| 
ཞོ་སྟོན་སྐབས་ཀྱི་འབྲས་སྤུངས་དགོན་པའི་གོས་སྐུ་ཆེན་མོ་དང་ཟློས་གར།
ཟླ་༨པའི་ལྷ་ས་ནི་ལོ་གཅིག་དུས་གཅིག་ནང་ཡུལ་སྐོར་གྱི་ནམ་དུས་ལེགས་ཤོས་དེ་ཡིན་ཞིང་། ལོ་རེའི་དུས་ འདིར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཞོ་སྟོན་གྱི་མིང་ཐོག་ནས་ལྗོངས་ཕྱི་ནང་གི་སྲིད་གཞུང་དང་། དམངས་ཁྲོད་ཚོགས་པ། ཚོང་པ་བཅས་ལྷག་བསམ་ཟོལ་མེད་ངང་གདན་ཞུ་བྱེད་ཀྱི་ཡོད་ལ། ཞོ་སྟོན་དེ་ཡང་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་བོ་ཀུན་ལ་སྐྱེས་སུ་འབུལ་བའི་ཡིད་དབང་འཕྲོག་པའི་མིང་བྱང་ཞིག་རེད།
ཞོ་སྟོན་གྱི་སྟེགས་བུར་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ།
“ཡུལ་སྐོར་བའི་ཡིད་དབང་འགུག་ཤུགས་ཆེ་ཤོས་ནི་གྲོང་ཁྱེར་དེའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གནས་དེ་ཡིན”ས་ཁུལ་ཞིག་གི་དུས་ཆེན་བྱེད་སྒོས་གལ་ཏེ་ས་གནས་དེ་གའི་དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བབྱས་ནས་ཡུལ་སྐོར་བ་ཚོ་སྤྲོ་སྣང་ཆེན་པོས་དེའི་ནང་ཞུགས་སུ་བཅུག་ཚེ་དེ་ནི་ཡིད་དབང་འགུག་ཤུགས་ཆེ་ཤོས་དེ་ཡིན་ཞིང་། མིག་སྔར་ལྷ་སའི་ཞོ་སྟོན་དེ་ལྷ་ས་དྲིལ་བསྒྲགས་བྱེད་པ་དང་ལྷ་སའི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བའི་སྤུས་རྟགས་ཀྱི་དུས་སྟོན་མིང་དོན་མཚུངས་པ་ཞིག་ཡིན། ད་ལོ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཞོ་སྟོན་གྱི་མིང་ཐོག་ནས་ནང་སའི་ཡུལ་སྐོར་གྲོང་ཁྱེར་༣༠ལྷག་ཙམ་གྱི་གྲོང་གཙོ་ལྷ་སར་ཐུན་མོང་ཐོག་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་འཆར་གཞི་ཆེན་པོར་གྲོང་མོལ་བྱེད་པར་གདན་ཞུ་བྱས་ཡོད་ལ་ཚོང་འགུག་དངུལ་འདྲེན་བྱེད་པའི་གཙོ་གནད་དེ་གྲོང་ཁྱེར་ཤར་ཁུལ་དུ་ཕྱོགས་ཡོད། སྔོན་དཔག་བྱས་ན་ཞོ་སྟོན་སྐབས་ལྷ་ས་གྲོང་ཁྱེར་གྱིས་མ་འཇོག་རྣམ་གྲངས་༤༠ཙམ་ལ་མིང་རྟགས་བཀོད་ནས་མ་དངུལ་སྒོར་དུང་ཕྱུར་༥༠འཇོག་ཐུབ་པའི་རེ་བ་ཡོད་པ་རེད།
མཚན་སྙན་ཆེ་རུ་གཏོང་ཆེད་ཞོ་སྟོན་དེ“རིག་གནས་ཤུལ་བཞག་ནང་འདུན་ཞུ་བྱེད་པ”
