|  ཨ་མྱེ་རྨ་ཆེན་ཞེས་པའི་བོད་ཀྱི་རིག་གནས་ལྟེ་གནས་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མཛད་སྒོ་དངོས།
ཟླ་༨པའི་ཚེས་༡༢ཉིན། མགོ་ལོག་ཁུལ་རྟ་བོ་ཞོལ་མའི་ཨ་མྱེ་རྨ་ཆེན་ཞེས་པའི་བོད་ཀྱི་རིག་གནས་ལྟེ་གནས་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མཛད་སྒོ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་ཀྲའོ་ཡུང་ཝུའུ་དང་། མགོ་ལོག་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚེ་རིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྐལ་བཟང་ཚེ་རིང་། མགོ་ལོག་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ཅུས། ཡུལ་སྐོར་ཅུས་ཀྱི་འགན་ཁུར་བ། རྨ་ཆེན་རྫོང་གི་འགོ་ཁྲིད་བཅས་རྟེན་འབྲེལ་མཛད་སྒོའི་སྟེང་ཕེབས་ཡོད་པ་རེད། ཨ་མྱེ་རྨ་ཆེན་ཞེས་པའི་བོད་ཀྱི་རིག་གནས་ལྟེ་གནས་ནི་རྨ་ཆེན་རྫོང་རྟ་བོ་ཞོལ་མའི་རྨ་ཆེན་གངས་འདབས་སུ་ཡོད་ཅིང་། རིག་གནས་ལྟེ་གནས་དེ་མགོ་ལོག་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་ཅུས་དང་། ཁུལ་མི་རིགས་ཆོས་ལུགས་ཅུས། རྨ་ཆེན་རྫོང་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བཀོད་འོག་ལོ་ལྔའི་དུས་ཡུན་རིང་འཛུགས་སྐྲུན་བྱས་ཤིང་། ཁྱོན་སྡོམ་མ་དངུལ་སྒོར་ཁྲི་༢༠༠༠ལྷག་ཙམ་བཏང་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༡.༥་དང་། བཟོ་བཀོད་གཙོ་བོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༥༦༠༠ཙམ་ཡོད་ལ། ཁང་པར་ཐོག་རྩེག་བཞི་ཡོད་པ་དང་། དེའི་བཟོ་བཀོད་ནི་བོད་རྒྱ་མི་རིགས་གཉིས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཡོད་པ་རེད། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གནས་ལྟེ་གནས་ཀྱི་འགན་ཁུར་བ་ཚེ་རིང་ལགས་ཀྱིས་གསུང་བ་ལྟར་ན། ལྟེ་གནས་འདིས་གཙོ་བོ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཏེ་རིག་གནས་ཆེ་ཆུང་བཅུ་སྲུང་སྐྱོབ་སྔོག་འདོན་དང་། བོད་ཀྱི་ཕུལ་བྱུང་ཤུལ་བཞག་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་པ་རེད། |