གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།། མཚོ་སྔོན་ཞིང་ཆེན་གྱིས་མཐོ་རྒྱུགས་ལ་སྐར་གྲངས་སྣོན་ལུགས་ལེགས་སྒྲིག་བྱས་པ།
སྤེལ་དུས།2015-12-30   ཡོང་ཁུངས་།མི་དམངས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        ཉེ་ཆར་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་དང་སྐར་མ་སྣོན་གྲངས་ལེགས་སྒྲིག་དང་ཚད་ལྡན་དུ་གཏོང་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་རེད། བརྡ་ཐོར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་ལྔ་དང་། ས་གནས་རང་བཞིན་གྱི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་གཉིས་སོར་འཇོག་བྱེད་རྒྱུ་ཡིན་པ་དང་། གཞན་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་གཉིས་རིམ་གྱིས་མེད་པར་བཟོ་རྒྱུ་རེད།
       
མུ་མཐུད་སོར་འཇོག་བྱེད་རྒྱུའི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་དང་དེ་དག་སྤྱད་འཐུས་ཀྱི་ཁོངས་མཚམས།
       
གཅིག ས་གནས་ཀྱི་རང་བཞིན་ལྡན་པའི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་གཉིས་སོར་འཇོག་བྱེད་རྒྱུ་ཡིན་པ།
       
༡. འབྲོག་ཁུལ་(རང་སྐྱོང་ཁུལ་དྲུག)དུ་ལས་ཀ་བསྟུད་མར་ལོ་15ཡན་བྱས་པ་དང་། ད་སྐབས་མུ་མཐུད་དུ་འབྲོག་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པའི་རྒྱ་རིགས་ལས་བྱེད་པ་དང་ལས་བཟོ་པའི་ཕྲུ་གུ་དང་འབྲོག་ཁུལ་དུ་མི་རབས་རིམ་བརྒྱུད་སྡོད་པའི་རྒྱ་རིགས་མང་ཚོགས་ཀྱི་ཕྲུ་གུའི་ཐེམ་ཐོ་ས་གནས་དེ་གར་ཡོད་པ་དང་། སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་རིམ་ཚང་མ་ས་གནས་དེ་གའི་གྲངས་ཉུང་མི་རིགས་སློབ་མ་དང་སློབ་གསོ་འདྲ་མཚུངས་དང་ལེན་བྱེད་མཁན་ཡིན་ན། ཡིག་ཚགས་གཏོད་སྤྲོད་ཀྱི་སྐར་གྲངས་10སྣོན་རྒྱུ་ཡིན་པ། དེའི་ཁྲོད་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དུ་དམའ་རིམ་སློབ་འབྲིང་སློབ་རིམ་དང་པོ་ནས་མཐོ་རིམ་སློབ་འབྲིང་ནས་ཐོན་པའི་བར་དུ་ས་གནས་དེ་གའི་སློབ་གྲྭར་སློབ་གཉེར་བྱས་པ་དང་། དེའི་ཕ་མས་ས་གནས་དེ་གར་ལས་ཀ་ལོ་10ཡན་བྱས་པ། ད་སྐབས་མུ་མཐུད་དུ་ས་གནས་དེ་གར་ལས་ཀ་བྱེད་པའི་རྒྱ་རིགས་ལས་བྱེད་པ་དང་ལས་བཟོ་པའི་ཕྲུ་གུ་ལ་སྐར་གྲངས་20སྣོན་རྒྱུ་ཡིན་པ། སྐར་གྲངས་སྣོན་ལུགས་འདི་ནི་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་ཡོད་ཚད་སྤྱད་འཐུས།
       
༢. ཡུལ་ཤུལ་ཁུལ་དང་། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་"གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱ་རིགས་སློབ་མ་དང་འདྲ་མཚུངས་ཀྱི་རྒྱུགས་སྤྲོད་མཁན་"སློབ་མས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་རིམ་ཚང་མ་ས་གནས་དེ་གར་སློབ་གཉེར་བྱས་པ་དང་། ས་གནས་དེ་གའི་རྒྱ་རིགས་སློབ་མ་དང་སློབ་གསོ་འདྲ་མཚུངས་དང་ལེན་བྱས་པ། རྒྱུགས་ལེན་ནང་དོན་འདྲ་མཚུངས་ཀྱི་མཐོ་རྒྱུགས་ལ་ཞུགས་པ་ཡིན་ན་ཞིང་།  ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་ཆེན་བདམས་ནས་ཞུགས་རྒྱུའི་རེའུ་མིག་བཀོད་པ་ཡིན་ན། དེ་སྔོན་གྱི་སྐར་གྲངས་སྣོན་རྒྱུའི་གཟིགས་སྐྱོང་ལོངས་སྤྱོད་བྱས་པའི་རྨང་གཞིའི་སྟེང་ཡིག་ཚགས་གཏོང་སྤྲོད་ཀྱི་སྐར་གྲངས་10སྣོན་རྒྱུ་རེད།
       
གཉིས། རྒྱལ་ཁབ་ཀྱི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་ལྔ་སོར་འཇོག་བྱེད་རྒྱུ་ཡིན་པ།
       
