|
ཚངས་དབང་དགེ་འདུན་བསྟན་པ། དོར་སྡེ་བོད་མིའི་དུར་དབྱིབས་ལ་རིགས་གཉིས་མཆིས་ཏེ་བླ་མ་དང་དགེ་བཤེས། དཔོན་ཆེན་གྱི་རིགས་གྲོངས་ན་དེ་དག་གི་དུར་དབྱིབས་ནི་སྤྱིར་བཏང་གི་མི་དང་མི་འདྲ་སྟེ་དུར་ས་གྲུ་བཞིར་བྱེད་ཅིང་། ཁང་ཀླད་ལེབ་མོ་དང་འདྲ་བ་ཆེ་རུ་བརྩིགས་ཏེ་དུར་སའི་སྟེང་ཀ་རག་བྱུགས་པའི་སྲོལ་འདུག་ཅིང་།འགའ་ཞིག་ནི་མཆོད་བརྟེན་གྱི་དབྱིབས་ལྟར་བཟོ་ཚུལ་ཡང་ཡོད་མི་དཀྱུས་མའི་དུར་དབྱིབས་ནི་རྟའི་རྨིག་དབྱིབས་དང་མཚུངས་ཤིང་། དུར་གཞན་དང་མི་སྦྲེལ། དུར་ས་མང་ཤོས་ནི་ཁོད་མི་སྙོམས་པའི་ས་འབུར་གྱི་ངོས་སུ་ཡོད་ཅིང་བདེ་ཐང་ལ་བཏབ་པའང་ཡོད། དུར་ས་རྟའི་རྨིག་དབྱིབས་དང་འདྲ་བ་ནི་སྔོན་བོད་ཀྱི་དམག་མི་དཔའ་བོ་རྣམས་དམག་འཐབ་ནང་བཀྲོངས་ཚེ་དེའི་བས་རྗེས་སུ་རྨིག་དབྱིབས་བཟོ་བ་ཡིན་ཞེས་བཤད། དུར་གྱི་ཀླད་ལ་དར་ལྕོག་བཙུགས་ཡོད་ཅིང་།དེ་ནི་དཔའ་བོ་ཤི་བའི་མཚོན་བྱེད་དུ་དུར་སའི་སྟེང་མདའ་མདུང་འཛུགས་པའི་སྲོལ་ཡོད་པ་ཕྱིས་སུ་ཆོས་ཕྱོགས་སུ་བསྒྱུར་ཏེ་དར་ལྕོག་བཙུགས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ། དེང་སང་དར་ལྕོག་ཐོག་གི་གཟུངས་སྔགས་ནི་ཀུན་རིག་ཆོ་ག་ལས་བླངས་བར་བཤད།ཆེས་ཡ་མཚན་པ་ཞིག་ནི་སྒོ་དམར་གྱི་དུར་སའི་སྟེང་རྡོ་དཀར་བསྒྲིགས་ཡོད་པ་དེ་རེད། སྡེ་གཞན་རྣམས་ལ་ཡོད་མེད་མ་ངེས། རྡོ་དཀར་སྒྲིག་སྟངས་ནི་རྒྱ་གྲམ་གྱི་དབྱིབས་འདྲ་ལ་དེའི་དོན་ནི་གནའ་དུས་བོད་མི་ཚོས་མནའ་སྐྱེལ་ཚེ་རྡོ་དཀར་པོ་ཞིག་ལག་ཏུ་བླངས་ཏེ་མནའ་བསྒགས་པའི་སྲོལ་མཆིས་པ་དེ་ཡིན་ཞིང་།ཕྱིས་མི་དེ་ཤི་ཚེ་སྔོན་གྱི་རྡོ་དཀར་པོ་དེ་དུར་སའི་སྟེང་དུ་བརྩིག་དགོས་པར་འདུག འབྲས་ལྗོངས་སོགས་ན་ཉེ་དུས་ཀྱང་ལུགས་སྲོལ་དེ་ཡོད་པར་བཤད། གོང་གི་རྡོ་དཀར་དེའི་དོན་གསལ་པོ་ཞིག་ཏུན་ཧོང་གཏེར་ཡིག་ལས། བཙན་པོས་བཀའ་སྩད་པ། དབྱི་ཚབ་གློ་བ་ཉེ་བས། གུམ་ན་མཆད་ཕག དར་ཏེ་བརྩིག་པར་གནང་། རྟ་ནྀ་བརྒྱའ་དགུམ་པར་གནང་། །བུ་ཚ་གང་རུང་བ་གཆིག གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ་བསྩལ་ཏོ།
སྤད་ཚན་བདུན་གྱིས་གཏབ་རག་ཆེན་པོར་བཏང་ངོ་་་དབུ་སྙུང་གནང་བའི་རྒོར་མ་ཕག་ཏུ་འོན་པ་ནྀ་རྒྱལ་འབྲིང་ལན་ཏོན་གྱེས་བླང་སྟེ། ཕྱག་ཏུ་གསོལ་ནས། གོར་མ་དཀར་པོ་དངོས་ནི་དབྱི་ཚབ་ཀྱི་མཆད་པའི་རྨད་བརྩིགས་སོ། ཞེས ་འཁོད་ཡོད་ཅིང་། །དེབ་དཀར་ལས་དེའི་དོན་ཅུང་ཇེ་གསལ་དུ་བཏང་སྟེ།བཙན་པོས་བཀའ་སྩལ་བ་ནི།དབྱི་ཚབ་གློ་བ་ཉེ་བས། གུམ་ན་དུར་ཁུང་བཙན་པོ་རང་གིས་ཕག་བདར་ཏེ་རྩིག་པར་གནང་། བུ་ཚ་གང་རུང་གཅིག་ལ་གསེར་ཡིག་མི་ཆད་པར་སྩོལ་བར་གནང་སྟེ། ད་ནས་ནི་ཕན་ཆད་དུ། ཁྱོད་ཀྱིས་ནི་ང་མ་བཏང་། ང་ཡིས་ནི་ཁྱོད་མི་བཏང་། སོགས་མགུར་ཡང་བཞེངས་སོ། །
