གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཧྥུའུ་ཏན་སློབ་ཆེན་གྱི་ཚན་ཞིབ་མི་སྣས་བོད་ལྗོངས་སུ་ལོ་ཁྲི༢ཡར་སྔོན་དུ་འགྲོ་བ་མི་འཚོ་སྡོད་བྱས་ཡོད་ཅེས་བཤད་པ།
སྤེལ་དུས།2010-08-31   ཡོང་ཁུངས་།ཝུན་ཧའེ་ཚགས་པར།    རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས་ཤིང་བསྒྱུར།
        ཧྥུའུ་ཏན་སློབ་ཆེན་གྱི་དེང་རབས་མིའི་རིགས་ཀྱི་སློབ་གསོ་པུའུ་གཙོ་གནད་ཉམས་ཞིབ་ཁང་གིས་ཉེ་ལམ་བོད་ལྗོངས་ས་ཁུལ་གྱི་སྡོད་དམངས་ལ་དཔེ་དབྱིབས་འཚོལ་ཞིབ་རྒྱ་ཆེན་པོ་ཞིག་བྱས་ཤིང་། ཐིག་གཟུགས་རིལ་དབྱིབས་ལ་བརྟེན་ནས་བོད་ཁུལ་གྱི་སྡོད་དམངས་ཀྱི་འབྱུང་ལུས་གྲུབ་རྒྱུར་ཡོངས་བཤེར་བྱས་མཐར། བོད་ཁུལ་དུ་སྡོད་པའི་མི་རྣམས་ཀྱི་འབྱུང་ཁུངས་ཐོག་མར་གསལ་འགྲེལ་བྱས་པ་རེད།   
        རྟོག་ཞིབ་བྱ་བ་དེས་གཙོ་བོ་བོད་ལྗོངས་ནག་ཆུ་དང་། མངའ་རིས། གཞིས་ཀ་རྩེ། ལྷོ་ཁ། ལྷ་ས་སོགས་ས་ཁུལ་༡༠ལ་དམིགས་ནས་དཔེ་དབྱིབས་འཚོལ་ཞིབ་བྱས་པ་མ་ཟད། ཞོར་དུ་མོན་པ་རིགས་དང་། ལྷོ་པ་རིགས་ལ་ཡང་རྟོག་ཞིབ་བྱས་ཡོད་པ་རེད།

    
ཐིག་གཟུགས་རིལ་དབྱིབས་ལ་བརྟེན་ནས་ཚད་འཇལ་ཐིག་ལེན་གྱི་གོ་རིམ་བསྒྲིག་པ་བརྒྱུད་དེ། ཐིག་གཟུགས་རིལ་དབྱིབས་ཀྱི་སྤྱིའི་གཟུགས་འགྱུར་ལས་ཁྱིམ་རྒྱུད་ཀྱི་མ་ལག་འཕེལ་འགྱུར་ཞིབ་ཚགས་ཤིག་སྒྲིག་བཟོ་བྱེད་ཐུབ་པ་དང་། དེ་གཞི་བྱས་ནས་བོད་ཁུལ་གྱི་མི་རྣམས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར་ལ་ཁ་ཚོན་གཅོད་ཐུབ།   དེ་ལས་ཚན་ཞིབ་པས་བོད་མི་རྣམས་ནི་ཨེ་ཤ་ཡ་བྱང་མའི་མི་རིགས་ཤིག་ནས་ཡོང་བ་དང་། དེ་མིན་ཆེས་ཐོག་མར་བོད་ལྗོངས་སུ་བསྐྱོད་པའི་མི་རིགས་དེ་ནི་སོག་པོ་དང་། པུ་ལི་ཡ་ཐེ་པའེ་ཅར་མཚོ་ཁོངསསོགས་ས་ཁུལ་གྱི་བྱང་ཕྱོགས་མི་རིགས་དང་ཧ་ཅང་མཚུངས་པ་ཞིག་མཐོང་བྱུང་བ་རེད།  