གནས་ཡུལ། མདུན་ངོས། དགོན་པའི་དཀར་ཆག
 
 
༄༅།།འཕན་ཡུལ་ཤ་བ་འབུམ་པ་སོགས་ཀྱི་དཀར་ཆག
སྤེལ་དུས།2008-01-03   ཡོང་ཁུངས་།   རྩོམ་པ་པོ།

    འཕན་ཡུལ་གང་ཤར་དག་སྣང་དགོན་དང་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོ་སོགས་ཀྱི་སྐུ་གདུང་མཆོད་རྟེན་གྱི་དཀར་ཆག་རྙིང་ཧྲུལ་ཞིག་ཁོ་བོའི་ལག་ཏུ་སོན་པ་སླད་རྩ་སྟོང་འགྲོ་དོགས་ཀྱིས་གཙང་བཤུས་ཕྱོགས་སྒྲིག་བྱས་ཏེ་འདི་ག་དུས་དེབ་ཐོག་འགོད་རྒྱུར་ངོས་སྦྱོར་ཞུས་པ་ཡིན། ཡེ་ཤེས་ཤེས་རབ་ནས།

 ན་མོ་གུ་རུ་ཝེ། བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།

བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།

རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།

བཀའ་གདམས་བླ་མ་རྣམས་ཀྱིས་ཤིས་པ་སྩོལ།

     ཅེས་ཤིས་པ་བརྗོད་པ་སྔོན་དུ་སོང་ནས་དེ་ཡང་འཕན་ཡུལ་ན་ཉི་མ་ཤར་བ་ལྟ་བུའི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བ་ཆེན་པོའི་གདུང་བཞུགས་པའི་མཆོད་རྟེན་དང་དེས་ཕྱག་བཏབ་པའི་དག་སྣང་གང་ཤར་དགོན་ཞེས་པ་འདིའི་ཕྱི་ནང་གི་ཡོན་ཏན་ནི།

