| གོང་ཚེས་ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་ལྷ་སར་རང་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པའི་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཀྲོའུ་ཧོ་ཕིང་གིས་སྣེ་ཁྲིད་གནང་བའི་རིག་གནས་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྲིད་གཞུང་གི་དྲུང་ཆེ་ཀུང་ཕུའུ་ཀོང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་མཇལ་འཛོམས་གནང་རིང་ལྷན་དུ་ཡོད་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་པུའུ་ཀྲང་གཞོན་པ་ཀྲོའུ་ཧོ་ཕིང་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་རིག་གནས་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་རིག་གནས་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
བྱམས་པ་ཕུན་ཚོགས་ཀྱིས་ད་རེས་རིག་གནས་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དེ་ནི་ང་ཚོར་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ་ཚང་མས་ཡུན་རིང་རེ་སྒུག་བྱས་པ་ཞིག་ཀྱང་ཡིན། ལོ་རྒྱུས་ཡུན་རིང་ལྡན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་སྣ་ཚོགས་བཅས་ཀྱི་བོད་ཀྱི་རིག་གནས་དེ་ནི་ཀྲུང་ཧྭའི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ་འཛམ་གླིང་རིག་གནས་ནང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་རིག་གནས་པུས་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་དེ་བས་ཀྱང་རྒྱབ་སྐྱོར་དང་རོགས་རམ་ཤིན་ཏུ་ཆེན་པོ་གནང་སྟེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་མི་རྒྱུ་དངུལ་གསུམ་སོགས་འབོར་ཆེན་བཏང་བའི་ཁར་བྱེད་ཐབས་མང་པོ་སྤྱད་དེ་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱས་པ་དང་འཕེལ་རྒྱས་བཏང་བ་དང་དེང་རབས་རིག་གནས་གསར་གཏོད་དང་འཕེལ་རྒྱས་ཤུགས་ཆེན་བཏང་བས་བོད་ཀྱི་རིག་གནས་དེ་སྔར་བྱུང་མ་མྱོང་བའི་དར་རྒྱས་དང་འཕེལ་རྒྱས་བྱུང་ཡོད་པ་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱུང་ཞིང་། མིག་སྔར་བོད་ཀྱི་རིག་གནས་བྱ་གཞག་ནས་དབར་མཚོ་རྒྱས་པ་དང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་ཐོན་དང་ཐོན་བཞིན་ཡོད་ཅེས་གསུངས་ཤིང་། བྱམས་པ་ཕུན་ཚོགས་ཀྱིས་རིག་གནས་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་གིས་ད་རེས་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་དགོངས་འཆར་དང་གྲོས་འགོ་མང་ཙམ་འདོན་པ་དང་འབྲེལ་སྔར་རྒྱུན་བཞིན་བོད་ཀྱི་རིག་གནས་སྲུང་སྐྱོང་བྱེད་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་ཀྱི་རིག་གནས་བྱ་གཞག་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
ཀྲོའུ་ཧོ་ཕིང་གིས་ལོ་མང་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་ནུས་ལྡན་ངང་སྲུང་སྐྱོང་བྱེད་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཡོད། བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་ཇེ་ལེགས་སུ་འགྲོ་བ་དང་བོད་ཀྱི་རིག་གནས་དེ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་དུས་བསྟུན་འཕེལ་རྒྱས་ཀྱིས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་དེ་བས་ཉམས་འགྱུར་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དང་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་། དུས་རབས་ཡར་རྒྱས་ཡོང་བ་བྱེད་པ་དང་རིག་གནས་འཕེལ་རྒྱས་གཏོང་དགོས་ཤིང་། སླད་ཕྱིན་རིག་གནས་པུས་བོད་ཀྱི་རིག་གནས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་རིག་གནས་ལས་དུས་རབས་གསར་པའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པ་བས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་ལྗོངས་རིག་གནས་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཇལ་འཛོམས་ནང་ཞུགས་པ་རེད། |