༡. སྔོན་གཤེགས་དཔའ་བོའི་ཕྲུ་གུ་ལ་ཡིག་ཚགས་གཏོང་སྤྲོད་ཀྱི་སྐར་གྲངས་20སྣོན་རྒྱུ་ཡིན་པ་དང་།
       
༢. ཕྱིར་ལོག་རང་མི་དང་། ཕྱིར་ལོག་རང་མིའི་ཕྲུ་གུ ཕྱིར་སྡོད་རང་མིའི་ཕྲུ་གུ སྐྱེ་ཡུལ་ཐའེ་ཝན་ཞིང་ཆེན་ཡིན་པ་བཅས་ཀྱི་མཐོ་རྒྱུགས་སྤྲོད་མཁན་ལ་ཡིག་ཚགས་གཏོང་སྤྲོད་ཀྱི་སྐར་གྲངས་10སྣོན་རྒྱུ་ཡིན་པ།
       
༣. རང་ལས་རང་འཚོལ་བྱས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་མཐོ་རྒྱུགས་སྤྲོད་མཁན་ཡིན་ན། ཡིག་ཚགས་གཏོང་སྤྲོད་ཀྱི་སྐར་གྲངས་10སྣོན་རྒྱུ་ཡིན་པ།
       
༤. དམག་ཞབས་ཞུ་རིང་གཟི་བརྗིད་ངང་རིམ་པ་གཉིས་པ་ཡན་གྱི་བྱས་རྗེས་བཞག་པའམ་ཡང་ན་དམག་ཁུལ་ཁང་ཆེན་པོ་ཡན་གྱི་ལས་ཁུངས་ཀྱིས་གཟི་བརྗིད་མཚན་སྙན་བསྩལ་བའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་མཐོ་རྒྱུགས་སྤྲོད་མཁན་ཡིན་ན། ཡིག་ཚགས་གཏོང་སྤྲོད་ཀྱི་སྐར་གྲངས་20སྣོན་རྒྱུ་ཡིན་པ།
       
༥. གྲངས་ཉུང་མི་རིགས་ཀྱི་མཐོ་རྒྱུགས་སྤྲོད་མཁན་གྱི་ཡིག་ཚགས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་ནམ་སློབ་གླིང་ལ་གཏོང་སྤྲོད་བྱེད་སྐབས་སྐར་གྲངས་20སྣོན་རྒྱུ་ཡིན་པ་དང་། དེའི་ཁྲོད་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཆེན་ནམ་སློབ་གླིང་ལ་ཡིག་ཚགས་གཏོང་སྤྲོད་སྐབས་རང་སྐྱོང་ཁུལ་དྲུག་གི་གྲངས་ཉུང་མི་རིགས་ཀྱི་མཐོ་རྒྱུགས་སྤྲོད་མཁན་སློབ་མར་ད་དུང་སྐར་གྲངས་15སྣོན་རྒྱུ་ཡིན་ཞིང་། ཁྱོན་བསྡོམས་སྐར་གྲངས་35སྣོན་རྒྱུ་ཡིན་པ།
       
གོང་གསལ་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་དང་སྐར་མ་སྣོན་གྲངས་ལས། གལ་སྲིད་མཐོ་རྒྱུགས་སྤྲོད་མཁན་སློབ་མ་གཅིག་ལ་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་མང་པོའི་ཆ་རྐྱེན་འཛོམས་པ་ཡིན་ན། དམིགས་བསལ་གྱི་གཏན་འབེབས་ཡོད་པ་ཕུད། དེའི་ཁྲོད་ཀྱི་སྐར་མ་སྣོན་གྲངས་མང་ཤོས་ཀྱི་རྣམ་གྲངས་འདེམས་རྒྱུ་ལས་རྩེག་སྣོན་བྱེད་རྒྱུ་མིན་པ།
       
རིམ་གྱིས་མེད་པར་བཟོ་རྒྱུའི་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས།
       
གཅིག སྤྱི་བདེ་ཁོངས་གཏོགས་ཀྱི་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་མི་དམངས་ཉེན་རྟོག་པའི་ཕྲུ་གུས་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་ནམ་སློབ་གླིང་བདམས་ནས་རེའུ་མིག་བཀོད་པར་སྐར་གྲངས་10སྣོན་རྒྱུ་དེ་2016ལོ་ནས་བཟུང་ལོ་རེར་སྐར་གྲངས་2ཉུང་བར་སྣོན་རྒྱུ་དང་། 2020ལོར་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་འདི་མེད་པར་བཟོ་རྒྱུ་ཡིན་པ།
       
གཉིས། ཞིང་འབྲོག་པའི་ཁེར་སྐྱེས་ཕྲུ་གུས་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་ནམ་སློབ་གླིང་བདམས་ནས་རེའུ་མིག་བཀོད་པར་སྐབས་གྲངས་10སྣོན་རྒྱུ་དེ་2016ལོ་ནས་བཟུང་ལོ་རེར་སྐར་གྲངས་2ཉུང་བར་སྣོན་རྒྱུ་དང་། 2020ལོར་སྐར་གྲངས་སྣོན་རྒྱུའི་རྣམ་གྲངས་འདི་མེད་པར་བཟོ་རྒྱུ་ཡིན་པ་བཅས་སོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005