| ཟླ་༨པའི་ཚེས་༢༠ཉིན། གསར་འགོད་པས་ལྗོངས་ཡོངས་ཀྱི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་ཤེས་ལྡན་པ་དམིགས་བསལ་གསོ་སྐྱོང་བྱེད་པའི་བྱ་བའི་སྤྱི་སྡོམ་གྱི་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་པ་ལྟར་ན། ༢༠༠༩ལོ་ནས་ལག་བསྟར་བྱས་པའི་བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དམིགས་བསལ་གསོ་སྐྱོང་བྱེད་པའི་ལས་དོན་དུ། ལོ་རེར་བོད་ལྗོངས་ནས་འབྲིང་རིམ་ཡན་གྱི་ཆེད་ལས་ལག་རྩལ་པའི་གོ་གནས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་པ་༡༢༠ འདེམས་ཏེ། ནང་ལོགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཚན་རྩལ་ཞིབ་འཇུག་ཁང་། སྨན་བཅོས་ལས་ཁུངས་སོགས་ནས་ལོ་གཅིག་གི་རིང་ལ་དམིགས་བསལ་གསོ་སྐྱོང་དང་ལས་ཀ་སྦྱོང་བརྡར་བྱས་པ་རེད། མ་འོངས་པའི་ལོ་༥ ཡི་ནང་དུ་བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་གྱི་ཤེས་ལྡན་མི་སྣ་༦༠༠ གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ༢༠༠༩ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་ལྟར། རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་ཨུ་བདུན་དང་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་བཅས་ཀྱིས་མཉམ་དུ་བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དམིགས་བསལ་གསོ་སྐྱོང་བྱེད་པའི་ལས་དོན་ལག་བསྟར་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ༢༠༠༩ལོ་ནས་༢༠༡༠ལོའི་རིང་དམིགས་བསལ་གསོ་སྐྱོང་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་པ་༡༢༠ཡིས། གཞན་པར་ངོམ་ཆོག་ཆོག་གི་སློབ་སྦྱོང་འབྲས་བུ་ཐོབ་འདུག་ཟེར།
|