འདབས་བརྒྱད་གསེར་གྱི་པདྨས་འོག་ནས་བཏེགས།

བཀྲ་ཤིས་རྟགས་བརྒྱད་མཚན་མས་མཐའ་ནས་བསྐོར།

ཐེག་ཆེན་ཆོས་ཀྱི་འཁོར་ལོས་སྟེང་ནས་མཛེས།

ཞི་ཁྲོ་རྒྱལ་བའི་ཚོགས་རྣམས་སྤྲིན་ལྟར་འདྲ།

ལྷ་ཆོས་བདུད་ལྡན་ཆོས་གྲྭ་ཤ་ར་དགོན།

མཐོང་ཐོས་དྲན་རེག་བྱང་ཆེན་ས་ལ་འགོད།

གནས་འདིར་བྱོན་དང་བཞུགས་རྣམས་སྐལ་པ་བཟང་།

གང་ཤར་དག་སྣང་དགོན་ཞེས་གནས་ཆེན་འདིའི།

དཀར་ཆག་མདོར་བསྡུས་ཅུང་ཟད་འདི་ལྟར་རོ།

            དགོན་པ་ཕྱག་འདེབས་པ་པོ་ཤ་ར་བ་ཡོན་ཏན་གྲགས་ནི་སྤྱི་ལོ་1070བོད་ལྕགས་ཕོ་ཁྱི་ལོར་བྱང་རོམ་པོའི་འབྲོག་པར་སྐུ་འཁྲུངས། སྐུ་ན་གཞོན་པའི་དུས་སུ་ཡབ་ཡུམ་ནས་བག་མ་བླངས་ནའང་མ་ཆགས་པར་དགུང་ལོ་བཅུ་དགུའི་ཐོག་པོ་ཏོ་བའི་སྤྱན་སྔར་རབ་ཏུ་བྱུང་མཚན་ཡོན་ཏན་གྲགས་སུ་བཏགས། མདོ་རྒྱུད་ཡོངས་ལ་གསན་བསམ་མཛད་པས་རྣམ་དཔྱོད་འགྲན་ཟླ་དང་བྲལ་པས་བཀའ་འགྱུར་ཡོངས་རྫོགས་ཐུགས་ཐོག་ལ་ཡོད་པ་དང་རྒྱལ་པོ་དགེ་བ་དཔལ་གྱི་སྤྲུལ་པ་ཡིན་པར་གྲགས། པ་ཚབ་ལོ་ཙཱ་བའི་དབུ་མའི་འཕྲིན་ལས་སྤེལ་བའི་གྲོགས་དན་མཛད། ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལ་བརྟེན་ནས་སེམས་བསྐྱེད་ལུགས་གཉིས་གཅིག་པའི་གྲུབ་མཐའ་མཛད། པོ་ཏོ་བ་གཤེགས་རྗེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཁོང་ལ་འདུས་པས་ཚོགས་པ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་རྟག་ཏུ་འདུ། བཤད་པ་ཕལ་ཆེར་གཞུང་ཆེན་མོ་ཁོ་ན་ལ་མཛད། དགུང་ལོ་བདུན་ཅུ་དོན་གཉིས་མེ་མོ་བྱ་ལ་མྱ་ངན་ལས་འདས། དེའི་སློབ་མ་འཕྲིན་ལས་ཅན་མང་ནའང་གཙོ་བོར་བྱང་ཆུབ་སེམས་ཀྱི་བཀའ་བབས་སྟབས་ཀ་བ་མལ་གྲོ་སྟབས་ཀ་དགོན་ཕྱག་འདེབས་པ་པོརྟོགས་པའི་བཀའ་བབས་རོང་སྟོན་ཤེས་འོད་མཆོད་རྟེན་གྱི་གྲས་སུ་ཀུན་མཁྱེན་རོང་པོའི་མཆོད་རྟེན་ཞེས་པ་འཕྲིན་ལས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས་སྣར་ཐང་ཕྱག་འདེབས་པ་པོ་ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སོགས་བཀའ་བབས་དྲུག་ཏུ་གྲགས་བྱུང་། དེ་ལྟར་དགེ་བའི་བཤེས་གཉེར་ཤ་ར་བའི་གདུང་རྟེན་མཆོད་རྟེན་རྒྱ་ཕིབས་པ་འདིའི་ནང་ཤ་ར་བ་ཆེན་པོའི་འདྲ་སྐུ་གསེར་ཟངས་ལས་གྲུབ་པ་བུ་ཆུང་ལོ་བརྒྱད་ཅམ་གྱི་ཐུགས་ཁར་དེ་བཞིན་གཤེགས་པའི་རིང་བསྲེལ་དཀར་ཡོལ་འབྲུག་ཁྲ་གང་དང་ཤ་ར་བ་ཆེན་པོའི་ཕྱག་གཡས་པ་གཞན་ཡང་བླ་མ་གོང་མ་མང་པོའི་རྟེན་རིང་བསྲེལ་བྱིན་རླབས་ཅན་དུ་མ་དང་། ཤྰཀྱ་ཐུབ་པའི་གསེར་སྐུ། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་སྟེ་བཀའ་གདམས་ལྷ་བཞི་བརྒྱ་དང་བརྒྱད་རེ་བཞུགས། བུམ་པའི་ཕྱོགས་བཞིར་ཤ་ར་བ་ཆེན་པོའི་ཐུགས་དམ་གྱི་རྟེན་བརྒྱད་སྟོང་པ་པོད་རེ་རེ་བཞུགས། ལྟེ་བའི་འོག་གི་ཆ་ལ་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་བཞུགས་པས་མཆོད་རྟེན་འདིའི་མདུན་དུ་སྨོན་ལམ་གང་བཏང་འགྲུབ་པར་གྲགས། དེའི་མདུན་གྱི་མཆོད་རྟེན་འདིའི་ནང་མཆོད་པ་སྣ་ལྔ་ཚང་བར་བཞུགས་པས་ཁ་བ་མི་ཆགས། ཤ་ར་བའི་གཡོན་གྱི་མཆོད་རྟེན་འདིའི་ནང་ཤ་ར་བའི་ལྕམ་སྲིང་ཨ་མ་ར་གཅིག་མར་གྲགས་པ་དེའི་ར་གཅིག་གི་ཞོས་དགེ་འདུན་སྟོང་ཕྲག་བརྒྱད་ལ་ཞོ་སྟོན་འདྲེན་པ་དེའི་སྐུ་གདུང་དང་ཞོ་ཁོག་ལྷན་དུ་བཞུགས། དེ་ཤར་གྱི་མཆོད་རྟེན་ཆེ་བ་འདི་ཉིད་མཁའ་འགྲོ་མ་ནམ་མཁའ་འབུམ་དང་ཤེས་རབ་འབུམ་གཉིས་ཀྱིས་ཤ་ར་བ་ཆེན་པོ་སྙུན་པའི་དུས་སུ་རྒྱ་གར་ནས་ཨ་རུ་ར་གསེར་མདོག་རྣམ་རརྒྱལ་གསོས་པ་མ་ཉམས་པ་བདུན་ཕྱི་དྲོ་གཅིག་ལ་བླངས་ནས། གཅིག་ཤ་ར་བར་ཕུལ་བས་སྙུན་ལས་དང་། གཞན་རྣམས་རྗེས་འཇུག་ལ་ནད་ཀྱི་གཉེན་པོར་མཁའ་འགྲོ་རྣམ་གཉིས་ཀྱི་གདུང་དང་མཉམ་དུ་གསུམ་གསུམ་བཞུགས། དེའི་ཤར་གྱི་མཆོད་རྟེན་འདིའི་ནང་དུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐུ་གདུང་ཞུགས་ལ་ཕུལ་བའི་སྐུ་རུས་ལ་མི་གཡོ་བ་བརྒྱ་དང་བརྒྱད་བྱོན་པའི་ནང་ནས་སམ་ཅུ་འདིར་བཞུགས། དེའི་ཤར་གྱི་མཆོད་རྟེན་འདིའི་ནང་ཇོ་གདན་བཟོད་པ་ཞེས་པ་སྐུ་ཚེ་བློས་བཏང་ཞིང་ཆོས་མཐར་ཕྱིན་པ་དེའི་སྐུ་གདུང་བཞུགས། དེའི་ཤར་གྱི་མཆོད་རྟེན་ཆེ་བ་འདིའི་ནང་དམ་པ་སངས་རྒྱས