|
བོད་ལྗོངས་སུ་《གེ་སར་སྒྲུང་》བཤད་མཁན་གྱི་བགྲེས་པོ༥༧ རྩད་ཆོད་ཡོད་པ་དང་། དེ་དག་གི་ནང་ནས་ལོ་ན་བརྒྱད་ཅུར་སོན་པའི་བགྲེས་པོ་བསམ་གྲུབ་ཀྱི་མིང་དེ་ཉིད་ད་ལྟ་གསར་དུ་བསྒྲགས་པའི་ཀྲུང་གོའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་ཚབ་བྱེད་མི་སྣ་སྐོར་གསུམ་པའི་མིང་ཐོའི་ནང་བཀོད་པ་རེད། ད་ལྟའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཞིབ་འཇུག་གླིང་གིས་བགྲེས་པོ་བསམ་གྲུབ་ཀྱིས་བཤད་པའི་《གེ་སར་སྒྲུང》ཆུ་ཚོད་༢༡༡༤རིང་ལ་སྒྲ་ཕབ་ལེན་བྱས་པ་མ་ཟད། དག་སྒྲིག་བྱས་ནས་པར་དུ་བསྐྲུན་པའི་དཔེ་ཆ་ཁག༣༠ཡོད་པ་དང་། ཕྱིས་འབྱུང་གི་ལོ་གསུམ་ནས་ལྔའི་ནང་དུ་གེ་སར་སྒྲུང་གི་དཔེ་ཆ་ཁག༤༥པར་བསྐྲུན་བྱེད་རྒྱུའི་འཆར་གཞི་ཡང་བཀོད་ཡོད་པ་རེད།

འདི་ནི་ཟླ༦ཚེས༡༡ཉིན་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན་གྱིས་དཔང་ཡིག་ལེན་བཞིན་པའི་ཚུལ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་ཚབ་བྱེད་མི་སྣའི་མིང་ཐོའི་ནང་བགྲེས་པོ་བསམ་གྲུབ་ཚུདཡོད་པ་མ་ཟད། གཞན་བོད་རིགས་རྒྱུན་འཛིན་པ་༢༡ཡང་མིང་ཐོའི་ནང་ཚུད་ཡོད་པ་དང་། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པའི་ཚབ་བྱེད་མི་སྣ་ཁྱོན་སྡོམ་༥༢མིང་ཐོར་བཀོད་ཡོད་པ་མ་ཟད། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པའི་རྣམ་གྲངས༦༡ཡོད་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་ཚབ་བྱེད་མི་སྣའི་ནང་དུ། སངས་རྒྱས་ཆོས་ལུགས་ཀྱི་རོལ་དབྱངས་དང་། སྲོལ་རྒྱུན་རོལ་དབྱངས། ཞབས་བྲོ། ལྷ་མོའི་ཟློས་གར། བོད་ཀྱི་པང་གདན། སྲོལ་རྒྱུན་སྨན་བཅོས་སོགས་སྲོལ་རྒྱུན་ལག་རྩལ་ཀྱི་རྒྱུན་འཛིན་པ་བཅས་འདུས་ཡོད་པ་རེད། དེའི་ཡར་སྔོན་དུ། བོད་ཀྱི་ཟློས་གར་དང་། ཐང་ག གེ་སར་སྒྲུང་། ཞོ་སྟོན་དུས་ཆེན། ནང་མ། ལྷ་རྩེའི་བསྟོད་གཞས། བོད་ཀྱི་སྐར་རྩིས་རིག་པ་སོགས་རྣམ་གྲངས༣༠ཙམ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་དང་པོ་དང་སྐོར་གཉིས་པའི་གྲས་སུ་བདམས་པ་རེད། |