| 
༢༠༡༠ལོའི་ཟླ༨པའི་ནང་དུ་ཀྲུང་གོའི་སྣ་འཛོམས་དཔེ་དེབ་པར་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར》གྱི་མུ་འབྲེལ་དཔེ་ཚོགས་ཕྱིར་བཀྲམས་པ་དང་། དཔེ་ཚོགས་དེ་ནི་རང་རྐྱ་འཕེར་བའི་ནང་དོན་ཁག་ཕྱོགས་གཅིག་ཏུ་བསྡུས་ནས་གྲུབ་པའི་མུ་འབྲེལ་དཔེ་ཚོགས་ཤིག་ཡིན། དཔེ་ཚོགས་ཀྱི་དེབ་རེ་རེའི་ནང་དུ་རི་མོའི་མཚོན་ཐབས་གཙོ་བྱས་ཤིང་། རི་མོ་དང་ཡི་གེ་ཤན་སྦྱར་གྱིས་སྤུས་དག་དང་སྤུས་དག་མ་ཡིན་པའི་དཔེ་དེབ་ཀྱི་ཚུལ་དུ་པར་རིས་དཔེ་དེབ་ཀྱི་ལམ་ནས་པར་བསྐྲུན་བྱས་པ་དང་། ཚབ་བྱེད་རང་བཞིན་གྱི་ནང་དོན་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གནས་དང་། སྐྱེ་ཁམས་ཁོར་ཡུག ཆོས་ལུགས་ལོ་རྒྱུས། ཁང་པ་དང་གནའ་ཤུལ་སོགས་ངོ་སྤྲོད་བྱས་ཡོད། དཔེ་དེབ་ཆ་ཚང་དེའི་ནང་གི《གནས་འདི་ནི་བོད་ལྗོངས་ཡིན》ཞེས་པ་དང་། 《ཕོ་བྲང་པོ་ཏ་ལ》《བཀྲ་ཤིས་ལྷུན་པོའི་དགོན》《མཐོ་གླིང་དགོན》《འཛམ་གླིང་ཡང་རྩེར་གནས་པའི་ཚེ་སྲོག》བཅས་དཔེ་དེབ་ལྔ་ད་ལྟ་པར་དུ་བསྐྲུན་ཟིན་པ་དང་།《ལྷ་ལྡན་གཙུག་ལག་ཁང་》《ས་སྐྱ་དགོན》《བྱང་ཐང་སྟེ་ང་ཡི་མཛེས་སྡུག་ལྡན་པའི་ཕ་ས》སོགས་སྔ་རྗེས་སུ་འགྲེམས་སྤེལ་བྱ་རྩིས་ཡོད། ཀྲུང་གོའི་སྣ་འཛོམས་དཔེ་ཚོགས་པར་སྐྲུན་ཁང་གིས་གནའ་ནས་ད་ལྟའི་བར་དུ་རིག་གཞུང་ཐད་དུ་གཟབ་ནན་དང་ཞིབ་ཚགས་ཀྱི་སྤོབས་པ་ལྷུར་བླངས་པས། ལས་རིགས་དེ་གའི་ཁྲོད་དུ་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་ཁྱབ་ཡོད་པ་མ་ཟད། ཕུལ་བྱུང་རིག་གནས་ཀྱི་དགོངས་དོན་རྒྱུན་འཛིན་དར་སྤེལ་བྱས་ཡོད།དཔེ་སྐྲུན་ཁང་དེས་དུས་རབས་སྔོན་གྱི་ལོ་རབས་༩༠བ་ནས་བཟུང་《ཀྲུང་གོའི་བོད་ལྗོངས》ཞེས་པའི་མུ་འབྲེལ་པར་རིས་དཔེ་དེབ་པར་འགྲེམས་བྱས་མྱོང་ཞིང་། ནང་དོན་གྱི་ཆ་ནས་ 《ཕོ་བྲང་པོ་ཏ་ལ》《བཀྲ་ཤིས་ལྷུན་པོ་དགོན》《ས་སྐྱ་དགོན》《བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་》《མངའ་རིས་དུང་དཀར་ལྡེབས་རིས》སོགས་འདུས་ཡོད། དཔེ་དེབ་དེ་དག་ལ་རྒྱལ་ཕྱི་རྒྱལ་ནང་གི་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། |