| རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་འཁྲབ་སྟོན་ཉེ་དུས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་བྱས་པ་རེད། ལྗོངས་གླུ་གར་ཚོགས་པ་དང༌གཏམ་བརྗོད་ཟློས་གར་ཚོགས་པ། ལྷ་མོ་ཚོགས་པ་བཅས་ཆེད་ལས་རིག་རྩལ་ཚོགས་པ་ཆེ་གྲས་གསུམ་གྱིས་མཉམ་འབྲེལ་ཐོག་འཁྲབ་སྟོན་བྱས་པ་དང༌། མི་རིགས་ཀྱི་གླུ་གར་དང་སྲོལ་རྒྱུན་གྱི་ལྷ་མོའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དང་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་ལས་མི་ཚོར་ངོ་མཚར་ཆེ་བའི་རིག་གནས་ལེ་ཚན་སྤྱན་འབུལ་ཞུས་པ་རེད། ཆུ་ཚོད་གཉིས་ལྷག་ཙམ་གྱི་ནང་དོན་ཕུན་སུམ་ཚོགས་ལ་བལྟད་མོ་ཆེ་བའི་འཁྲབ་སྟོན་ལ་གཟིགས་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད།
དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲད་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་བློ་བཟང་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་ལོ་ལྟར་ལོ་གསར་ཉིན་མོར་འདི་གར་འཁྲབ་སྟོན་ལྟ་བར་ཡོང་གི་ཡོད། མདང་དགོང་ཁྱིམ་ནང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་བལྟས་པ་ཡིན། དེ་རིང་ཡང་འདི་གར་ངོ་མཚར་ཆེ་བའི་འཁྲབ་སྟོན་ལྟ་བར་ཡོང་བས་བལྟད་མོ་ཆེན་པོ་འདུག ལོ་གསར་པ་འདིའི་ནང་འཚོ་བ་དེ་བས་ཡག་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལྷ་སར་ལས་ཀ་བྱེད་བཞིན་པའི་ལས་མི་ཆིའུ་གཡུད་ཞའ་ཡིས་ཞོགས་པ་སྔ་པོ་ནས་གྲོགས་མོ་དང་མཉམ་དུ་དེ་གར་བལྟད་མོ་བལྟ་བར་ཡོང་བ་དང༌། འཁྲབ་སྟོན་པ་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ཁོ་མོ་བརྗེད་པར་དཀའ་བའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱུང་བ་རེད།
ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཚེས༡༩ནས༢༡ཉིན་བར་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ད་དུང་ཁག་སོ་སོར་དོག་སྡེ་ཤང་དང༌། ཉང་བྲན་ཤང༌། ཚལ་གུང་ཐང་ཤང་བཅས་ལ་གཤམ་སྐྱོད་འཚམས་འདྲིའི་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། |