| ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སྒྲིག་གཞིའི་བུ་བཅོལ་ཁང་གི་ཡོན་ཀྲང་དང་། དགེ་རྒན། བུ་རྫི་བཅས་ཀྱིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་རྒྱུའི་སྐུལ་སློང་ཚོགས་ཆེན་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་2010ལོ་ནས་བཟུང་དམངས་གཉེར་གྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སྒྲིག་གཞིའི་བུ་བཅོལ་ཁང་གི་ཡོན་ཀྲང་དང་། དགེ་རྒན། བུ་རྫི་བཅས་ཀྱིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་པའི་ལམ་ལུགས་ལག་བསྟར་བ་རྒྱུའི་གཏན་འབེབས་བས་པ་རེད།
ད་ཕན་རིང་བོད་ལྗོངས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོ་ཁྱབ་གདལ་དང་ཚད་ལྡན་ཅན་གྱི་འཕེལ་རིམ་མགྱོགས་སུ་མངོན་གསལ་དོད་པོ་ཕྱིན་ནས་སྤྱི་ཡོངས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཐོན་ཏེ་གྲངས་འབོར་དང་གཞི་ཁྱོན་ཐད་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་གཞི་རྩའི་སློབ་གསོའི་དགོས་མཁོ་བསྐོངས་ཐུབ་པ་བྱུང་ཡོད་མོད། འོན་ཀྱང་དེ་དང་དུས་མཚུངས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཚོད་འཛིན་ཐེབས་པའི་གནད་དོན་མངོན་གསལ་དོད་པོ་ཁ་ཤས་གནས་ཡོད་པ་དཔེར་ན། སྤྱི་ཡོངས་ཀྱི་བུ་བཅོལ་ཁང་གཉེར་བའི་ཆ་རྐྱེན་ཐབས་ཆག་ཡིན་པ་དང་། ཁྲིམས་ལྟར་བུ་བཅོལ་ཁང་གཉེར་བའི་འདུ་ཤེས་ཞན་པ། སློབ་ཁྲིད་དོ་དམ་ཚད་ལྡན་མེད་པ་སོགས་ཡིན། དེར་བརྟེན་བོད་ལྗོངས་ཀྱི་དམངས་གཉེར་གྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སྒྲིག་གཞི་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་ཁྲིད་སྟོན་བས་ནས་སློབ་གསོའི་སྤུས་ཚད་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བར་ངེས་པར་དུ་སློབ་གསོའི་གཙོ་གཉེར་སྡེ་ཚན་གྱིས་སྲིད་འཛིན་ཐད་ནས་ཐེ་ཇུས་བ་ཤུགས་ཆེ་རུ་བཏང་ནས་མི་རྩ་བར་འཛིན་པ་དང་དཔུང་ཁག་ལ་བརྟེན་ནས་སློབ་གསོ་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བས་ཏེ་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དཔུང་ཁག་འཇུག་འཐུས་ཀྱི་ལམ་ལུགས་ནན་དུ་བཏང་ནས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་སྐྱོད་པ་དང་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱེད་དགོས།
ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་པའི་ལམ་ལུགས་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བ་ཆེད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་མིང་ཐོ་འགོད་པ་དང་། ལུས་པོར་བརྟག་དཔྱད་བྱེད་པ། ཆབ་སྲིད་ཐད་ཞིབ་བཤེར་བྱེད་པ་དང་ཡིག་རྒྱུགས་གཏོང་བ། ཕྱོགས་བསྡུས་ཞིབ་བཤེར་གཏན་འབེབས་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད་ཅིང་། དམངས་གཉེར་གྱི་སློབ་ལོ་མ་སོན་གོང་གི་སློབ་གསོའི་སྒྲིག་གཞི་ཁག་གིས་《ཁྲེང་ཀོན་ཆུས་ཀྱི་དམངས་གཉེར་གྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སྒྲིག་གཞི་ཁག་གི་བུ་བཅོལ་ཁང་གི་ཡོན་ཀྲང་དང་དེ་བཞིན་བུ་རྫི་དང་དགེ་རྒན་གྱིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་པའི་མིང་འགོད་རེའུ་མིག》བྲིས་ནས་ཐོ་འགོད་བྱེད་པ་དང་སྤྱོད་གོ་ཆོད་ལ་ལུས་པོ་བདེ་ཐང་གི་ལག་ཁྱེར་ཡོད་མཁན་གྱི་བུ་བཅོལ་ཁང་གི་ཡོན་ཀྲང་དང་། དགེ་རྒན། བུ་རྫི་བཅས་ལུས་པོ་བརྟག་དཔྱད་བྱེད་པའི་ནང་ཞུགས་མི་དགོས་པ་དང་དེ་མིན་གྱི་ལུས་པོ་བདེ་ཐང་གི་ལག་ཁྱེར་གཉེར་མེད་མཁན་བུ་བཅོལ་ཁང་གི་ཡོན་ཀྲང་དང་། དགེ་རྒན། བུ་རྫི་བཅས་ཀྱིས་དེའི་ཁོངས་གཏོགས་ཀྱི་འཕྲོད་བསྟེན་སྒྲིག་གཞིར་ལག་ཁྱེར་གཉེར་བར་བསྐྱོད་དགོས། ཆབ་སྲིད་ཐད་ཞིབ་བཤེར་བྱེད་སྐབས་རང་གིས་རང་ལ་གདེང་འཇོག་བྱེད་པ་དང་རང་གནས་ཡུལ་གྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སྒྲིག་གཞི་དང་ཁོངས་གཏོགས་ཡུལ་མི་ཨུ་ལྷན་ནམ་ཡང་ན་མངགས་གཏོང་ཁང་སོ་སོས་མིང་རྟགས་འགོད་པའི་ཞིབ་བཤེར་བྱེད་སྟངས་སྤྱོད་རྒྱུ། བུ་རྫི་ཕུད་བུ་བཅོལ་ཁང་གི་ཡོན་ཀྲང་དང་དགེ་རྒན་ཡོངས་རྫོགས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཡིག་རྒྱུགས་ནང་ཞུགས་དགོས། ལུས་པོ་བརྟག་དཔྱད་དང་། ཆབ་སྲིད་ཐད་ཞིབ་བཤེར། ཡིག་རྒྱུགས་སྦྱངས་འབྲས་བཅས་ཡོངས་རྫོགས་ཚད་ལོན་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་ལས་གནས་ཐོག་བསྐྱོད་པའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་དང་ལས་གནས་ཐོག་བསྐྱོད་པའི་ཐོབ་ཐང་ལག་ཁྱེར་ལ“ལོ་གཉིས་རེར་ཞིབ་བཤེར་ཐེངས་རེ་བྱེད་པའི”ལམ་ལུགས་ལག་བསྟར་བ་རྒྱུ་ཡིན་པ་རེད།
|