་ཀྱི་སྤྲུལ་པ་ཀུན་མཁྱེན་རོང་པོའི་ཚེམས་དང་། རིང་བསྲེལ་བཞུགས། འདི་ན་ལེཎྜ་ཕྱག་འདེབས་པ་པོ་ཡིན་པར་གྲགས་ཀྱང་། ཤ་ར་བ་ཆེན་པོའི་བུ་ཆེན་བཀའ་བབས་དྲུག་གི་ནང་ནས་རྟོགས་པའི་བཀའ་བབས་རོང་སྟོན་ཤེས་འོད་ཀྱི་ཚེམས་མིན་ནམ་སྙམས་པས་དཔྱད་པར་མཛོད། དེའི་རྒྱབ་བྱང་ཤར་གྱི་མཆོད་རྟེན་ལེགས་པ་འདིའི་ནང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་རི་ཐང་པ་རྡོ་རྗེ་སེང་གེའི་ཐུགས་དམ་ཐང་སྐུ་ཕྱག་ནས་མ་བྱིན་ཅན་དང་ན་བཟའ་བཅས་བཞུགས། འདིས་གླང་ཐང་ཕྱག་བཏབ་ཅིང་གདན་ས་ཐོག་མར་མཛད། དེའི་ནུབ་ཀྱི་མཆོད་རྟེན་ཆུང་བ་འདིའི་ནང་དུ་པོ་ཏོ་བ་ཆེན་པོའི་དངོས་སློབ་ཟབ་མོ་སྟོང་པ་ཉིད་ཀྱི་བཀའ་བབས་རང་ཉིད་ཀྱི་བཀའ་བབས་རམ་ལྡིང་མ་འབྱུང་གནད་རྡོ་རྗེའི་རིང་བསྲེལ་བཞུགས། འདི་ལ་མཁའ་འགྲོ་མ་རྣམས་ཀྱིས་ཞབས་སྐོར་སྒེར་དུ་མཛད་པས་ལམ་དོད་པ་དང་ཁ་བ་བབས་ཀྱང་མི་ཆགས་པ་དང་གལ་ཏེ་ཆགས་ཀྱང་ངེས་པར་སྲབ་པ་ཡོད་པས་བསྐལ་པའི་མར་མེ་ཡོད་པའི་རྟགས་ཡིན་པར་གྲགས། འདིས་རམ་ལྡིང་མ་བཏབ། དེའི་ཤར་གྱི་མཆོད་རྟེན་བཞི་པོ་འདི་ཤ་ར་བ་ཆེན་པོའི་སྐུ་རིམ་བརྟན་བཞུགས་ལ་བཞེངས་ཤིང་དགེ་སློང་རྣམ་དག་བརྒྱད་ཀྱིས་རབ་གནས་མཛད་པ་དང་འདིའི་མཚན་ལ་སྐུ་རིམ་མཆེད་བཞིར་གྲགས། དེ་རྣམས་ཀྱི་ཤར་ལྷོ་ན། ཆུ་སྐུ་མཆེད་གཉིས་ཞེས་པ་ཆུའི་དཀའ་ཐུབ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པ་གཉིས་ཀྱི་སྐུ་གདུང་ཧྲིལ་པོ་བཞུགས། སྐུ་རིམ་མཆེད་བཞིའི་ཤར་ན་མཆོད་རྟེན་ཡོད་པ་དེའི་ལྷོ་མའི་ནང་དུ་གྲུབ་ཐོབ་དབུས་སྨྱོན་པ་ཀུན་དགའ་བཟང་པོའི་གདུང་རུས་བཞུགས། བྱང་མའི་ནང་དུ་ཀུན་མཁྱེན་རྒྱལ་བ་ཆེན་པོའི་གདུང་རུས་བཞུགས། དེའི་བྱང་གི་མཆོད་རྟེན་ཆུང་བ་འདིའི་ནང་པོ་ཏོ་བའི་མ་ཤད་ནམ་མཁའ་ཕུར་ནུས་ཞེས་པ་གནག་བཤད་གཅིག་བསྣམས་ནས་ནམ་མཁའ་ལ་ཕུར་བ་དེའི་གདུང་རུས་བཞུགས། སྐུ་རིམ་མཆེད་བཞིའི་བྱང་ཤར་གྱི་མཆོད་རྟེན་འདི་རྒྱ་གར་གྱི་ས་སྣ་སྡོ་སྣ་ལས་གྲུབ་པའི་རང་བྱོན་འབུམ་པར་གྲགས། དེའི་བྱང་ཤར་གྱི་མཆོད་རྟེན་ཆེ་