ལོ་ཤས་གོང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་མིང་ཐོ་ཁག་དང་པོ་ཡོངས་བསྒྲགས་བྱས་མོད་ཀྱང་།ཞོ་སྟོན་ནི་དེའི་ནང་ཚུད་མེད་སྟབས་རྗེས་སུ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་ཁ་གསབ་བྱས་པས་ཞོ་སྟོན་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་ ཤུལ་བཞག་ རིག་གནས་སྲུང་སྐྱོབ་མིང་ཐོ་ཁག་དང་པོའི་ནང་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞོ་སྟོན་གྱི་རྒྱུན་སྐྱོང་བ་དང་། དུས་སྟོན་རིག་གནས་སྲུང་སྐྱོང་བྱེད་པ། དུས་སྟོན་མཛད་སྒོ་དང་མི་རིགས་ཀྱི་ཁྱད་ཆོས་ལ་སྲུང་བརྩི་ཞུ་བ་བཅས་ཀྱི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་ཉིན་བཞིན་ཇེ་ཆེར་འགྲོ་བའི་དུས་སྟོན་གྱི་དགོས་མཁོར་སྣང་ཆེན་བྱས་ཏེ་རྒྱུན་ཆད་མེད་པར་ནང་དོན་གསར་པ་བསྣན་པ་དང་ཐབས་ཤེས་གསར་པ་སྤྱད་ཁར་ཚོང་དོན་ངོ་འཕྲད་གྲོས་མོལ་དང་། ལུས་རྩལ་འགྲན་བསྡུར། ཡུལ་སྐོར་འོས་སྦྱོར། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་གསར་དུ་བསྣན་ནས་དུས་སྟོན་གྱི་དུས་རབས་མྱོང་སྣང་སྔར་བས་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་དུས་སྟོན་དེ་གསར་གཏོད་དང་། དར་རྒྱས། རྒྱུན་སྲིང་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དང་། ཡུལ་སྐོར་དུས་ཆེན། བཟའ་བཅའི་དུས་ཆེན། ཚོང་དོན་དུས་ཆེན་བཅས་ཕྱོགས་བསྡུས་ཀྱི་མིང་གྲགས་ལྡན་པའི་དུས་ཆེན་ཆེ་ཤོས་སུ་གཏོད་རྒྱུ་ཡིན་ཞིང་། བསམ་འགོད་དེ་རིགས《ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་སྤྱིའི་འཆར་འགོད(2010—2020)》 ནང་གང་ལེགས་མངོན་པར་བྱས་པས་ཕྱིས་འབྱུང་རིམ་པས་ལག་ལེན་་བསྟར་རྒྱུ་རེད། 《ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གཏོད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི》ལྟར་ན་ལྷ་ས་གྲོང་ཁྱེར་གྱིས་ཞོ་སྟོན་འདི་ཉིད་འཛམ་གླིང་མངོན་མིན་ཤུལ་བཞག་རིག་གནས་ནང་ཚུད་རྒྱུའི་འདུན་ཞུ་བྱ་རྒྱུ་ཡིན་པ་རེད།
༢༠༠༥ལོ་ནས་བཟུང་ལྷ་སའི་ཞོ་སྟོན་ལ“ཀྲུང་གོའི་དུས་སྟོན་ཆེ་གྲས་བཅུ”དང་། “ཀྲུང་གོའི་དུས་སྟོན་རྩེ་གྲ་༥༠”“ཀྲུང་གོའི་དམངས་སྲོལ་རིགས་ཀྱི་དུས་ཆེན་བཅུ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པར་བརྟེན་ལྷ་ས་གྲོང་ཁྱེར་ལའང“ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་རེད། ད་ལོའི་ཟླ་༧པར་ཀྲུང་གོའི་ལྷ་སའི་ཞོ་སྟོན་ལ་ཀྲུང་གོའི་དུས་སྟོན་མཐོ་རིམ་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་དང་རྒྱལ་ཡོངས་ཀྱི་དུས་སྟོན་བྱེད་སྒོ་དཔྱད་འདེམ་གཞུང་དོན་ཁང་གི་སྤྲད་པའི་དུས་རབས་གསར་པའི་ལོ་བཅུ་·ཀྲུང་གོའི་དུས་སྟོན་ཐོན་ལས་བྱ་དགའ་ཆེ་ཤོས་ཏེ། ཀྲུང་གོའི་དུས་སྟོན་གྱི་ཕུལ་བྱུང་དཔེ་སྟོན་བྱ་དགའ་ཡང་ཐོབ་པ་རེད།
