གནས་ཡུལ། མདུན་ངོས། དགོན་པའི་དཀར་ཆག
 
 
༄༅། །རྡོ་རྗེ་ཉི་མའི་གནས་ཡིག་གསང་བའི་དཀར་ཆག
སྤེལ་དུས།2007-12-24   ཡོང་ཁུངས་།   རྩོམ་པ་པོ། ཁོན་ཐར་གྱིས་ཞུ་དག་བྱས།

    དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་དུ་བྱོན་ནས་སྒྲུབ་གནས་དང་སྦས་ཡུལ་སོགས་མང་པོ་བྱིན་གྱིས་བརླབས་པར་མཛད་ཅུང་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་ཁྱད་པར་ཅན་དུ་མ་ཞིག་ཡོད་པ་ལས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ཀྱི་མཚམས་སུ།འདྲེན་མཆོག་པདྨ་ཆོས་འཕེལ།མཁའ་གྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བཞེངས་པའི་རྡོ་རྗེ་ཉི་མའི་མཆོད་རྟེན་ཞེས་པ་བྱིན་བརླབས་ཀྱི་མཚན་ཁ་འབར་བ་དེ་ཉིད་ཇི་ལྟར་བཞེངས་པ་དང་།མཆོད་རྟེན་དེར་ཕྱག་མཆོད་བྱས་པའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་ཅི་འདྲ་ཡོད་པ་སོགས་གསལ་བོ་ཤེས་ཐུབ་ཆེད་སྔར་གྱི་དཀར་ཆག་རྙིང་པ་དེ་བཞིན་དུས་དེབ་ཐོག་འགོད་རྒྱུར་ཕྲན་ཐུབ་བསྟན་ཚེ་དབང་ནས་མཚམས་སྦྱོར་ཞུས་པ་ཡིན།

   ༄༅༔༔ན་མོ་ཀེ་ཤྭ་ར་ཡ༔བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཆེན་ཐོབ་པ༔བདེ་བར་གཤེགས་པའི་ཞིང་མཆོག་དམ་པ་འདིས༔དབྱིར་མེད་སྦས་ཡུལ་འབྲས་ལྗོངས་ཀུན་གྱི་མཆོག་གྱུར་པ་༔འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་མཆོག་ལྷ་ཡི་དབང་པོ་བརྒྱ་བྱིན་དང་༔རྗེ་བཙུན་འཕགས་མ་སྒྲོལ་མས་ལུང་བསྟན༔ཐོག་མར་རྒྱལ་པ་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད༔ ལྷོ་ནུབ་སྲིན་ཡུལ་འབྱོན་ཉེའི་ཙམ་གྱི་དུས༔ སྔོན་ཚེ་ལས་སྨོན་མཐུ་ལས་གྲུབ་པའི༔ འབྲས་ལྗོངས་ཧྰུཾརའི་གདུང་འཛིན་དུ་འབྱོན་རྒྱུའི༔ཡབ་རིག་འཛིན་མཐོང་མཆོག་མཐོང་གྲོལ་གྱིས་སྲས་ཕྱི་ལྟར་རྫི་བོའི་མཚན་ཅན༔གང་ལྟར་གསང་སྔགས་རྙིང་མའི་བླ་མ༔ཡིད་དམ་ཐུགས་རྗེ་ཆེན་པོའི་ལྗགས་སྙེན་ལ་དུས་རྟག་ཏུ་བརྩོན་པ་ཞིག་ཡོད་པ་དེ༔གཡག་ལུག་གཅིག་ལྕོགས་ཀྱི་རྫི་བོར་ཕེབས་ཏེ་ལོ་ངོ་གསུམ་ཙམ་གྱི་རིང་ལྗགས་སྙེན་ཁོ་ན་མཛད་ཅིང་༔གཡག་ལུག་རྣམས་ཉིན་མོ་ཟས་ཁར་སོ་སོར་རང་མགོ་ཐོན་པ་དངདགོང་མོ་རྗེས་འདེད་མེད་པར་རང་ལོག་གིས་ཡོང་བ་སོགས་ཡ་མཚན་གྱི་མཛད་པ་ལྟར་ཆགས་སུ་དོད་པ་ལས་༔ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྲུབ་པའི་རྟགས་སུ༔འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རྟ་མགྲིན་མར་པོའི་སྐུ་གཟི་བརྗིད་དང་ལྡན་པ་ཞིག་སྤྲོས་ཏེ་རྟ་སྐད་ལན་གསུམ་འཚེར་ཞིང་རྫི་ཁང་སྤྲོ་མོ་འདི་ལ་དགོས༔ཞེས་གསུངས་པར༔རྫི་བོས་ཕྱག་དང་བཅས་ཚོཊ་ཀྱི་འཁོར་ལོ་རྒྱ་ཆེར་ཕུལ་ཏེ༔སྙི་མའི་དུས་ཀྱི་འགྲོ་བ་སེམས་ཅན་རྣམས་སྒྲིབ་པ་སྦྱོང་བའི་ཕྱིར༔ཁྱེད་རང་བཞུགས་གནས་རང་བློར་གང་ཤར་གྱི་མཆོད་རྟེན་ཞིག་སྒྲུབ་ཆོག་པ༔ཞེས་གསོལ་བ༔ རྟ་མཆོག་གིས་བཀའ་སྩལ་པ༔མཆོད་རྟེན་བཞེངས་ཀྱང་རུང་གཟུངས་ཞུགས་མེད་དུ་མི་རུང་བ༔ང་དང་དབྱེར་མེད་རྒྱ་གར་བསིལ་པ་ཚལ་གྱི་དུར་ཁྲོད་ན་བྱུ་རུ་ཁྲུ་གང་ལ་ང་ཡི་རང་བྱོན་ཡོད་པ་དེ་ཁྱེད་ལ་སྟེར་གསུངས༔མཆོད་རྟེན་བཞེངས་སྟེ་བུམ་ལྟེར་ལོངས་པ་དང་༔གོང་དུ་གསུངས་པའི་བྱུ་རུའི་རྟ་མགྲིན་རང་བྱོན་དེ་ནམ་མཁའ་ནས་ཐུགས་གཟུངས་སུ་ཕེབས་པ་དང་༔མཆོད་རྟེན་གྲུབ་ནས་རབ་གནས་སྐབས་རྟ་སྐད་ལན་གསུམ་དུ་འཚེར་ཞིང་༔བསྐལ་ལྡན་ལས་འཕྲོ་ཅན་མཆིད་ན་སྙིགས་དུས་ཀྱང་རྟ་སྐད་འཚེར་བ་ཡོད༔ཅེས་གསུངས་ཤིང་༔ མཚན་ཡང་རྟ་མགྲིན་ཞི་བའི་མཆོད་རྟེན་དུ་གྲགས་ཤིང་༔གཞན་ཡང་རྟ་མཆོག་གི་ལུང་བསྟན་བཀའ་སྩལ་པ༔ཨོ་རྒྱན་ཆེན་པོ་ལྷོ་ནུབ་ཏུ་ཕེབས་པའི་དུས་ཉེ་བར་ཡོད་དོ༔ཁྱོད་ཀྱང་གསོལ་བ་ཡང་ཡང་ཐོབ་༔ཅེས་གསུངས་སོ༔དེ་ནས་ས་ག་ཟླ་བའི་ཚེས་བཅུ་ཉིན་ཕྱི་ལྟར་ན་གླང་ཤུ་རྩེ་ལྔ༔ནང་ལྟར་ན་བསམ་ཡས་དཔེལ་ལྕོག་རྒྱལ་ཆེན་སྐུ་ལྔ༔གསང་བ་ལྟར་ན་གངས་ཆེན་མཛོད་ལྔའི་གཟུངས་གཡག་ཞོལ་བོ་ཡོད་པ་དེ༔ཐུགས་ཚུལ་ཆེ་བར་རྫི་བོ་ཡང་ཐུགས་རྒྱལ་ལྟ་བུའི་ཕྱག་འཁར་ལན་གསུམ་བསྐྱོན་པས་༔ཞོལ་བོ་དེ་ཡང་ཐུཊ་ཕམས་ཏར་གངས་རིའི་ལྗོངས་དུ་བྱོན་པ་དང་མཉམ་དུ་གཡག་ལུག་བྱིངས་ཀྱང་ཟུར་བས༔རྫི་བོས་རྗེས་འདེད་ཕེབས་པར་འོད་ཟེར་ཆེན་པོ་ཞིག་གཟིགས་སྣང་དུ་བྱུང་བ་དང་༔ གཡག་ལུག་རྣམས་ཀྱང་བློ་དལ་ཞིང་ལྷིང་ཆཊ་པ་བྱུང༔ བཟའ་ཧོར་མའི་ཁྲི་ཆེན་པོ་ཞིག་གི་སྟེང་དུ༔ཨོ་རྒྱན་ཆེན་པོ་སྐུ་དངོས་སྙམ་པའི་གཡས་སུ་ལྷ་ལྕམ་མན་ངྷ་ར་བ༔ གཡོན་དུ་ཡེ་ཤེས་མཚོ་རྒྱལ་དང་༔ མཐའ་འཁོར་དུ་རིག་འཛིན་གྲུབ་ཆེན་ཕོ་མོ་མཁའ་འགྲོའི་ཚོགས་དང་བཅས་པ༔མངོན་སུམ་དུ་བཞུགས་པ་ཞལ་མཇལ་བས༔དད་གུས་དྲག་པོས་ཕྱག་དང་བཅས་བླ་མ་རིན་པོ་ཆེ་ཡུལ་གང་ནས་ཕེབས༔ད་གང་དུ་བཞུགས་དོན་ཅིའི་ཕྱིར་བྱོན༔ཞེས་གསོལ་བས༔གུ་རུས་བཀའ་སྩལ་པ༔ཧོ་ང་ནི་པདྨ་འབྱུང་གནས་ཡིན་སྲིན་བུ་རྣམས་འདུལ་བའི་ཕྱིར་ལྷོ་ནུབ་ཕྱོགས་སུ་བཞུད་དོ༔ཞེས་བཀའ་སྩལ་བས་༔ ཡང་རྫི་བོས་དད་གུས་སྔོན་རྒྱ་གར་མི་ཏྲིས་ཕུལ་བས་ཨིནྡྲ་ནི་ལའི་ཕྱག་ཕྲེང་ཞིག་དང་༔ ཀཻ་རུའི་ཏོག་གཅིག་ཡོད་དེ་མཎྜལ་གྱི་རྟེན་དུ་འཕུལ་ནས༔འདི་སྐད་ཞུས་སོ༔ལྔ་བརྒྱའི་མཐའ་མར་མི་རྣམས་ཚེ་ཐུང་ནད་གདོན་རྐྱེན་ངན་མང༔ཁྱད་པར་མི་དགེ་བཅུ་དང་མཚམས་མེད་ལྔ༔དེ་དང་ཉེ་བ་ལྔ་སོགས་ལས་ངན་མང་དུ་གསོག་པའི་དུས་སུ༔གདུལ་བྱའི་གནས་འདིར་འདུལ་བྱེད་ཁྱད་པར་ཅན་ཞིག་དང༔གཞན་ཡང་ཕྱོགས་དང་ཕྱོགས་ཚམས་རྣམས་སུ་བྲག་རིར་ལྟས་ཇི་ལྟར་ལགས༔ཨོ་རྒྱན་དུས་གསུམ་མཁྱེན་པའི་བཀའ་སྩལ་ཐུཊ་རྗེས་ཟུང་ཤིག༔ཅེས་གསོལ་བས༔གུ་རུས་གསུང་གཏོར་མཛད་པས་ཕྱག་ཕྲེང་དེ་མཐོར་བའི་ཚུལ་གྱིས༔དེ་མ་ཐག་ཁྲི་ཞབས་ནས་ཡན་ལག་བརྒྱན་ལྡན་གྱི་བདུད་རྩིའི་ཆུ་མིག་རྡོལ་ཞི་གངྒའི་རྒྱུན་འབབ་པ་དང་༔ཨེ་མ་ཧོ་དུས་གསུམ་སངས་རྒྱས་འདུས་པའི་ཁྲི་ཞབས་ནས་བདུད་རྩིའི་ཆུ་མིག་བརྒྱ་རྩ་མཆིས་པ་ལས༔ ཁྲུ་བྱས་ནད་གདོན་བར་ཆད་ཞི་ཞིང་བཏུང་པས་ལས་དང་སྒྲིག་པ་དག༔ ཁྱད་པར་མི་དགེ་བཅུ་དང་མཚམས་མེད་ལྔའི་ལས་ལ་སྤྱོད༔སྙིགས་དུས་སྤུན་ཟླ་མི་ཕྲེང་འཛོལ་བའི་ལྟས༔དེ་དུས་ས་བཅུད་ཉམས་པའི་རླུང་གི་ཁ་ཤོར་ཏེ༔རྡོ་རྗེ་དམྱལ་བར་འགྲོ་བར་གདོན་མི་ཟ༔རིགས་ངན་ལུས་འབྲེལ་ཤི་བའི་རོ་ཁུར་བས་ཤེས་རབ་རིག་པ་འགག་དང་བྱང་སེམས་རྩ་རྣམས་བསྐམས་པའི་རིགས༔མེ་ལོང་གཡའ་འཕྱིས་པ་བཞིན་དུ་གསལ་བ་ཡོང་༔འོན་ཀྱང་ཉེ་བ་ལྔ་སོགས་ཉེས་བྱས་ཐམས་ཅད་དག་པའོ༔ཉི་མའི་འོག་དང་ས་གཞིའི་སྟེང་རྡོ་རྗེ་གདན་གྱི་དབུས་བྱས་པའི་པདྨ་ཡི་ཐུགས་མཛོད་མ་ལུས་ཀྲུག་བྱས་པའི་འདི་འདྲའི་གངྒའི་ཆུ་རྒྱུན་ཡོད་མི་སྲིད༔གཞན་ཡང་རྒྱབ་ཕྱོགས་ཀྱི་བྲག་རི་ལ་རྡོ་རྗེ་རྣམ་འཇོམས་ཀྱི་གཟུགས་སྐུ་དང་༔དཀྱིལ་འཁོར་གྱི་རང་བྱོན་ཡོད༔ དབུས་རི་གཟའ་རཱ་ཧུ་ལའི་རྟེན་གཞིའི་གནས་རི༔དེའི་རྒྱལ་ཕྱོགས་ན་གསེར༔གཡུ་དུང་གསུམ་གྱི་མཚོ་ཡོད་པས༔མ་འོངས་རྫི་བོའི་གདུང་འཛིན་གྱིས་ཞལ་ཕྱེ་བའི་ལུང་ཟིན༔འདིར་ཞིབ་རྒྱས་མ་སྤྲོས་སོ༔ དེ་ནས་ཤར་ཕྱོགས་སུ་རྒྱང་གྲཊ་ཀྱི་ས་ན་བྱམས་པ་གདན་བཞུགས་ཀྱི་བྲག་རིར་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དོན་བསྡུས་གཏེར་ཁ་ཡོད་པ༔ མ་འོངས་རྫི་བོའི་གདུང་འཛིན་གྱིས་ལེན་པའི་ལུང་བསྟན༔ མཚན་ལོ་ཞིབ་གསལ་གནང་བ་ད་ལྟའི་རིག་འཛིན་འཇམ་དབྱངས་ཧྰུཾ་རི་རྟོགས་ལྡན་དཔའ་བོ་ནས༔ བརྒྱུད་ཐོག་གསུམ་ཙན་གྱི་སྐབས་འདོན་པའི་དུས་རིགས་པ་འདིར་ཞིབ་རྒྱས་མ་སྤྲོས་སོ༔ དེའི་མདུན་ན་མཚོ་ཡོད་པ་དེ་ལ་ལྟས་ན་སེམས་ཅན་སོ་སོའི་ལས་དང་སྒྲི་པ་ལྕི་ཡང་ཕྱིར་འབྱུང་སྐྱེས་སྐར་བརྟག་པ་སོགས་གཤིན་རྗེའི་ལག་གི་མེ་ལོང་ལྟར་ཇི་བཞིན་གསལ་པ་ཡོད་དོ༔ དེའི་ཤར་ཕྱོགས་སུ་ཡོད་པའི་བྲག་རིར་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་རང་བྱོན་དཔག་མེད་ཡོད་དོ༔ དེའི་བྱང་ཕྱོགས་སུ་ཕེབས་པ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཚོགས་ཀྱི་མཎྜལ་རྒྱ་ཆེར་ཕུལ་ཏེ༔ འདི་སྐད་ཅེས་ཞུས་སོ༔ ལྔ་བརྒྱའི་མཐར་ཐུག་པའི་དུས༔ བཟང་དྲུག་སྨན་གྱིས་ནད་མི་གསོས༔ སྨན་པ་མཁས་པས་ནད་ངོ་མི་ཁྲོད་སྔགས་འཆང་དམ་པས་དགྲ་བགེགས་ཚར་མི་ཆོད་པ་སོགས་ཀྱི་དུས༔ གུ་རུའི་འདུལ་བྱེད་ཁྱད་པར་ཅན་ཞིག༔ ཅེས་ཞུས་པས༔ ཨོ་རྒྱན་གྱི་ཕྱག་འཁར་ས་དེར་བཙུགས་པའི་ཤུལ་དུ་བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུ་འབབ་པ་དང་༔ གུ་རུས་བཀའ་སྩལ་བ༔ ཨེ་མ་ཧོ་འདི་ནི་ལྔ་བརྒྱའི་དུས་སུ་བཟང་དྲུག་སྨན་ལས་ནུས་པ་ལྷག་པའོ༔ གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་བཅུ་དང་ནད་རིགས་བཞི་བརྒྱ་རྩ་བཞི་ཁྱད་པར་གཟའ་དང་ཀླུ་ནད་མཛེ་ནད་ཀུན༔ དེ་དུས་འབྱུང་པོ་འཁྲུག་གྱུར་ཏེ་གདོན་དུ་སྡེ་བརྒྱད་ཁ་དར་བས་དེ་ལ་ཕན་ཐབས་གངྒའི་ཆུ་རྒྱུན་འོ༔ སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ༔ ཞེས་གསུངས་སོ༔ འདི་ནས་ཁྲོ་བོའི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་སྟོང་ཉིད་ཐབས་ཤེས་མཛད་པའི་ཞབས་འོག་ཏུ༔ ལན་ཅིག་འཛུལ་ན་ངན་སོང་གསུམ་གྱི་སྡིག་སྒྲིབ་དག༔ གཞན་ཡང་རྒྱང་གྲགས་གཅིག་བགྲོད་པའི་བྱང་ཤར་མཚམས་སུ༔ རྒྱ་གར་དུར་ཁྲོད་བསིལ་བ་ཚལ་འམ་ལངྐཱ་བརྩིགས་པ་དང་མཚུས་པའི་དུར་ཁྲོད་ཕྱི་ནང་གསང་གསུམ་ཡོད་པ་ལས༔  གསང་བའི་དུར་ཁྲོད་ན་མཁའ་འགྲོ་ཉེར་ལྔའི་སྤྲུལ་པ་བརྒྱ་བསྐྱེད་པ་དང་༔ མི་ལྤགས་གཡང་གཞི་ལ་སོགས་པ་རྡོ་ལ་རང་བྱོན་དུ་ཡོད་དོ༔ གནས་འདིར་མི་རོ་དགོང་ཁར་བཞག་ཀྱང་སྔ་དྲོ་ཁྱི་སྤྱང་དང་མཁའ་ལྡིང་གིས་བཟོས་གྲུབ་བོ༔ ཚེ་འདས་དེ་ཡང་ཡུལ་ཉེར་བཞིའི་མཁའ་འགྲོའི་གནས་དང་མཐོ་རིས་སུ་སྐྱེ་བའི་ཞལ་བཞེས༔ འདི་ནས་ནུབ་བྱང་ངོས་རྒྱང་གྲགས་གཅིག་འདས་པའི་ས་ན༔ གད་པ་ཞལ་ཟས་འདྲ་བའི་རང་བྱོན་ནི་རྒྱལ་བ་སྲས་བཅས་མཉེས་པའི་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་ནོ༔ རྒྱལ་བའི་ཞིང་མཆོག་རང་བྱོན་མཆོ་རྟེན་རྣམ་གསུམ་གྱི་ལོ་བརྒྱུད་ནི༔ མཚོ་རྒྱལ་རྫི་བོ་གཉིས་ཀྱིས་ཚོགས་མཆོད་རྒྱ་ཆེར་ཕུལ་ཏེ༔ འདི་སྐད་ཅེས་ཞུས་སོ༔ གནས་འདིའི་མཚན་ཇི་ལྟར་ལགས་གནས་མཇལ་ཕྱག་བསྐོར་བྱས་པ་ཕན་ཡོན་ཇི་ལྟར་ཡོད༔ གུ་རུ་དུས་གསུམ་མཁྱེན་པས་གབ་སྐྱིལ་མེད་པར་གསུང་དུ་གསོལ༔ ཞེས་ཞུས་པས༔ ཨོ་རྒྱན་ཆེན་པོ་བཀའ་སྩལ་པ༔ ཁྱོད་གཉིས་ཀྱི་བློར་གང་ཤར་བའི་མཆོད་རྟེན་རེ་རེ་དང་ཐུན་མོང་དུ་གཅིག་བཞེངས་དང་༔ དེའི་གཟུངས་བཞུགས་སུ་ཤེལ་ཁྲུ་གང་ལ་འཕགས་པ་སྤྱན་རས་གཟིགས་རང་བྱོན་འཁྲུང་པ་ཞིག་གཡུ་ལོ་བཀོད་པའི་ཞིང་མཆོག་ནས་སྤྱན་དྲངས་ལ༔ དེ་ལ་བསུ་བ་སེར་སྤྲེང་མཆོད་པ་སོགས་བགྱིས་ཤིག་གསུང་༔ ཡང་རྫི་བོས༔ འདི་སྐད་ཅེས་ཞུས་པ༔ བདག་ལ་བུ་སློབ་ཕོ་མོ་སོགས་གཅིག་ཀྱང་མེད་པས་ཇི་ལྟར་དྲག་ཞུས་པས༔ གུ་རུས་བཀའ་སྩལ་པ༔ ཡིད་སྤྲུལ་གྱི་མཆོད་པ་དཔག་མེད་ཕུལ༔ ཞེས་གསུངས་སོ༔ དེ་དུས་རྫི་བོས་དད་གུས་དྲག་པོས་གཡས་སུ་ཕོ་རྒྱུད་དང་༔ གཡོན་དུ་མོ་རྒྱུད་བཅས་བྲན་དུ་བཀུལ་ནས་མདུད་དུ་འདོད་ཡོན་སྣ་ལྔའི་མཆོད་པ་དཔག་མེད་ཕུལ་གསུངས་པས༔ དེའི་སྐབས་ཉི་མ་ཤར་ཙམ་དུ་རྫི་བོའི་གཟིགས་སྣང་དུ་ཤར་ཕྱོགས་ཀྱི་ནམ་མཁར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་བྱུང་བ༔ དགའ་སྤྲོ་དཔག་མེད་མཛད་པ་དང་མཉམ་ཉི་མ་ཤར་བ་དང་ཤེལ་གྱི་མཆོད་རྟེན་གོང་དུ་གསུངས་པ་ཇི་བཞིན་ནམ་མཁའ་ནས་བྱོན༔  གཟུངས་སུ་བཞུགས་ནས་མཚོ་རྒྱལ་དང་རྫི་བོའི་ཐུན་མོང་དུ་བཞེངས༔ རང་བྱོན་ཤེལ་གྱི་མཆོད་རྟེན་འདི་ཉིད་དང་༔ རྫི་བོས་བཞེངས་པ་རྫི་བོའི་མཆོད་རྟེན་དང་༔ མཚོ་རྒྱལ་བཞེངས་པ་འབྲོག་མོ་མཆོད་རྟེན་ཞེས་བྱ་བ༔ ཕྱག་གནས་མངའ་གསོལ་རྒྱས་པར་མཛད་སྐབས་ཀྱང་མེ་ཏོག་ག་ཆར་བབས་ཞིང་༔ མཚན་ནི་རྟེན་འབྲེལ་གོང་གསལ་གྱི་དབང་གི་རྡོ་རྗེ་ཉི་མའི་མཆོད་རྟེན་ཞེས་དབྱར་རྔ་ལྟར་གྲཊ་སོ༔ དེ་ནས་ཨོ་རྒྱན་ཆེན་པོ་ཆུ་མིག་རྒྱ་ཙ་དུ་ཕེབས་ཏེ་མཆོད་རྟེན་འདི་རྣམས་ལ་ཕྱག་བསྐོར་མཆོད་པ་བྱས་པའི་ཕན་ཡོན་ནི༔ གོང་གི་ཆུ་མིག་འདིའི་ཕན་ཡོ་དང་མཚུངས་ཤིང་༔ དགེ་བ་ཅི་བྱས་འབུམ་འགྱུར་ངོ་མཚར་བརྗོད་པའི་མཐའ་ལས་འདས་པའོ༔ སྡིག་པ་བསགས་པ་དེ་བཞིན་ནོ་ལྷག་པར་བུད་མེད་བུ་འདོད་པ་ལ་མཆོག་ཏུ་འགྱུར་རོ སྨོན་ལམ་སྣ་རེ་བཏབ་ན་དེ་ཉིད་དུ་ཐོགས་མེད་འགྲུབ་བོ༔ ཞེས་གསུངས་པའི་སྐབས་སུ༔ བོད་ཁ་བའི་ལྗོངས་ཀྱི་གནས་མཆོག་ནས༔ ལྷོ་ནུབ་ཏུ་སྤྱན་འདྲེན་པའི་བསུ་བ་མ་དང་མཁའ་འགྲོ་བར་སྣང་གང་བས༔ རྗེ་འབངས་རྣམས་ལ་ཞལ་གདམས་མི་གྲུབ་པའ་ཐུཊ་བྲེལ་སྟབས་ཀྱི་ངང་༔ ཡན་ལག་བརྒྱད་ལྡན་གྱི་མདུན་ངོས་རྡོ་སྟེང་དུ་ཞབས་རྗེས་ཞིག་བྱིན་རླབས་ཀྱི་རྟེན་དུ་འཇོག་གནང་མཛད༔ ཞལ་ལྷོ་ནུབ་ཏུ་གཟིགས་ཏེ་ཨིཐི་ས་མ་ཡ་རྒྱ་རྒྱ༔ དེའི་དུས་ཀྱི་རྫི་བོ་དེ་ནི་སྐུ་གཅིག་ལ་མཚན་གསུམ་དང་ལྡན་པ་དེ༔  དཔལ་རྟ་མགྲིན་དང་འཇིག་རྟེན་ཐུན་མོང་དུ་རྫི་བོ་ཞེས་པ་དང་༔ ཨོ་རྒྱན་ཆེན་པོས་འདྲེན་མཆོག་པདྨ་ཆོས་འཕེལ་དུ་མཚན་གསོལ་གནང་ཞིང་༔ བྱང་ཕུག་ཇོ་བོ་གསུང་བྱོན་གྱིས་མཚན་གསོལ་བ་གྲུབ་ཆེན་ནག་པོ་སྤྱོད་པ་མཐུ་སྟོབས་ཞེས་གསུངས་པ༔ དོན་དུ་ངོ་བོ་དགེ་སློང་ནམ་མཁའ་སྙིང་པོ་སྐུ་དངོས་ཏེ༔ དགུང་གྲངས་ཀྱང་བརྒྱ་ཐམ་པ་བཞུགས་ཤིང་དེ་ལ་སྒོ་གསུམ་གྱིས་གསོལ་བ་བཏབ་ན་ཚེ་སྒྲུབས་བརྒྱ་རེའི་བྱིན་མཐུའོ༔ མཐར་སྐུ་འཇའ་ལུས་གྲུབ་སྟེ་བདེ་བ་ཅན་གྱི་ཞིང་དུ་མཁའ་འགྲོའི་ཚོཊ་དཔོན་མཛད༔ ཐུཊ་མཆོད་རྟེན་རྣམ་གསུམ་དང་འདྲ་སྐུའི་སྣང་བརྙན་ལ་བཞུཊ་པ་གསུང་བསྟན་པ་དང་འགྲོ་བའི་དོན་དུ་སྐྱེ་བའི་ཕྲེང་བ་ལ་བྱོན་པ་སོགས་ཞལ་གྱིས་བཞེས་པའོ༔ དེ་ཡང་རང་འབྱུང་མཆོད་རྟེན་རྣམ་གསུམ་ལ་མཁའ་འགྲོའི་བསྐོར་བ་བྱེད་པ་ཡིན༔ མི་མ་ཡིན་གྱིས་མཆོད་དབྱངས་ཕུལ་བའོ༔ གཏེར་ཁ་དགའ་རིའི་བྲག་ནས་བཞེ་པའི་གནས་ཡིག་ལྟར་གསལ༔ གཞན་དག་མ་འོངས་ལུང་བསྟན་སོགས་རྒྱ་ཆེར་གསུངས་པའི་མ་དཔེ་སྦས་ཡུལ་འབྲས་མོ་ལྗོངས་སུ་གསང་བའི་གནས་ཡིག་ཏུ་བཀའ་གསལ༔ གནས་ཀྱི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་༔ ཤར་ཕྱོགས་སྦས་ཕུག་མ་མོ་མཁའ་འགྲོ་སྤྲིན་ལྟར་འདུས་པ་མཁའ་འགྲོ་གསང་བའི་ཕུག་པ༔ འཆི་མེད་ཚེ་ལྟར་སྒྲུབ་པ་བདེ་ཆེན་ཕུག༔ མཛོད་ལྔ་ཡི་གཏེར་ཁ་མང་དུ་ཕྱེ་རྒྱུའི་བྱང་ལྷ་རི་རིན་ཆེན༔ སྙིང་གི་ཕུག་པ༔ དེའི་མཚམས་བརྒྱད་ཀྱི་གནས་གསང་སྔགས་ཆོས་གླིང་༔ པདྨ་གཡང་ཙེ་རབ་ལྡན་རྩེ་མོ༔ རྣ་འབྱོར་ཆེ་བཞིའི་བརྟེན་པའི་གཞི་མ་ལུག་བསམ་ཐང་དང་ནུར་གང་མཆོད་རྟེན༔ ལྗོན་ཤིང་རྒྱལ་པོ་ཙན་དན་རྒྱའི་རྒྱལ༔ བར་གྱི་གཞི་བདག་དཔལ་བོ་ཧྰུཾ་རི་དང་༔ ཕག་མོ་རོང་དང་ཁྲག་འཐུང་རོང་༔ རྡོ་རྗེ་འཕྲེང་དང་ལྕག་སྒྲོག་འཕྲེང་༔ མཚོ་ཆེན་བརྒྱ་དང་དགུ་ལ་སོགས༔ དེ་ཡི་བཀའ་འཁོར་གངས་ཆེན་མཛོད་སྔས་དབུས༔ གངས་ཕྲན་བརྒྱ་དང་སྟོང་ཕྲག་གཅིག་སྦས་ཡུལ་ལྷོ་ནག་པོ་བཅས་པའི༔ རྡོ་རྗེ་ཉི་མ་འདི་ནི་སྦས་ཡུལ་འབྲས་ལྗོངས་ཀུན་གྱི་བྱང་སྒོའི་སྒོ་འཆོར་ཡིན་པའི་ཕྱིར་རོ༔  ཆོས་བདག་ཕྱི་ནང་གསང་གསུམ་དང་༔ གཟའ་མཆོག་ར་ཧུ་ལ་དང་༔ འབར་བ་སྤུན་བདུན་ཇོ་མོ་ཚེ་རིང་བཅས་ལ་དབང་ངོ་༔ འགྲོ་དོན་ཉི་ཟླར་སྤྱོད་པར་འགྱུར་རོ༔ ས་མ་རྒྱ་རྒྱ༔ གུ་རུའི་བཀའ་བཞིན་མཚོ་རྒྱལ་གྱི་ཡི་གེར་བཏབ་ནས་གཏེར་དུ་སྦས་སོ༔ ཕྱི་གཏེར་རྫི་བོའི་གསུང་སྤྲུལ་གདུང་རིག་འཛིན་ཚེ་དབང་གཉིས་པས༔ ཧྰུཾ་རི་བྲག་སེངྒེ་གཡས་ཟུར་ནས་སྤྱན་དྲངས་པས༔ ཞིང་ཁམས་མཐིང་ཤོག་ལ་ཚལ་གྱི་བརྡའ་ཡིག་སུ་བྲིས་འདུག་ཞེས༔ སྨོན་ལམ་ལས་འགྲོ་རྟེན་འབྲེལ་འཛོངས་པའི་དུས་འཚམས་སུ༔ བཀའ་བབས་ལུང་ཟིན་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན༔ བལ་བོད་མཚམས་ཀྱི་རྡོ་རྗེ་ཉི་མའི་བྱང་སྒོ་བརྒྱུད་ནས་འབྲས་ལྗོངས་གནས་སྒོ་ཞལ་ཕྱེ་སྐབས་སུ༔ བརྡའ་ཡིག་རྣམས་བོད་ཡིག་ཏུ་བཀའ་ཕ་མཛད་དེ་དབང་སྐུར་མན་ངག་ཟབ་པར་གནང་སྟེ༔  གཏེར་གྱི་མངའ་གསོལ་རྒྱས་པར་མཛད་སྐབས་ཀྱང་༔ ནམ་མཁའ་གཡའ་དག་ངང་ནས་མེ་ཏོག་གི་ཆར་ཡང་བབས་སྭ༔ ཛ་ག་ཏཾ༔ མངྒ་ལཾ༔ ཐམས་ཅད་བདེ་ལེགས་སུ་གྱུར་ཅིག༔                            

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060