བ་འདི་པོ་ཏོ་བ་ཆེན་པོའི་དགོངས་རྫོགས་ལ་ཤ་ར་བས་བཞེངས་པ་འདིའི་ནང་པོ་ཏོ་བ་ཆེན་པོའི་སྐུ་གདུང་ཞུགས་ལ་འབུལ་སྐབས་ཐུགས་བདུན་བྱོན་པའི་གཅིག་དང་། དཔལ་ན་རོ་པའི་གསོལ་ལྷུང་བེེ་ཌྰུརྱ་ལ་གྲུབ་པའི་ནང་དུ་མཉམ་མེད་ཤྰཀྱའི་རྒྱལ་པོའི་རིང་བསྲེལ་བྲེ་གང་དང་དཔལ་ན་རོ་པའི་དབུ་ལོ། ཕྱག་དཔེ། ས་ར་ཧ། ཀླུ་སྒྲུབ་ལ་སོགས་པའི་རྒྱ་གར་གྱི་པཎ་གྲུབ་དུ་མའི་དབུ་ལོ་དང་ཕྱག་སེན། གདུང་རུས། སྐུ་ཤ། ཕྱག་ཕྲེང་། རིང་བསྲེལ་སོགས་མ་བཞུགས་པ་མེད་ཅིང་། བོད་ཀྱི་མཆོད་རྟེན་ཞིག་ལ་འདི་ལས་བྱིན་རླབས་ཆེ་བ་མེད་པ་ལྟ་བུ་ཞིག་ཡིན། དེའི་མདུན་ན་པོ་ཏོ་བ་ཆེན་པོའི་ཉེ་གནས་གྲུབ་པ་ཐོབ་པ་གསུམ་གྱི་མཆོད་རྟེན་ཡིན། དེའི་བྱང་ཤར་དུ་པོ་ཏོ་བ་ཆེན་པོའི་དངོས་སློབ་མཆོད་པའི་བཀའ་བབས་བྲག་དམར་སྟག་རྩེ་བའི་མཆོད་རྟེན་ཡིན། འདི་དང་ཁྲི་སྦྲེལ་བའི་མཆོད་རྟེན་འདི་བལ་ཆོས་ཀྱི་བཤེས་གཉེན་གྱི་མཆོད་རྟེན་ཡིན། རྣ་ར་བ། སྨན་རྩ་བ། ལྕགས་ཁྱིམ་པ། ཀོ་ཁྱིམ་པ་བཅས་བཞིའི་སྐུ་གདུང་། ཕྱག་དཔེ། ཕྱག་སྲེང་སོགས་བྱིན་རླབས་ཅན་མང་པོ་བཞུགས། བྱང་ཤར་གྱི་མཆོད་རྟེན་འདིའི་ནང་དུ་པོ་ཏོ་བ་ཡབ་སྲས་ཀྱི་ཕྱག་དཔེ། གཟིམ་ཁྲི། གཟིམ་གུར་བཅས་བཞུགས་པའི་གུར་ཁང་མཆོད་རྟེན་དུ་གྲགས། དེའི་མདུན་དང་སྦྲེལ་བ་མཉམ་མེད་དྭགས་པོ་ལྷ་རྗེའི་བླ་མ་རྒྱ་ལྕགས་རི་གོང་ཁ་བ་ཆེན་པོས་ཆོས་ཁྲིའི་ཐོག་ཏུ་སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་ཧྲིལ་པོ་གྲ་མ་ཉམས་པར་བཞུགས། འདིས་སྒྲོལ་དཀར་གྱི་གྲུབ་པ་ཐོབ་པས་དགུང་ལོ་བརྒྱ་དང་བརྒྱད་བཞུགས་པ་དེའི་ཐུགས་རྗེ་དང་རྟེན་འབྲེལ་ལས་ཡན་ལག་དང་ཉིང་ལག་ཆད་པ། ནད་གདོན་གྱིས་བཏབ་པ་རྣམས་གནས་འདིར་མཆོད་རྟེན་འདི་ཉིད་ལ་ཉི་མ་བདུན་སྐོར་བ་བྱས་ན་སྔོན་གྱི་རྣམ་པར་སྨིན་པ་མ་གཏོགས་པས་དེ་མིན་ཐམས་ཅད་ངེས་པར་དུ་གསོས་པ་ཡིན་པས་ཚེ་སྒྲུབ་འབུམ་པ་འདི་ལས་ཟབ་པ་མེད་དོ། དེའི་མདུན་གྱི་མཆོད་རྟེན་འདིའི་ནང་དུ་པོ་ཏོ་བ་དང་ཤ་ར་བ་གཉིས་ཀྱི་དངོས་སློབ་འཕྲིན་ལས