དབའ་དབྱི་ཚབ་ཀྱིས་ཀྱང་གླུ་ལན་ཕུལ་ཏེ།དེར་ཕ་ཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ་། དབུ་སྙུང་གནང་བའི་གོར་མ་དེ། རྒྱལ་འབྲིང་ལན་ཏོན་གྱིས་བླངས་ནས་ཕག་ཏུ་ཕུལ་ཅིང་།རྗེས་སོར་གོར་མ་དཀར་པོ་དེ་དབྱི་ཚབ་ཀྱི་མཆད་པའི་རྨང་དུ་བརྩེགས་སོ། ། ཞེས་གསལ་ཞིང་།མཆད་པ་ནི་དུར་དང་། གོར་མ་དཀར་པོ་ནི་རྡོ་དཀར་ལ་གོ་བ་ཤེས་སླ། བཀའ་གདམས་པའི་དགེ་བཤེས་ཤིག་ལ་བླ་མ་མཆད་ཀ་པ་ཟེར་ཞིང་། དེའི་མཚན་ལ་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ།རྒྱའི་རུས་སྦལ་ཤུན་གྱི་ཡིག་ཚང་ལས་བོད་བཙན་པོའི་དུས་ཀྱི་གནས་བབ་གླེང་སྐབས། བང་སོ་ནི་འབུར་མ་བརྩིགས་ཏེ་མཐའ་ནི་ས་དཀར་གྱིས་གཡོགས་དུར་གཞན་དང་མི་སྦྲེལ། ཞེས་དོར་སྡེ་བོད་མིའི་དུར་དབྱིབས་བཟོ་ལུགས་དང་གཅིག་འདྲར་སྣང་བ་ཞིག་བཤད་ཡོད། རྒ་སར་དང་ཐོ་རྒྱའི་དུར་དབྱིབས་ནི་ས་ངོས་ལས་ཁྲེ་ཙེ་གཅིག་ལྷག་མཐོ་ཞིང་། ཀླད་གྱང་ངོས་མི་སྙོམས་པར་འརྗར་ཚུགས་ཀྱི་རྣམ་པ་ཅན་ཞིག་ཡིན་ལ། རྟའི་རྨིག་དབྱིབས་འདྲ་བའང་ཡོད། སྒོ་དམར་དང་སེང་གེ་གཤོང་། གཉན་ཐོག་བཅས་ཀྱི་དུར་དབྱིབས་ནི་ས་ངོས་ལས་མཐོ་གང་ཡོད་མེད་ཅིག་དང་། ཀླད་ཀྱང་ཁོད་སྙོམས་པར་མ་ཟད་འཇིམ་འབག་གིས་བྱིལ་བྱིལ་བས་པས་གྲ་དག་ཅིང་སྤུས་གཙང་རང་བཞིན་ཅན་ཞིག་རེད། འོན་ཏེ་བླ་ཆེན་དང་མཁས་པ་གྲགས་ཅན། དཔོན་ཆེན་རིགས་གྱི་དུར་དབྱིབས་ནི་དོར་སྡེ་ཚང་མའི་བཟོ་སྟངས་གཅིག་མཐུན་ཡིན་ཞིང་། མང་ཤོས་མཆོད་རྟེན་དབྱིབས་ལས་སྦྱིན་སྲེག་གཏོང་བ་དང་། འབུམ་ཁང་བླུགས་ཏེ་གྲུ་བཞི་ཁང་ལེབ་བཟོ་བ་བཅས་སོ།༡༩༩༠ལོར་བོད་ལྗོངས་ལྷ་རྩེ་དང་དིང་རི་རྫོང་གཉིས་ཀྱི་བང་སོ་སྐོར་ཞིག་གཙང་བཤེར་བས་པའི་དུར་ས་དེ་དག་གཙོ་ཆེ་བ་ནི།རི་མ་ཐང་གི་མཚམས་སུ་ཡོད་ཅིང་། བང་སོ་ལ་ལ་རིའི་སྒང་ཐོག་དབ་རི་འདབས་གྱི་དེའུ་འབུར་ཐོག་ཆགས་འདུག ཅེས་པ་དང་། བང་སོའི་ཁྱུ་ལས་སྤུངས་ཚུལ་ཐེམ་པའི་དབྱིབས་དང་། སྒོར་དབྱིབས།གྲུ་བཞི་ནར་མོའི་དབྱིབས། མཆོད་རྟིན་གྱི་དབྱིབས། གྲུ་བཞི་ལྟེ་འབུར་སོགས་ཡོད་འདུག ཅེས་འཁོད་ཡོད་པ་དེ་ལས་དོར་སྡེ་བོད་མིའི་དུར་དབྱིབས་བཟོ་སྟངས་དེ་སོག་པོའི་ཤན་ཞུགས་པ་མིན་ལ། རྒྱ་རིགས་ཀྱི་ཤན་ཞུགས་པའང་མིན་པ་ཚང་མས་མཁྱེན་ཐུབ་བོ། །
༢༠༠༣ལོའི་བོད་ལྗོངས་ཞིབ་འཇུག་དེབ་དང་པོ་ལས་ཚན་པ་ཞིག་བདམས། |