| རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་བོད་ཀྱི་གནའ་བོའི་རིག་དངོས་བཟོ་སྐྲུན་ལ་གཞི་ཁྱོན་ཆེན་པོས་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་གནང་བ་དང་ཆབས་ཅིག་ན་ནིང་བོད་ཀྱི་ས་གནས་ནོར་སྲིད་ནས་མ་དངུལ་ཁྲི ༥༠༠༠ ཙམ་བཏང་ཏེ་གནའ་བོའི་རིག་དངོས་བཟོ་སྐྲུན་དང་གསར་བརྗེའི་ཁུལ་རྙིང་པ་བཅུ་གྲངས་སུ་སྲུང་སྐྱོབ་ཉམས་གསོའི་ལས་གཞི་ལག་བསྟར་བྱས་པ་རེད། གསར་འགོད་པས་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་བོད་རང་སྐྱོང་ལྗོངས་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་ཚོ ༢༣༡༠ དང་དྲུག་སྟོང་བཀོད་སྒྲིག་བྱས་ནས་གར་རི་དགོན་པ་དང༌ཀརྨ་བསྟན་གསར་དགོན་སོགས་རིག་དངོས་ཁུལ་བརྒྱད་ལ་མྱུར་སྐྱོབ་རང་བཞིན་གྱི་ཉམས་བཟོ་བྱས་པ་རེད། གཞན་ཡང་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་མ་དངུལ་ཁྲི་ཚོ ༥༠༠ ལྷག་ཙམ་བཏང་སྟེ་ལྗོངས་ནང་ཁུལ་གྱི་རིག་དངོས་ཚན་པ ༡༤ ལ་ཉམས་གསོ་སྲུང་སྐྱོབ་དང༌། རིག་དངོས་ཚན་པ ༣༣ གྱི་བདེ་འཇགས་ཐད་ཀྱི་སྒྲིག་བཀོད་ལེགས་བཅོས་བཏང་བ་མ་ཟད། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་གྲོང་ཁྱེར་གྱི་རིག་དངོས་ཚན་པས་རིག་དངོས་འཚོལ་བསྡུ་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། |