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས་ཀྱི་རིང་བསྲེལ་བཞུགས། འདི་སྣར་ཐང་ཕྱག་འདེབས་པ་པོ་ཡིན། དེའི་ནུབ་ན་བྲག་རི་ལྕོ་བའི་མཆོད་རྟེན། དེའི་ནུབ་ཏུ་བླ་མ་བྲག་ནག་པའི་མཆོད་རྟེན། དེའི་ནུབ་ན་བླ་མ་དག་ཆས་པའི་མཆོད་རྟེན། སྣར་ཐང་པའི་ལྷོའི་མཆོད་རྟེན་ཆེ་བ་འདིའི་ནང་དུ་གསེར་གླིང་པ་ཆོས་ཀྱི་གྲགས་པའི་ཐུགས་དང་འབྲོམ་སྟོན་པའི་གདུང་ཁང་། དབུ་ལོ། ཕྱག་སེན། གཞན་ཡང་བཀའ་གདམས་གོང་མ་མང་པོའི་གདུང་རིང་བསྲེལ། དྭགས་པོ་བཀའ་རྒྱུད་ཀྱི་རྟེན་བྱིན་ཅན་སོགས་བཞུགས། མཆོད་རྟེན་འདི་ཆད་ཁ་བ། ཕུ་ཆུང་བ། སྣེའུ་ཟུར་པ་གསུམ་གྱིས་བཞེངས་པ་ཡིན། དེའི་ལྷོའི་མཆོད་རྟེན་འདིའི་ནང་དུ་སྣེའུ་ཟུར་པ་ཡེ་ཤེས་འབར་བའི་རིང་བསྲེལ་སྐུ་གདུང་ལ་མ་གཡོ་བ་དཀར་པོའི་སྐུ་ལྔ་བཅུ་ང་བཞི་བྱོན་པ་དང་། གཞན་ཡང་སྤྱན་མངའ་བ། པོ་ཏོ་བ། ཕུ་ཆུང་བ་གསུམ་གྱི་རྟེན་མང་པོ་བཞུགས། དེའི་ནུབ་ཀྱི་མཆོད་རྟེན་ཆེ་བ་འདིའི་ནང་ཕུ་ཆུང་བ་ཆེན་པོའི་དབུ་ལོ། ཕྱག་ཕྲེང་། རྟེན་རིང་བསྲེལ་མང་པོ་བཞུགས། དེའི་ནུབ་ཟུར་ཆོས་དབྱིངས་རང་གྲོལ་བླ་མའི་མཆོད་རྟེན། དེའི་ནུབ་ཏུ་ཆོས་རྗེ་བཀའ་བརྒྱད་པའི་མཆོད་རྟེན། ཆད་ཁ་བའི་ལྷོའི་མཆོད་རྟེན་ཆེ་བ་གསུམ་པོ་འདི་མཁའ་འགྲོ་མ་གསུམ་གྱིས་བཞེངས་ནས་སོ་སོར་ཐིམ་པའི་སྨན་མོ་སྤུན་གསུམ་ཟེར། དེའི་ཤར་ན་ཟིངས་པ་སྟག་མགོ་བའི་མཆོད་རྟེན། འདིས་པདྨ་གླིང་པའི་གཏེར་ཁ་འཛིན། དབུས་ནུབ་ན་པཎ་ཆེན་རྡོར་རྒྱལ་བའི་མཆོད་རྟེན། འདི་པཎ་ཆེན་ཤྰཀྱ་མཆོག་གི་དངོས་སློབ་ཡིན། སྣ་མཁར་དགོན་པ་བཏབ། སྨན་མོ་སྤུན་གསུམ་གྱི་མཆོད་རྟེན་ཆེ་ལེགས་འདིའི་ནང་དུ་སྤྱན་མངའ་བའི་གདུང་རིང་བསྲེལ་མང་པོ་བཞུགས། དེའི་ནུབ་ཀྱི་མཆོད་རྟེན་འདིའི་ནང་དུ་ཁ་རག་སྒོམ་ཆུང་བ་དབང་ཕྱུག་བློ་གྲོས་ཀྱི་རིང་བསྲེལ་དང་ཚེམས་བཞུགས། དེ་དང་སྦྲེལ་བ་འདི་རྔོགས་ལེགས་པའི་ཤེས་རབ་ཀྱི་མཆོད་རྟེན། ཁ་རག་སྒོམ་ཆུང་གི་ནུབ་ཀྱི་མཆོད་རྟེན་འདིའི་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གདུང་རིང་བསྲེལ་བཞུགས། ཀུན་མཁྱེན་རོང་པོའི་ལྷོ་ནུབ་ཏུ་རིམ་བཞིན་གནས་བརྟན་དཀའུ་བའི་མཆོད་རྟེན་དེའི་ནུབ་ཏུ་མཚུངས་མེད་ཆོས་རྗེའི་མཆོད་རྟེན། དེའི་གཡས་ཟུར་ན་བླ་མ་བན་རོགས་པའི་མཆོད་རྟེན། འདིའི་བར་འབྲུག་ལ་རོག