བོན་དགོན་འདི་ནི་བོད་ཡོངས་སུ་ཤིན་ཏུ་གྲགས་ཆེ་བའི་བོན་གྱི་མ་དགོན་ཞིག་ཡིན། དཔལ་ལྡན་བླ་བརྒྱུད་ཕྲེང་བ་དབུ་ཕྱོགས་ཞེས་པའི་དཔེ་རྙིང་འདིར་གཞིགས་ན། བོད་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་1405ལོར་མཉམ་མེད་ཤེས་རབ་རྒྱལ་མཚན་དགུང་ལོ་སོ་བརྒྱད་ལ་ཕེབས་སྐབས་ཕྱག་བཏབ་ཅེས་འཁོད། དེ་ནས་རིམ་བཞིན་རྒྱ་བསྐྱེད་སོང་སྟེ་གྲྭ་ཚང་གླིང་སྟོད་དང་། གླིང་སྨད། གླིང་སྐེད། གླིང་ཟུར་བཅས་དང་། གྲྭ་གྲངས་ལྔ་བརྒྱ་ཙམ་ཡོད་པའི་བོན་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལྟེ་གནས་སུ་གྱུར། སྨན་རིའི་དཀར་ཆག་པད་མ་བཞད་པའི་ཚལ་ཆེན་དབུས་ཕྱོགས་ལས། གྲུབ་གནས་དཔལ་ལྡན་སྨན་རི་ནི་འཛམ་གླིང་ཉེར་ལྔ་ཡུམ་གྱི་གཙོ་བོ་དང་། གངས་ཅན་བོད་ཀྱི་ལྟེ་བ། གཡོན་ན་ཏི་སེ་ཕ་བོང་བྱ་བ། རྨང་གཞི་ཀླུ་ཡི་ཕོ་བྲང་སྟེང་དུ་བརྩིགས། མདུན་ན་ཀླུ་ར་བྱ་བའི་ཆུ་མིག རྒྱབ་ན་ཀླུ་དགའ་བྱ་བའི་རི་བོ། མདུན་ན་མི་འགྱུར་བྱ་བའི་གྲོང་གཅིག རྒྱབ་ན་བཀོད་ཅན་བྱ་བའི་རི་བོ། མདུན་ན་ལྷ་ལྡིང་བྱ་བའི་གྲོང་གཅིག རྒྱབ་ན་དཀར་ཡུག་ཏུ་རྒྱབ་རི་བོ་སོགས་ཡོད་པའི་རང་བྱུང་གི་ས་དབྱིབས་ཁྱད་པར་ཅན་དུ་གནས། དེ་བཞིན་ཁོར་ཡུག་ཏུ་རྒྱབ་རི་དར་ཡོལ་འཐེན་པ་དང་འདྲ་བའི་དབུས་སུ་ཨར་མོ་ལི་ཀིའི་རྡོ་ལེབ་ལ་བདེ་གཤེགས་སྟོང་དང་། རིག་འཛིན་བརྒྱད་ཅུ། མཁའ་འགྲོ་སྟོང་གི་སྐུ་ཡི་རང་བྱོན། ཕྱོགས་བཞི་བདེ་གསལ་གསང་བའི་སྒྲུབ་ཕུག དྲན་པ་ནམ་མཁའི་སྒྲུབ་ཕྱག མཉམ་མརད་ཤེས་རབ་རྒྱབ་མཚན་གྱི་འོད་གསལ་སྒྲུབ་ཕུག སྲས་ཚེ་དབང་རིག་འཛིན་གྱི་དབལ་མདུང་སྒྲུབ་ཕག གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པའི་སྒྲུབ་ཕུག མཉམ་མེད་ཤེས་རབ་རྒྱ་མཚན་གྱི་ཕྱག་བྲིས་དང་འཁར་བསིལ་སོགས་རྟེན་གནས་ཁྱད་དུ་འཕགས་པ་ཤིན་ཏུ་མང་།།
