གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ཆུང་གྲོས་བསྡུར་ཐོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་ནན་བཤད་གནང་ཡོད།
སྤེལ་དུས།2010-03-08   ཡོང་ཁུངས་།བོད་ལྗོངས་རླུང་འཕྲིན།    རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་མི་རིགས་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་དང༌། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། པའེ་ལི་གྲེན།  ཨ་བུ་ལའེ་ཐི་ཨ་བུ་ཏུ་ར་ཤི་ཐི། ལི་ཀྲའོ་འགྲོའོ། ཆན་གཡུན་སླུའུ་སོགས་གྲོས་བསྡུར་ལ་ཞུགས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང༌།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
     ཨུ་ཡོན་པའོ་ཅུན་གྲན་དང༌པ་སངས་དོན་གྲུབ། ཨའེ་ནུའུ་ཝར་སོགས་ཀྱི་གཏམ་བཤད་གནང་བ་ནན་ཏན་ངང་གསན་རྗེས། ཅ་ཆིང་ལིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ཕྱི་བར་གསུམ་དུ་མི་རིགས་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་གི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༦༠ འཁོར་བ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ། མི་རིགས་བར་གྱི་འབྲེལ་བ་བཅས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དོན་དངོས་ཐོག་ནས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ལག་ལེན་དངོས་ནི་ལེགས་གྲུབ་ལྡན་པ་ཞིག་དང༌། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་ནི་གཏོར་ཐབས་མེད་པ་ཞིག ཏང་གི་མི་རིགས་སྲིད་ཇུས་ནི་ཡོངས་སུ་ཡང་དག་པ་ཞིག་བཅས་ཡིན་པ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
       ཅ་ཆིང་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་ལྔ་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ནང་དུས་བབ་གསར་པའི་འོག་མི་རིགས་ལས་དོན་གྱི་ལས་འགན་གཙོ་བོ་དང་། སྤྱིའི་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཀྱི་རེད། དེ་ཡང་། གཅིག་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་སྐྱོད་དགོས་པ་དང༌།  གཉིས་ནས། བློ་བརྟན་འགྱུར་མེད་ངང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་བཏང་སྟེ་འབད་བརྩོན་ཆེན་པོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ། གསུམ་ནས། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི་ནས། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་སྤྱི་ཡོངས་སྲུང་སྐྱོང་བྱས་ཏེ་མི་རིགས་ཁ་ཕྲལ་གྱི་བྱ་སྤྱོད་སྔོན་འགོག་དང་དེར་རྡུང་རྡེག་ཚ་ནན་གཏོང་དགོས་པ། ལྔ་ནས། བློ་བརྟན་འགྱུར་མེད་ངང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པ། ཚབ་བྱེད་མི་སྣ་བཅས་གསོ་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
       གྲོས་བསྡུར་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་སོགས་ཨུ་ཡོན་བརྒྱད་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
        པ་སངས་དོན་གྲུབ་ཀྱིས་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་ཧ་ཅང་མཐོང་ཆེན་གནང་གི་ཡོད་པ་དང་། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་དུས་རིམ་ཚང་མར་དུས་ཐོག་ཏུ་གལ་ཆེའི་འཐབ་ཇུས་གཏན་འཁེལ་གནང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བསྟུད་མར་ཚོགས་ནས་བོད་ཀྱི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་གནང་བ་དེ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་ལ་མེད་པ་ཞིག་རེད། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པར་ལམ་ཚད་རྡོ་རིང་གསར་པ་ལྟ་བུའི་དོན་སྙིང་ལྡན་ཡོད། དེང་སྐབས་བོད་ལྗོངས་ཀྱི་གོང་འོག་ཚང་མར་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཞིག་འཕྱུར་བཞིན་ཡོད་པ་རེད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡོང་བ་བྱ་རྒྱུའི་ཐད་ནུས་ཤུགས་འདོན་པ་དང་། ས་ཁུལ་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་ལས་དོན་སྤེལ་རྒྱུའི་ཐད་ནུས་ཤུགས་བཏོན་ཏེ། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་མ་གཏོང་བཞིན་ཡོད་ཅེས་མཛུབ་སྟོན་གནང་བ་རེད། པ་སངས་དོན་གྲུབ་ཀྱིས་གཏམ་བཤད་གནང་སྐབས་ད་དུང་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དང་བོད་ཀྱི་འགྲིམ་འགྲུལ་དང་ནུས་རྒྱུ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ཆུ་བེད་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཐད་ཚོགས་ཆེན་ཐོག་འབྲེལ་ཡོད་གྲོས་འགོ་བཏོན་གནང་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060