དེའི་ནུབ་ཏུ་བླ་མ་གཉེན་པོ་བའི་མཆོད་རྟེན། དེའི་ནུབ་ཏུ་དྲུང་གནས་ཀུན་དགའ་བསམ་གཏན་པའི་མཆོད་རྟེན། ཀུན་མཁྱེན་རོང་པོའི་རྒྱབ་ཤར་ན་བྱ་བཏང་ཚེ་གཅིག་སྲེབ་པའི་མཆོད་རྟེན། དེའི་བྱང་ན་བྱ་བཟང་བའི་མཆོད་རྟེན། དབུས་རས་པའི་མཆོད་རྟེན། མཁྱེན་རབ་མཆོག་གྲུབ་བཟང་པོའི་མཆོད་རྟེན། ཤྰཀྱ་འོད་མཆོག་མཆོད་རྟེན། དབེན་ཤར་སྔ་མའི་མཆོད་རྟེན། བྱ་བཟང་འགྲམ་དུ་ཞོལ་རྒྱལ་བའི་མཆོད་རྟེན། དྲུང་གནས་ཀུན་དགའ་བསམ་པའི་ནུབ་ན་ཁུན་པོ་བསམ་གྲུབ་རྒྱལ་མཚན་པའི་མཆོད་རྟེན། དེའི་ལྷོ་ནུབ་ན་དགེ་བཤེས་བྱ་ཡུལ་བའི་མཆོད་རྟེན། དེའི་ནུབ་ཀྱི་མཆོད་རྟེན་ཆུང་བ་འདི་དགེ་བཤེས་བློ་བཟང་དར་རྒྱས་ཀྱི་ཡིན། དེའི་ནུབ་དབུས་མ་བྲག་དཀར་སྟག་རྩེ་ཞེས་པོ་ཏོ་བའི་དངོས་སློབ་དཔེ་ཆོས་རིན་ཆེན་སྤུངས་པ་ཕྱོགས་བསྒྲིགས་མཛད་པ་པོ་ཐར་པ་དཔལ་བརྩེགས་ཀྱི་མཆོད་རྟེན། དེའི་རྒྱབ་ནུབ་ཏུ་འགྲོ་མགོན་རྡོ་རྗེ་བའི་མཆོད་རྟེན། དེའི་མཐའ་གཉིས་ལ་བྲག་རྒྱབ་ཀུན་སྤངས་པའི་མཆོད་རྟེན། འདིས་ཞི་བྱེད་པའི་ཆོས་སྐོར་འཛིན། བྱ་ཡུལ་བའི་ནུབ་བྱང་གི་མཆོད་རྟེན་ཆེ་བ་འདིའི་ནང་དུ་བསྐལ་པའི་མར་མེ་དང་བླ་ཆེན་ཤྰཀྱ་རྒྱལ་མཚན་ཞེས་པ་འབྲས་རྟགས་པའི་མཁན་པོ་དེའི་དབུ་ལོ། ཚེམས་ཕྱག་སེན་རིང་བསྲེལ་སོགས་རྟེན་མང་ཙམ་ཡོད། འདི་སྲས་རིན་ཆེན་གྲགས་པས་བཏབ། ཀོ་ཁྱིམ་པའི་རྒྱབ་གུར་ཁང་མཆོད་རྟེན་བྱང་དུ་གྲུབ་ཐོབ་ཌ་མ་རུ་བའི་གདུང་བཞུགས་པའི་མཆོད་རྟེན་འདི་ལ་རྐང་པ་ཡ་གཅིག་གིས་ངལ་མ་གསོས་པར་སྐོར་བ་ལན་བདུན་ཐེབས་ན་རྐང་ནད་ཡོད་པ་རྣམས་བྱང་བ་དང་མེད་པ་རྣམས་ལ་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ། ངག་རྒྱུན་ལ་གྲུབ་ཐོབ་འདི་རིག་པའི་གནས་ལྔ་དང་། ལྷག་པར་གསོ་དཔྱད་རྐང་ནད་གསོ་བའི་བཀའ་བབས་ཡོད་པའི་རྟེན་འབྲེལ་གྱིས་ཡིན་པར་་གསུངས་སོ།