ཟུར་བཀོད་ཤེས་བྱ།
ཞོ་སྟོན་ཞེས་པ་ནི་དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་དྲུག་པའི་གནམ་གང་གི་སྔ་དྲོ་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་བཞུགས་ཀྱི་གོས་སྐུ་ཆེན་མོ་བཤམ་པ་དེའི་སྐུ་མདུན་ཏུ། ཡུལ་ལུང་ཁག་ནས་ཕེབས་པའི་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་འབུལ་གྱི་ཡོད། ཞོ་སྟོན་དངོས་གཞི་དེ་བོད་ཟླ་བདུན་པའི་ཚེས་གཅིག་གཉིས་ནས་བཟུང་ཡུལ་ལུང་ཁག་གི་ལྷ་མོ་བ་རྣམས་ནས། རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་འདྲ་མིན་འཁྲབ་སྟོན་བྱེད་ལ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས། ས་ཁུལ་གཞན་ནས་ཕེབས་པའི་བོད་མི་བཅས་ཀྱིས་གཟབ་མཆོར་གང་ལེགས་སྦྲས་ཏེ། ཞོ་སྟོན་གྱི་གཟིགས་མོར་ཕེབས་པ་དང་ཆབས་ཅིག་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་འཁྱེར་ནས་གླིང་ག་ཁག་ལ་ཅི་གར་ལོངས་སུ་སྤྱོད་ཀྱི་ཡོད། དེང་སྐབས་ཞོ་སྟོན་གྱི་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། ཆེད་ལས་རིག་རྩལ་ཚོགས་པ་ཁག་གིས་ཀྱང་ཡིད་དབང་རབ་ཏུ་འཕྲོག་པའི་འཁྲབ་སྟོན་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་དུ་ཕེབ་མཁན་ཚོས་ཀྱང་ལྷ་སའི་ཞོ་སྟོན་གྱི་དུས་དང་བསྟུན་ནས་བོད་ལ་ཕེབས་ཀྱི་ཡོད་སྟབས། ཞོ་སྟོན་གྱི་དུས་དེར་ཡུལ་སྐོར་སྤྲོ་འཆམ་གྱི་བྱེད་སྒོ་སྔར་བས་འཁྲུག་པའི་ཁར། ཁྲོམ་ར་འཁྲུག་པོ་ཡོང་ཆེད་དེའི་རིང་ལྗོངས་ནང་ཁུལ་གྱི་ལག་ཤེས་ཐོན་ཟོག་བརྗེ་ཚོང་བྱེད་པའི་ཚོང་འདུས་ཀྱང་ཚོགས་ཀྱི་ཡོད།
ཞོ་སྟོན་ཞེས་པའི་མིང་གི་ཐ་སྙད་དེ་ཅི་འདྲ་བྱས་ནས་བྱུང་བའི་སྐོར་མདོར་བསྡུས་ཤིག་ཞུས་ན། དེར་བཤད་སྲོལ་ཁག་གཉིས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ནོར་བུ་གླིང་གའི་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས་སུ་ལས་མི་རྣམས་ལ་ཞོའི་སྟོན་མོ་བཏང་བ་ལས། དུས་ཆེན་དེའི་དབུ་ཐོག་མར་བརྩམས་པ་མ་ཟད་མིང་ལའང་དེ་ལྟར་ཐོགས། ཟེར་བ་གཅིག་དང་། ཡང་ཞོ་སྟོན་ཟེར་བའི་མིང་དེའི་འབྱུང་ཁུངས་ནི་བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་ཞིང་ལེགས་པའི་སྐབས་ཡིན་པ་ན། ཞོའི་སྟོན་མོ་གཏོང་སྲོལ་ཡོད། ཟེར་བ་ཁག་གཉིས་ཡོད། |