| ཉིན་འགའི་སྔོན་མི་རིགས་རིག་གནས་ཕོ་བྲང་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་དམངས་ཨུ་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་མི་རིགས་གྲངས་ཉུང་གི་རིག་གནས་འགྲེམ་སྟོན་ཞེས་པ་བཤམས་སྟོན་བྱས་ཤིང་། བཤམས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་རིག་དངོས་དང་། གཟབ་འཆོར། རོལ་ཆས། ཡིག་གཟུགས་དང་རི་མོ་སོགས་རིག་དངོས་སྣ་མི་འདྲ་བ་ལྔ་བརྒྱ་ལྷག་བཤམས་ཡོད་ལ། དེ་ནི་ཉེ་བའི་ལོའི་རིང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཅུང་རྒྱ་ཆེ་ཞིང་སྣ་འདུས་པའི་འགྲེམས་སྟོན་ཐེངས་ཤིག་ཡིན།
འགྲེམ་སྟོན་བྱས་པའི་དངོས་པོ་ཐམས་ཅད་མི་རིགས་རིག་གནས་ཕོ་བྲང་གིས་ཉར་ཚགས་བྱས་པ་དག་ཡིན། དེར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་མདོར་བསྡུས་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་དངོས་རྩ་ཆེན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གཟབ་འཆོར། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རོལ་ཆས། མི་རིགས་རིག་གནས་ཕོ་བྲང་གིས་ཉར་ཚགས་བྱས་པའི་བོད་མི་རིགས་ཀྱི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་སོགས་ཆེད་སྒྲིག༥ རུ་དབྱེ་ཡོད་པ་རེད། |