| ཉེ་ལམ།རྒྱལ་ཡོངས་ཀྱི་སྐབས་༢༥པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཀོང་ཀྲོའུ་གྲོང་ཁྱེར་ནས་བདེ་ལེགས་ངང་མཇུག་བསྡུས་ཡོད་ལ།བོད་རང་སྐྱོང་ལྗོངས་ཀྱི་སློབ་མ་༣ལ་ཐེངས་འདིའི་འགྲན་བསྡུར་སྟེང་གསར་གཏོད་ལས་གཞིའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། ཤེས་གསལ་བྱུང་བའི་གནས་ཚུལ་ལྟར་ན། འགྲན་བསྡུར་སྟེང་སློབ་མའི་གསར་གཏོད་ཀྱི་ལས་གཞི་ཁྱོན་སྡོམ་སྣ་༣༩༡ཡོད་པ་དང་། ཚན་རྩལ་རོགས་ཁྲིད་པའི་གསར་གཏོད་ལས་གཞི་༢༠༠ཙམ་འགྲན་བསྡུར་དུ་ཞུགས་ཡོད་ཅིང་། ཚན་རྩལ་ལག་ལེན་ལས་གཞི་༡༨༠ཙམ་དང་ལོ་ཆུང་བྱིས་པའི་ཚན་རིག་གི་འཆར་ཡན་རི་མོ་༡༥༢བཅས་འགྲེམ་སྟོན་སྟེང་ཞུགས་པ་མ་ཟད། ད་དུང་ཨ་མེ་རི་ཁ་དང་། ཧྥ་རན་སེ། ཏེན་མག་སོགས་རྒྱལ་ཁབ་༡༣ནས་ཡོང་བའི་འཐུས་མི་༥༨ཙམ་ཐེངས་འདིའི་འགྲན་བསྡུར་སྟེང་ཞུགས་ནས་བསམ་བློ་བརྗེ་རེས་བྱས་པ་རེད། ཐེངས་འདིའི་འགྲན་བསྡུར་གྱི་བརྩམས་ཆོས་རྣམས་རིག་གཞུང་ཚན་ཁག་༡༣དང་འབྲེལ་བ་ཡོད་ཅིང་། འགྲན་བསྡུར་སྟེང་ལས་གཞི་ཞིབ་ལྟ་དང་། བྱང་ཚད་ཚད་ལེན།ནུས་རྩལ་ཚོད་ལྟ་དང་བཀག་སྡོམ་རྩོད་གླེང་བཅས་རིམ་པ་བཞི་བརྒྱུད་ནས་རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་རྣམས་ལག་ལེན་བརྒྱུད་ནས་ཡར་ཐོན་བྱུང་བའི་ཚུལ་བསྟན་པ་རེད། བོད་རང་སྐྱོང་ལྗོངས་ལྷ་སའི་སློབ་འབྲིང་གི་མཐོ་འབྲིང་དང་པོའི་འཛིན་གྲྭ་ལྔ་པའི་སློབ་མ་རྟ་མགྲིན་དྲི་མེད་དང་། བསྟན་འཛིན་བསམ་འགྲུབ། སྐལ་བཟང་ཚེ་རིང་བཅས་གསུམ་གྱིས་བརྩམས་གྲུབ་པའི་“བོད་ལྗོངས་ཁྱིམ་ཚང་གི་མཁའ་རླུང་གཙང་མ་གཏོང་བའི་བརྟག་དཔྱད་དང་ཞིབ་འཇུག་”ཅེས་པའི་བརྩམས་ཆོས་ལ་ཐེངས་འདིའི་འགྲན་བསྡུར་སྟེང་གསར་གཏོད་ལས་གཞིའི་བྱ་དགའ་ཨང་གསུམ་པ་ཐོབ་རེད། གསར་གཏོད་འགྲན་བསྡུར་འདི་ལྟ་བུར་ཞུགས་ན། སློབ་ཁྲིད་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་གསར་གཏོད་འདུ་ཤེས་སྐྱེད་སྲིང་དང་ལག་ལེན་ནུས་པ་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོབ་ཡོད་པ་རེད།སང་ལོར། བོད་ལྗོངས་ཀྱིས་སློབ་གྲྭ་མང་པོའི་སློབ་མ་གསར་གཏོད་འགྲན་བསྡུར་ལས་གཞིའི་ནང་ཞུགས་ནས། གྲུབ་འབྲས་ལེགས་པོ་ལེན་པར་བརྩོན་ལེན་བྱེད་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་སོ་སོས་ཧུར་ཐག་ངང་གཞོན་ནུ་ལོ་ཆུང་རྣམས་ལ་ཚན་རྩལ་ཁྱབ་སྤེལ་བཏང་ནས་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། སློབ་གྲྭ་མི་ཉུང་བ་ཞིག་གིས་ཚན་རྩལ་བྱ་འགུལ་དེ་སློབ་གྲྭ་སྤྱིའི་འཆར་གཞིའི་ནང་བཞག་ཡོད་པ་རེད།
|