| ཚེས༡༡ཉིན་མོ་ཞི་ཁོར་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པས་མོ་ཞི་ཁོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་མཚམས་སྦྱོར་ཚན་པར་ངོ་འཕྲད་གནང་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་དང་མོ་ཞི་ཁོའི་མཚམས་སྦྱོར་ཚན་པ་གཙོ་བོའི་གསར་འགོད་པ་རྣམས་ལ་བསམ་བློ་བརྗེ་རེས་གནང་བ་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་རིག་གནས་ཚན་ཁག་གི་ཨུ་ཡོན། ཞིབ་འཇུག་པ་ཧའོ་ཧྲི་ཡོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཀྲུང་གོ་སྲིད་གཞུང་གིས་ཏཱ་ལའི་བླ་མས་རྒྱལ་ཁབ་ཁ་བྲལ་དང་མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་ལ་གཏོར་བརླགས་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་ལ། ཏཱ་ལའི་བླ་མས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གནད་དོན་ཐད་ལ་འཛིན་པའི་བསམ་བློར་འགྱུར་བ་ཅུང་ཙམ་གཏོང་རིགས་པའི་རེ་བའང་བྱེད་ཀྱིན་ཡོད། ཧའོ་ཧྲི་ཡོན་གྱིས་འདི་སྐད། ༢༠༠༢ལོའི་ཚུན་ལ་ཀྲུང་གོ་སྲིད་གཞུང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་ཚབ་པར་ཐེངས་དགུ་ལ་མཇལ་འཕྲད་གྲོས་མོལ་གནང་མོད། ཡིན་ནའང་ཏཱ་ལའི་བླ་མས་ད་དུང་མུ་མཐུད་དུ་སྲོལ་རྒྱུན་དང་བོད་ལྗོངས་རྙིང་བའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་རང་ལུགས་རྒྱུན་འཁྱོངས་གནང་བཞིན་པ་མ་ཟད། ད་དུང་ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོའི་རང་གཟུགས་ལ་བརྟེན་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཆབ་སྲིད་ཀྱི་འདོད་བློ་དྲིལ་བསྒྲགས་བྱས་པས། ཕྱོགས་གཉིས་ཀྱི་བར་ལ་ད་ལྟའི་བར་དུ་ཡོད་འོས་པའི་ཕན་འབྲས་ཤིག་ཐོན་མ་ཐུབ་པ་རེད་ཅེས་བརྗོད་བྱུང། འཐུས་ཚབ་ཚོགས་པས་ད་དུང་མོ་ཞི་ཁོ་སློབ་གླིང་གི་ཡ་ཧྥེ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་པ་རྣམས་དང་བཞུགས་མོལ་གནང་བ་མ་ཟད། ད་དུང་མོ་ཞི་ཁོ་ཤར་རྒྱུད་ཀྱི་གྲོང་ཁྱེར་ཁན་ཁོན་དུ་བསྐྱོད་དེ་ཡུལ་དེའི་གྲོས་མི་ཁ་ཤས་ཤིག་དང་བཞུགས་མོལ་གནང་ནས་ས་གནས་དེའི་མཚམས་སྦྱོར་ཚན་པར་མཇལ་འཕྲད་གནང་བ་རེད། |