སྐུ་རྟེན་གཙོ་བོ་ནི། རྟག་གཟིགས་རྒྱལ་འདུས་དང་། ཀུན་ཏུ་བཟང་པོ་བྲུ་ཤ་རྒྱལ་བ་འདུས། ཚེ་དབང་གསུང་བྱོན་སྐུ་འདྲ་རྣམ་གསུམ། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས་ཁམས་ཆེན་དུམ་བཅུ་དྲུག་སྐད་རིག་ཙམ་ལ་བྲིས་པའི་གསུང་རྟེན། རྣམ་མཁྱེད་ཤེས་རབ་ཀྱི་ཚེམས་དུང་འཕར་ཆེན་འཕར་ཆུང་། རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་སོགས་བླ་རབས་རིམ་བྱོན་གྱི་སྐུ་གདུང་། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞབས་རྗེས་ཕྱོགས་བཞི་དབུས་ལྔ། གནམ་བོན་མཁན་ཆེན་ཤེས་རབ་དགོངས་རྒྱལ་གྱི་ཞབས་རྗེས་ཕྱག་རྗེས་སོགས་བོན་གྱི་སྐུ་བརྙན་བྱིན་ཅན་དང་། གསུང་རབ་མང་པོ་བཞུགས་སུ་གསོལ།།
སྨན་རིའི་བླ་རྒྱུད་རིམ་བྱོན་ནི།།
༡.དགོན་འདི་ཕྱག་བཏབ་མཁན་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི། རྒྱལ་མོ་རོང་རབ་བརྟན་རྒྱལ་པོའི་མངའ་ཁོངས་སུ་རིགས་བཟང་དབྲ་ཡི་གདུང་འཛིན་ཡབ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་﹙སྤྱི་ལོ་1356﹚ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉི་ཤར་ལ་ངོ་མཚར་རྟགས་མཚན་མང་པོ་བསྟན་ཞིང་སྐུ་བལྟམས། སྐུ་ཆུང་ངུའ་དུས་སུ་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་ཞིང་རིག་གནས་སོགས་ལ་སྦྱང་པ་མཛད། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་གངས་ཅན་བོད་ཀྱི་ཡུལ་དུ་ཕེབས་ཏེ་བོན་གྱི་རིག་གནས་ལ་སྦྱང་པ་མཛད་པ་མ་ཟད། མཁས་གྲུབ་མང་པོའི་དྲུང་ནས་དབང་ལུང་ཐམས་ཅད་ཞུས། དགུང་ལོ་སོ་བདུན་སྐབས། བོད་རབ་བྱུང་དྲུག་པའི་ཆུ་བྱ་﹙སྤྱི་ལོ1393﹚ལོར་ཐོབ་རྒྱལ་སྨན་རི་དགོན་པ་ཕྱག་བཏབ། དེ་ནས་དགུང་ལོ་དྲུག་ཅུའི་བར་ཡི་དམ་ཕྱི་ནང་གསུམ་གྱི་བསྙེན་སྒྲུབ་མཛད། ཡི་དམ་བོད་སྐྱོང་རྣམས་ཀྱི་ཞལ་གཟིགས་ཐོབ། བོད་རབ་བྱུང་བདུན་པའི་ཤིང་ལུག་﹙སྤྱི་ལོ1415﹚ལོའི་ཧོར་ཟླ་དང་པོའི་ཚེ་བརྒྱད་ཐོ་རེངས་སུ་དགོངས་པ་བོན་དབྱིབས་སུ་གཤེགས།།
༢.གསང་འདུས་སྤྲུལ་པ་རིན་ཆེན་རྒྱལ་མཚན་ནི། རྒྱལ་རང་སྒོ་འཛུགས་ཞེས་པ་ཡབ་བཀྲ་ཤིས་དང་ཡུམ་སྐལ་བཟང་ལྕམ་གྱི་སྲས་སུ་བོད་རབ་བྱུང་དྲུག་པའི་ས་ཁྱི་﹙སྤྱི་ལོ་1358﹚ལོར་སྐུ་བལྟམས། སྐུ་ཚེ་ཧྲིལ་པོ་བོན་ལ་སྦྱང་བ་ཉམས་ལེན་མཐར་ཕྱིན་མཛད་དེ་འགྲོ་དོན་རྒྱ་ཆེར་སྤེལ། དགུང་ལོ་གྱ་བརྒྱད་རབ་བྱུང་བདུན་པའི་ཤིང་གླང་﹙སྤྱི་ལོ་1445﹚ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བཞི་ལ་དགོངས་པ་བོན་དབྱིངས་སུ་གཤེགས།།
