| སྤྱི་ཚེས ༡༤ ཉིན་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་ཐུན་མོང་མ་ཡིན་པའི་རྣམ་པའི་ཐོག་ནས་བོད་ཀྱི་ལོ་གསར་དང༌། དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་དང་ས་མཐོའི་གང་སར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
སྤྱི་ཚེས ༡༤ ཉིན་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་བོད་ཀྱི་ལོ་གསར་ཚེས་གཅིག་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་རེད་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དགའ་རོགས་དུས་ཆེན་ཡང་རེད། ལྷ་སའི་ཁྲོམ་གཞུང་ཆེ་ཆུང་གང་སར་མི་རིགས་ཁག་གི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་པ་དང་མཇའ་མཚོན་སྣ་ལྔའི་ཅོད་པན་དང་གཤམ་བུ། ལྒང་བཞུ་དམར་པོ་སོགས་གང་སར་མཐོང་རྒྱུ་ཡོད་ལ་བོད་བཟོའི་ཁང་པའི་རྒྱལ་སྒོའི་གཡས་གཡོན་གཉིས་སུ་བཀྲིས་སྨོན་འདུན་མཚོན་པའི་ལོ་གསར་གྱི་ཆ་ཡིག་སྦྱར་བ་ཡང་མཐོང་རྒྱུ་ཡོད་པ་རེད།
གསར་འགོད་པ་ལྷ་ས་གྲོང་ཁྱེར་ནུབ་འདབ་ཀྱི་གནས་སྐྱིད་ཁུལ་དུ་སྐྱོད་སྐབས་སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད་བོད་རིགས་དང་རྒྱ་རིགས་གྲོང་མི་བརྒྱ་ཙམ་གྱིས་སྒོར་གཞས་འཁྲབ་བཞིན་ཡོད་པ་དང༌། ལྷ་ས་གྲོང་ཁྱེར་ནུབ་འདབ་ཀྱི་གནས་སྐྱིད་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨ་མ་པ་བློས་དགའ་སྤྲོའི་ངང་ང་ཚོའི་གནས་སྐྱིད་ཁུལ་གྱི་གྲོང་མི་ཚོ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཤ་སྟག་ཡིན་པ་དང༌། དེ་རིང་ནི་དཔྱིད་གསར་དུས་ཆེན་གྱི་ཉིན་དང་པོ་དང་བོད་ཀྱི་ལོ་གསར་ཚེས་གཅིག་ཡིན་པས་ཚང་མས་གཞས་དང་ཞབས་བྲོ་བརྒྱབ་ཏེ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ཅེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྲོལ་རྒྱུན་གྱི་མི་རིགས་གླུ་གར་འཁྲབ་སྟོན་བྱེད་བཞིན་ཡོད་པ་དང༌། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང༌ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ་བཅས་སྒྲིག་འཛུགས་བྱས་ནས་རྒྱ་ཆེའི་མང་ཚོགས་དང་གྲོང་ཁྱེར་ནང་གི་ཕྱོགས་ནས་ཡོང་བའི་ལས་མི་ཚོར་དུས་ཆེན་གྱི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད། ལྟད་མོ་ཆེ་བའི་འཁྲབ་སྟོན་ལ་གཟིགས་མོ་བ་ཚོས་དགའ་བསུ་ཡང་ཡང་ཞུས་པ་དང༌། ལྷ་སར་ལས་ཀ་བྱེད་མཁན་ཀན་སུའུ་ཡི་ཞིང་པ་ལས་མི་ལིས་དབན་ཝུའུ་ཡིས་སེམས་འགུལ་ཐེབས་པའི་ངང་དེ་རིང་གི་རིག་རྩལ་ལེ་ཚན་ལྟད་མོ་ཆེན་པོ་འདུག