| ཟླ་༨པའི་ཚེས་༢༦ཉིན་གྱི་སྔ་དྲོར། 《མི་རིགས་རྩོམ་རིག་》དུས་དེབ་འགྲེམ་སྤེལ་བྱེད་པའི་མཐུན་འབྲེལ་ཚོགས་འདུ་ལྷ་ས་རུ་ཚོགས་པ་རེད། མཐུན་འབྲེལ་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་། རིག་གནས་པ་རྣམ་པས་བོད་ཡིག་གི་ 《མི་རིགས་རྩོམ་རིག་》དུས་དེབ་སྟེང་ཇི་ལྟར་རྩོམ་ལེགས་པོ་འགོད་པ་དང་། ཀློག་པ་པོ་རྣམས་ལ་ཇི་ལྟ་ཞབས་ཞུ་ལེགས་པོ་སྒྲུབ་དགོས་པ་བཅས་ཀྱི་སྐོར་ལྷུག་གླེང་གནང་བ་རེད། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་། ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཧོའུ་ཅན་མིང་སོགས་མཐུན་འབྲེལ་ཚོགས་འདུའི་སྟེང་ཕེབས་པ་རེད། ཚོགས་འདུའི་སྟེང་། རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་ཅུས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་དང་། ཅུས་ཀྲང་དབང་འདུས་ཚེ་རིང་ལགས་ཀྱིས་འདི་ལྟར། བོད་ཡིག་གི་《མི་རིགས་རྩོམ་རིག་》དུས་དེབ་དེ་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་སྒྲིག་གཙོ་བོ་བྱས་པ་དང་། ཀྲུང་གོའི་རྩོམ་པོ་པོའི་པར་སྐྲུན་ཚོགས་ཁག་གིས་གཙོ་སྒྲུབ་བྱས་པའི་རྩོམ་རིག་དུས་དེབ་ཅིག་ཡིན་ལ། དེ་ནི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། དེ་པར་སྐྲུན་དང་འགྲེམ་སྤེལ་བྱས་རྗེས། མི་རིགས་ཁག་བར་གྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་པ་བཅས་ཀྱི་ཕྱོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་དང་། བོད་ཡིག་གི《མི་རིགས་རྩོམ་རིག་》 དུས་དེབ་འདིས་ཀློག་པ་པོ་རྣམས་ལ་དུས་དེབ་གསར་བ་ཞིག་མཁོ་འདོན་བྱས་པ་མ་ཟད། ད་དུང་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་གསར་རྩོམ་ལ་ཤུགས་སྣོན་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་སྤེལ་རེས་ལ་སྐུལ་འདེད་བཅས་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད། ཐེངས་འདིའི་མཐུན་འབྲེལ་ཚོགས་འདུའི་སྟེང་ལྗོངས་ཡོངས་ཀྱི་ལས་རིག་ཁག་སོ་སོའི་རྩོམ་རིག་ལ་དགའ་ཞེན་ཡོད་པ་རྣམས་དང་ ། 《མི་རིགས་རྩོམ་རིག་》དུས་དེབ་ཀྱི་ཀློག་པ་པོའི་འཐུས་ཚབ་རྣམས་ཞུགས་ཡོད་པ་རེད། ཤེས་གསལ་བྱུང་བ་ལྟར་ན། ༢༠༠༩ལོའི་ཟླ་༧པའི་ནང་དུས་དེབ་དངོས་སུ་འགྲེམ་སྤེལ་བྱས་པ་ནས་བཟུང་། ཐོག་མའི་གྲུབ་འབྲས་བླངས་ཡོད་ལ། ཞིང་གྲོང་དང་། འབྲོག་ཁུལ། སློབ་གྲྭ། དགོན་པ་བཅས་སུ་དཔེ་རིན་མི་དགོས་པར་ཁྱོམ་སྡོན་དུས་དེབ་གྲངས་༢༠༠༠ལྷག་ཙམ་བཀྲམ་ཡོད་པ་རེད། |