| ཞིན་ཧྭ་དྲ་བར་ལྷ་ས་ནས་ཟླ༦ཚེས༡༦ཉིན་གློག་འཕྲིན་འབྱོར་གསལ། རྒྱ་མདའ་གནའ་གྲོང་ནི་ཀྲུང་ཡོན་ས་ཁུལ་གྱི་ནང་ལོག་དང་བོད་ལྗོངས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་བདེན་དཔང་བྱེད་པའི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གཙོ་བོ་ཡིན་ཞིང་། ཉེ་བའི་ལོ་བཞིའི་རིང་གི་ཉམས་གསོ་བརྒྱུད་ནས་སྔོན་ཆད་ཀྱི་བརྗིད་ཉམས་ཡོངས་སུ་མངོན་ཡོད་པ་མ་ཟད། ལྗོངས་རྒྱུ་བྱེད་ས་གསར་པ་ཞིག་ཡིན་པའི་ཆ་ནས་མི་འགྱང་བར་སྒོ་དབྱེ་ནས་ཡུལ་སྐོར་བ་རྣམས་ཡུལ་སྐོར་དུ་ཕེབས་ཆོག་པ་རེད།

པར་རིས་རྒྱུ་ཆ།ཡུལ་གྲུ་དེའི་ཞིང་པ་ཞིག་གིས་རྒྱ་མདའ་བཤམས་སྟོན་ཁང་དུ་འགྲེམས་རྫས་བཀོད་སྒྲིག་བྱེད་བཞིན་ཡོད།

པར་རིས་འདི་ནི་ལྷ་ས་དང་བར་ཐག་སྤྱི་ལེ༢༠༠ཙམ་གྱི་མཚམས་སུ་ཡོད་པའི་རྒྱལ་ལམ༣༡༨འགྲམ་གྱི་རྒྱ་མདའི་བཤམས་སྟོན་ཁང་ཡིན་ཞིང་། བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་གྲོང་ཚོ་ནི་“ཐང་བོད་གནའ་ལམ”དང་གནའ་བོའི་ས་ཚིགས“རྒྱ་མདའ་གནའ་གྲོང”ཞེས་བྱ་བའི་རྗེས་ཤུལ་ཡོད་ས་ཡིན། ༢༠༠༥ལོའི་ཚུན་ལ་ཀོང་པོ་རྒྱ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི༢༠༠༠ལྷག་བཏང་ནས་རྒྱ་མདའ་གནའ་གྲོང་སྲུང་སྐྱོབ་དང་ལྗོངས་རྒྱུའི་ལས་རིགས་གསར་སྤེལ་བྱས་པ་མ་ཟད། ད་དུང་དམངས་སྲོལ་དང་ལོ་རྒྱུས་མཐའ་དག་འཛོམས་པའི་རྒྱ་མདའ་བཤམས་སྟོན་ཁང་གསར་འཛུགས་གནང་ནས་ཡུལ་སྐོར་བར་ལྟ་སྐོར་བྱེད་དུ་བཅུག་ཡོད་པ་རེད།
རྒྱ་མདའ་གནའ་གྲོང་ནི་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ནང་ཁུལ་དུ་ཆགས་ཡོད་ཅིང་། སྔར་གྱི་རྒྱའི་སྐད་དོད་ལ་ཅང་ཏ་ཞེས་ཟེར་བ་དང་། བོད་སྐད་ནང་དོན་ནི་གྲོང་ཚོ་བརྒྱ་ཡོད་པའི་གྲོང་ཚོ་ཐོག་མ་ཞེས་པའི་དོན་ཡིན།ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཐའེ་ཀྲའོ་ཞེས་སུ་མིང་བསྒྱུར་བ་རེད། ལོ་རྒྱུས་སྟེང་དུ་འདི་ནི་སྐད་གྲགས་ཆོད་པའི་ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་ལམ་གྱི་དཀྱིལ་ལམ་དང་ཤར་ལམ་གྱི་འབྲེལ་གནས་དང་ཚོང་པ་མང་པོ་འདུ་ས་ཡིན། བོད་དང་རྒྱ་ནག ཁ་ཆེ། ན་ཞི་སོགས་མི་རིགས་དང་ནེ་པ་ལ་སོགས་ས་ཁུལ་གྱི་ཚོང་བ་རྒྱུན་ཆད་ཀྱི་མེད་པའི་ཁར། ལྷག་པར་དུ་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་ཆིང་དམག་གིས་བོད་ལྗོངས་ཀྱི་མཐའ་མཚམས་སྲུང་བའི་སྡོད་གནས་གཙོ་བོ་ཡིན་པ་རེད། |