ང་ཚོ་ཞིང་པ་ལས་མི་ཚོ་གཞན་ཡུལ་དུ་ལོ་གསར་གཏོང་དགོས་བྱུང་ཡང་ཡུལ་པོ་མི་འདུག་ཅེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱི་བོད་རིགས་ལས་བཟོ་པ་ཕུན་ཚོགས་དང་བོད་རིགས་ལས་རོགས་ཚོ་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྐྱོད་ནས་དེར་ས་འོག་ནས་མི་འགྲོ་ས་བཟོ་བཞིན་པའི་རྒྱ་རིགས་ལས་བཟོ་པ་ཚོར་ལོ་གསར་གྱི་བཀྲིས་བདེ་ལེགས་ཞུས་པ་རེད། ཕུན་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ས་འོག་ནས་འགྲོ་ས་ཡོད་པས་མི་ཚོ་རྒྱ་ལམ་འགྲོལ་ནས་འགྲོ་དགོས་ཀྱི་མེད་ཙང་འགྲོ་སྐྱོད་བདེ་འཇགས་འགན་སྲུང་ཐུབ་རྒྱུ་རེད། ང་ཚོས་ཁོང་ཚོའི་བཀའ་དྲིན་འཚོར་གྱི་འདུག་པས་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་བར་ཡོང་བ་ཡིན་ཞེས་བཤད་པ་རེད། ཟི་ཁྲོན་གྱི་ཨར་པོ་བ་ཝང་ཡུང་བྱང་གིས་ཆང་ཕོར་པ་གང་བཏུང་རྗེས་ང་ཚོས་ཕུལ་བྱུང་གི་ལས་གྲའི་སྤུས་ཚད་ཐོག་ནས་གང་མགྱོགས་ས་འོག་འགྲོ་ལམ་བཟོས་ཏེ། ལྷ་སའི་གྲོང་མི་ཚོ་འགྲོ་སྐྱོད་བདེ་འཇགས་ལྡན་པའི་འགྲོ་ལམ་ཞིག་སྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ལེང་གཡུས་ཞོལ་གྱིས་ང་ཚོ་དོན་གཅོད་ཁང་དུ་བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་ཡོད་པ་ཚང་མ་འཆམ་པོ་ཡོད། ལོ་གསར་གཏོང་སྐབས་ཚང་མས་ཕན་ཚུན་བཀྲིས་བདེ་ལེགས་ཞུ་གི་ཡོད། མ་གཞི་ང་ད་ལོ་ཐག་རིང་ཧྲན་ཏུང་ལེའོ་གྲང་དུ་ཡོད་པའི་གཟའ་ཟླ་བུ་ཕྲུག་དང་མཉམ་དུ་ལོ་གསར་གཏོང་རྒྱུ་མ་བྱུང་ན་ཡང་བོད་དུ་ཁྲོམ་གཞུང་དོན་གཅོད་ཁང་གི་བོད་རིགས་ལས་རོགས་ཚོ་དང་མཉམ་དུ་ལོ་གསར་གཉིས་མཉམ་གཏོང་བྱེད་རྒྱུ་བྱུང་བས་དགའ་འཚོར་ཆེན་པོ་འདུག་ཅེས་བཤད་པ་རེད།
དན་བག་གྲོང་མི་ཨུ་ཡོན་ལྷན་ཁང་དུ་སྡོད་མཁན་སོག་རིགས་གཞོན་ནུ་མོང་ཁེས་གསར་འགོད་པར་ང་གངས་ལྗོངས་ས་མཐོར་ལས་ཀ་བྱས་པ་དང་འཚོ་བ་སྐྱེལ་ནས་ལོ ༢༥ ཕྱིན་སོང༌། ད་ལྟ་ལྷ་སར་ཁྱིམ་གཞིས་བཙུགས་ཟིན་ཡོད་ཅེས་བཤད་པ་དང༌མོང་ཁེའི་གཟའ་ཟླ་ཅིན་ཅི་སླིད་ཀྱིས་དགའ་ཚོར་ཆེན་པོས་ལྷ་སར་མི་རིགས་ཁག་གི་མང་ཚོགས་འཆམ་པོ་ཡོད་པས་ང་ཚོ་ལོ་ལྟར་བོད་རིགས་གྲོགས་པོ་དང་མཉམ་དུ་བོད་ཀྱི་ལོ་གསར་གཏོང་གི་ཡོད་ཅེས་བཤད་པ་རེད། |