| བོད་ལྗོངས་ལྷ་མོ་ཚོགས་པར་ཀྲུང་གོའི་ཟློས་གར་སློབ་གླིང་གི་བོད་ལྗོངས་སློབ་ཁྲིད་ལག་ལེན་རྟེན་གཞིའི་དར་ཡོལ་ཕྱེ་བ་དེའི་ཐོག་ནས། ཀྲུང་གོའི་ཟློས་གར་སློབ་གླིང་གིས་བོད་ལྗོངས་ཀྱི་རིག་གནས་ཚན་པ་དང་མཉམ་ལས་ཐོག་ལྷ་མོའི་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་དང་བོད་ཀྱི་ཆེད་ལས་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་ཐད་གོམ་སྟབས་གསར་པ་སྤོས་པ་མཚོན་གྱི་ཡོད་པ་རེད། རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་ཁུར་བས་དར་ཡོལ་ཕྱེ་བའི་མཛད་སྒོའི་ཐོག ཀྲུང་གོའི་ཟློས་གར་སློབ་གླིང་དང་བོད་ལྗོངས་ལྷ་མོ་ཚོགས་པར་རིག་གཞུང་ཚན་ཁག་དང་རིག་གཞུང་ཞིབ་འཇུག་ཐད་རང་སོ་སོའི་དགེ་མཚན་དང་ཁྱད་ཆོས་ལྡན་ཡོད་པས་ཕན་ཚུན་སློབ་སྦྱོང་བྱེད་རིན་ཆེན་པོ་ཡོད། ཀྲུང་གོའི་ཟློས་གར་སློབ་གླིང་གི་བོད་ལྗོངས་སློབ་ཁྲིད་ལག་ལེན་རྟེན་གཞི་བཙུགས་པ་དེས། བོད་ལྗོངས་ཀྱི་ལྷ་མོའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་སྐུལ་མ་ཆེན་པོ་ཐེབས་རྒྱུ་དང༌། ལྷག་པར་དུ་ལྷ་མོ་ཞིབ་འཇུག་དང་འཕེལ་རྒྱས་གཏོང་རྒྱུ་དང༌། ལྷ་མོའི་སློབ་ཁྲིད་ཚད་ལྡན་ལུགས་མཐུན་ཡོང་རྒྱུ། དེ་བཞིན་སློབ་ཁྲིད་སློབ་ཚན་བཀོད་སྒྲིག་བྱེད་རྒྱུ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་ངེས་རེད་ཅེས་གསུངས་པ་རེད། |