            དགོན་པའི་འདུ་ཁང་ནང་གི་རྟེན་གཙོ་ནི་ཨ་རང་བྱོན་དང་། ཤ་ར་བའི་འདྲ་སྐུ་རང་བྱོན་མཐོ་གང་ལྷག་ཙམ་ཞིག་ཡོད། དེ་ནི་གོང་གསལ་ཆུ་མིག་ཡན་ལག་བརྒྱན་ལྡན་གྱི་མདུན་ངོས་སུ་ཕ་བོང་ཞིག་ལ་ནམ་མཁའ་ནས་ཐོག་འཕེན་པས་ཁ་གཤགས་ཏེ་དེའི་ནང་ནས་བྱོན་པ་ཞིག་ཡིན་པ་དང་ཕ་བོང་ཁ་ཞག་པ་དེ་ད་ལྟ་མཇལ་རྒྱུ་ཡོད། གཞན་ཡང་རྟེན་མང་ཙམ་མཇལ་རྒྱུ་ཡོད། རྡོ་རྗེ་འཆང་དངོས་གྲུབ་རྒྱ་མཚོའི་དངོས་སློབ་མཚན་ཕྱེད་ཕུར་བུར་གྲགས་པས་གནས་འདིར་ཕྱུར་ཁུས་དཀའ་ཐུབ་མཛད་ནས་རྟོགས་པ་མཐོན་པོར་ཕེབས་པའི་སྦས་པའི་རྣལ་འབྱོར་པ་དགུང་ལོ་110བཞུགས་པ་དེའི་སྐུ་གདུང་ཧྲིལ་པོ་དང་། ཕྱག་ཕྲེང་། མཆོད་བཤམས། ཕྱག་སྐོར་ཡི་གེ་དྲུག་མ་དང་བཅས་པ་བཞུགས་པའི་མཆོད་རྟེན། མཆོད་རྟེན་རྣམས་ཀྱི་ཤར་དུ་དུར་ཁྲོད་བདེ་ཆེན་རྔམས་པ་ནས་ཕེབས་པའི་དུར་ཁྲོད་ཀྱི་རང་བྱོན། ལྷོར་བླ་ཆེན་བདུན། རྗེ་ཙོང་ཁ་པའི་ཞབས་རྗེས། ཤ་ར་བའི་མདུན་ཟུར་ན་ཡིག་དྲུག་རང་བྱོན། ནུབ་བྱང་མཚམས་ན་ཡི་གེ་འབྲུ་གསུམ་གྱི་རང་བྱོན། མཁའ་འགྲོའི་དོ་རྭར་ཙ་རིའི་ཞིང་སྐྱོང་གི་ཞལ་འབག་རང་བྱོན། མཁའ་འགྲོའི་བརྡ་ཡིག རྗེ་བསོད་ནམས་རྒྱ་མཚོའི་ཞབས་རྗེས། སྟེང་དུ་མགོན་པོ་ཕྱག་བཞི་པའི་རང་བྱོན། རྗེ་མི་ལའི་རང་བྱོན། དུང་དཀར་རང་བྱོན། མཁའ་སྤྱོད་མ་རང་བྱོན། ཕྱག་རྡོར་ཡེ་ཤེས་ཁྱུང་ཁྲ་རང་བྱོན། སྟག་ལུང་བའི་ཕྱག་རྗེས། སྒྲོལ་མ་ཉེར་གཅིག་རང་བྱོན་སོགས་འདུ་ཁང་ནང་རྟེན་བྱིན་ཅན་མང་པོ་བཞུགས། དེ་ལྟར་གནས་འདི་ཉིད་ཀྱི་ཕྱིའི་རི་རྒྱུད་དང་། ནང་སྐོར་ལམ་སོགས་ལ་བལྟ་ཤེས་པས་བལྟས་ན་བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་། བྱང་སེམས་ཉན་རང་སོགས་ཀྱི་སྐུའི་རང་བྱོན་དང་། གསུང་གི་རང་བྱོན་དབྱངས་གསལ་དང་ཡིག་འབྲུ་མང་པོ། ཐུགས་ཀྱི་རང་བྱོན་རྡོ་རྗེ་དྲིལ་བུ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རང་བྱོན་བྱིན་རླབས་ཅན་མང་དག་ཡོད་པ་ཡིན་ནོ།

                                                                                                                             ཞུ་དག་པ་འཇམ་དཔལ་ཡིན།

 

                                

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060