ཉིས་མ། 

བརྒྱད་པ། ཁྱུགས་གསུམ་པ། ཁྱུགས་གསུམ་མ། ། 

དགུ་པ། ཁྱུགས་བཞི་པ། ཁྱུགས་བཞི་མ།  ཞེས་སོགས་ཁྱུགས་གྲངས་འདྲེན་ཞིང་། ལུག་ཕལ་མོ་ཆེས་ཁྱུགས་བདུན་པ་སྟེ་ལོ་གྲངས་བཅུ་གཉིས་ཙམ་རེ་ཐུབ་ཀྱི་ཡོད་པ་རེད། 

འབྲོག་མིས་སྒོ་ཕྱུགས་ཀྱི་ལོ་གྲངས་བརྩི་ཚུལ་དང་དེ་དག་གི་མིང་བརྡའི་ཐ་སྙད་རྣམས་ནི་འབྲོག་མིའི་གནའ་གཏམ་དང་། ཁ་དཔེ། གླུ་སོགས་ལས་མང་དུ་འབྱུང་བར་བརྟེན་དགོས་གནད་ཆེ་བར་བསམ་ནས་འདིར་བཀོད་པ་ཡིན་ཞིང་། དེ་ཡང་དཔེར་ན་ཁོ་བོས་མཐོང་ཚོར་བྱུང་བའི་གསེར་ཐའི་གླུ་ཆུང་ཞིག་གཤམ་གསལ། ལུག་འཚེ་རུ་འཚེ་མོ་མཉམ་སྐྱེས་རེད། ། བཤའ་དགོས་ན་འཚེ་རུ་སྙིང་རེ་རྗེ། ། ལུག་འཚེ་མོ་མ་ལུའི་སེམས་རྟེན་རེད། ། ནོར་ཤད་ཆུང་ཤད་མོ་མཉམ་སྐྱེད་རེད། ། འགེལ་དགོས་ན་ཤད་ཆུང་སྙིང་རེ་རྗེ། ། ནོར་ཤད་མོ་མ་ལུའི་སེམས་རྟེན་རེད། ། དགའ་ཞིག་ལུ་གཞི་མོ་མམ་སྐྱེས་རེད། ། འགྲོ་དགོས་ན་ཞིག་མོ་སྙིང་རེ་རྗེ། ། དགའ་ཞིག་ལུ་མ་ལུའི་སེམས་རྟེན་རེད། ཅེས་པ་ལྟ་བུའོ། ། 

འབྲོག་མི་རོང་ཡུལ་དང་ཧ་ཅང་མི་རིང་བར་གནས་པ་དག་ལ་དཀར་ལས་ཀྱི་ཡོ་བྱས་བཞོན་ཟོ་དང་། ཞོ་ཟོ། འོ་ཟོམ་དང་། དར་ཟོམ་སོགས་ཤིང་གི་ཡོ་ཆས་གང་བཟང་ཡོད་འདུག་ཅིང་། དེ་དག་ལ་བརྟེན་ནས་ཞོ་མར་སོགས་གང་ལེགས་བཟོ་བསྐྲུན་བྱེད་ཐུབ་ཀྱི་ཡོད་འདུག་པར་མ་ཟད་རོང་ཡུལ་དང་ཤིན་ཏུ་ས་ཐག་རིང་པའི་འབྲོག་སྡེ་དག་ལ་བཞོན་ཟོ་དང་ཞོ་ཟོ་སོགས་ཤིང་གི་ཡོ་ཆས་ངན་ངོན་ཙམ་ལས་མེད་ཅིང་། ལྷག་པར་འོ་ཟོམ་དང་དར་ཟོམ་ཆེ་རིགས་གཏན་ནས་མེད་པར་བརྟེན། འབྲི་ཀོས་བཟོས་པའི་འོ་རྐྱལ་ཞེས་པ་དང་། དེ་ལས་ཆེ་བ་དར་རྐྱལ་ཞེས་བ་བའི་རྐྱལ་པའི་ནང་དུ་འོ་མ་དཀྲོགས་དགོས་ཀྱི་ཡོད་འདུག་པ་དེ་དག་གིས་ཀྱང་ལས་སླའི་ངང་ནས་འབྲི་མར་གང་ལེགས་བཟོ་ཐུབ་ཀྱི་ཡོད་པ་རེད།  

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060