མི་རིགས་དེ་ནི་ཧ་ལམ་ལོ་ངོ་ཁྲི༣གྱི་ཡར་སྔོན་ནས་ཁྲི༢ཀྱི་ཡར་སྔོན་དུ་བོད་ལྗོངས་སུ་ཐོན་པ་དང་། དེ་ཡང་ལོ་ངོ་ཁྲི༢གྱི་ཡར་སྔོན་ནས་ཁྲི༡དང་སྟོང་༢ཡར་སྔོན་གྱི་བར་ནི་སའི་གོ་ལ་ཡོངས་འཁྱགས་རོམ་གྱིས་བསྡམས་པའི་དུས་སྐབས་ཤིག་ཡིན་པས། སའི་གོ་ལ་ཡོངས་ཀྱི་རི་མཐོན་པོ་མི་ཉུང་བ་ཞིག་གི་རྩེ་མོ་གངས་ཀྱིས་གཡོགས་པ་དང་། བྱང་གི་དྲོ་བའི་ས་ཁུལ་གྱི་བྱང་རྒྱུད་དུའང་འཁྱགས་རོམ་མཐུག་པོས་གཡོགས་ཡོད་པ་རེད། སྐབས་དེའི་འཁྱགས་རོམ་གྱིས་བཏུམས་པའི་བོད་ལྗོངས་ལ་མཚོན་ན་མིའི་རིགས་འཚོ་གནས་བྱེད་པར་མི་འོས། དུས་དེར་ལྷ་སའི་ཉེ་འདབས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་བོད་ལྷོ་ཁུལ་གྱི་གྲོག་རོང་ཁུལ་ནི་ས་བབ་མཐོ་ཚད་ཅུང་དམའ་བས། ནགས་ཚལ་རྩི་ཤིང་འཛོམ་པའི་ཡུལ་གྲུ་ཡན་གར་བ་ཞིག་ཏུ་གྲུབ་ཡོད་པ་དང་། དེ་ནི་མི་དེ་དག་གི་འཚོ་གནས་བྱེད་ས་རུ་གྱུར  འཁྱགས་རོམ་གྱི་དུས་སྐབས་མཇུག་རྫོགས་རྗེས། ཕྱིས་ཀྱི་ཨེ་ཤ་ཡ་ཤར་མའི་མི་སྐོར་ཐོག་མ་བོད་ལྗོངས་སུ་འབྱོར་ནས་ད་ལྟའི་མཉམ་བསྲེས་ཀྱི་མི་ཚོགས་འདི་གྲུབ་པ་རེད།  
        ད་ཐེངས་ཀྱི་རྟོག་ཞིབ་ཁྲོད་དུ་ཐིག་གཟུགས་རིལ་དབྱིབས་ཀྱི་དམིགས་བསལ་གྱི་རིགས་འགའ་ཞིག་བོད་ཁུལ་དུ་མ་གཏོགས་མེད་པ་དང་། དེར་ཚན་ཞིབ་པས་འདི་སྐད། རིགས་དེ་དག་གི་འབྱུང་ཁུངས་བོད་ཁུལ་ནས་ལོ་གང་མང་ཞིག་གི་འཕེལ་འགྱུར་ལ་བརྟེན་ནས་གྲུབ་པ་ཡིན་ནམ། ཡང་ན་ཐོག་མ་ནས་ཡོད་པ་ཞིག་ཡིན་ནམ། ཡང་ན་བོད་ཁུལ་གཞན་དག་ཏུ་ཉམས་ནས་བོད་ལྗོངས་ས་ཁུལ་ནས་རྒྱུན་བསྐྱངས་པ་ཡིན་ནམ་བཅས་གནད་དོན་མང་བོ་ཞིག་ད་ལྟ་གསལ་བོར་ཤེས་དཀའ་བས། མུ་མཐུད་ནས་ཞིབ་འཇུག་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060