| སྤྱི་ཚེས༧ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་དུ་“གསུམ་བརྒྱད་”བུད་མེད་དུས་ཆེན་བྱུང་ནས་ལོ་འཁོར༡༠༠ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་ཏང་ཨུའི་དྲུང་ཡིག་ཆེན་མོ་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་པར་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ཐོག་མར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་བུད་མེད་ལས་བྱེད་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་གནང་ཞིང་། ཁོང་གིས། “གསུམ་བརྒྱད་”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ནི་འཛམ་གླིང་ཡོངས་ཀྱི་ངལ་རྩོལ་བུད་མེད་རྣམས་ཀྱི་འོད་སྟོང་འཕྲོ་བའི་དུས་ཆེན་ཞིག་ཡིན་ལ། རྒྱ་ཆེའི་བུད་མེད་རྣམས་ཀྱིས་འཆིང་གྲོལ་བརྩོན་ལེན་དང་། འདྲ་མཉམ་རེ་སྙེག མཐུན་སྒྲིལ་འབད་འཐབ། འཕེལ་རྒྱས་དོན་གཉེར་བཅས་ཡོང་ཐབས་བྱེད་པའི་གཟི་འོད་རབ་ཏུ་འཕྲོ་བའི་དར་ཆ་ལྟ་བུ་ཞིག་ཀྱང་རེད། ལོ་མང་རིང་། ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་རྒྱ་ཆེའི་བུད་མེད་ལས་བྱེད་པ་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་ཡིད་ལ་བརྣགས་པར་བྱ་བ་ནི་དོན་ཆེན་དང་འགན་འཁྲི་གང་ཡིན་པ་དེ་ཡིན་ཞིང་། རང་ཉིད་བདག་པོ་ཡིན་པའི་ཚུལ་དུ་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ནང་ཧུར་ཐག་གིས་ཞུགས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བའི་བྱ་གཞག་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཅེས་གསུངས་པ་རེད།
ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་བུད་མེད་ལས་བྱེད་པའི་འཐུས་མི་རྣམས་ཀྱིས་རང་རང་སོ་སོའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་རེས་ཀྱང་གནང་བ་རེད། |