༣.ལི་ཤུའི་སྤྲུལ་པ་ནམ་མཁའ་ཡེ་ཤེས་ནི། རབ་བྱུང་བདུན་པའི་ས་གླང་﹙སྤྱི་ལོ་1409﹚ལོར་རྟའུ་སྦ་ཞབས་སུ་ཡབ་ཚེ་དེང་དང་ཡུམ་ཡེ་ཤེས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་བརྒྱད་རབ་བྱུང་བདུན་པའི་མེ་སྟག﹙སྤྱི་ལོ་1446﹚ལོར་གོང་མའི་གདན་ས་བཟུང་ནས་འགྲོ་དོན་རྒྱ་ཆེར་སྤེལ། རེ་དྲུག་རབ་བྱུང་བརྒྱད་པའི་ཤིང་རྟ་﹙སྤྱི་ལོ་1474﹚ལོའི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་དགོངས་པ་བདེ་ཆེན་དབྱིངས་སུ་གཤེགས།།
༤.ཀུང་བཟང་རྒྱལ་མཚན་ནི། བོད་རབ་བྱུང་བདུན་པའི་ཤིང་འབྲུག་﹙སྤྱི་ལོ་1424﹚ལོ་ར་རྒྱལ་རོང་རྫ་ཡུལ་ཡབ་སུམ་བོན་ཀླུ་རྒྱལ་དང་ཡུམ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེ་ནས་དགུང་ལོ་ང་གཉིས་བོད་རབ་བྱུང་བརྒྱད་པའི་ཤིང་ལུག་﹙སྤྱི་ལོ་1475﹚ལོར་ཁྲི་འཛིན་ནས་བོན་བསྟན་དར་ཤིང་རྒྱས་པར་སྤེལ། འགྲོ་བའི་དོན་རྒྱ་ཆེར་མཛད། དགུང་ལོ་གཅིག་ཤིང་འབྲུག་﹙སྤྱི་ལོ་1484﹚ལོའི་ཧོར་ཟླ་ལྔ་པའི་ཚེས་གསུམ་ཉིན་དགོངས་པ་མྱ་ངལ་ལས་འདས།།
༥.སྟོང་རྒྱུང་སྤྲུལ་པ་རིན་ཆེན་རྒྱལ་མཚན་ནི། རབ་བྱུང་བརྒྱད་པའི་ལྕགས་ལུག་﹙སྤྱི་ལོ་1451﹚ལོར་རྒྱལ་རོང་སྤྲོད་ནང་ཡབ་གྲུབ་ཐོབ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་ཉིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་ལྔ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་﹙སྤྱི་ལོ་1485﹚ལོར་སྨན་རིའི་གདན་ས་འཛིན་ནས་བོན་གྱི་བསྟན་པའི་འཛིན་སྐྱོང་སྤེལ་གསུམ་གང་ལེགས་མཛད། འགྲོ་བའི་ལམ་འདྲེན་དགུང་ལོ་དྲུག་ཅུ་ལྕགས་རྟ་﹙སྤྱི་ལོ1510﹚ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གཟིམ་ཁྲི་མཐའ་ཅན་དུ་གྱུར།།
༦.ཚུལ་ཁྲིམས་རྒྱལ་མཚན་ནི། རབ་བྱུང་བརྒྱད་པའི་ཤིང་ལུག﹙སྤྱི་ལོ་1475﹚ལོར་ཚ་རང་ཡུམ་ན་ཡབ་སེང་རྒྱས་དང་ཡུམ་ས་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་བདུན་་ལྕགས་ལུག་﹙སྤྱི་ལོ་1511﹚ལོར་སྨན་རིའི་གདན་ས་འཛིན་ནས་བོན་གྱི་བསྟན་པ་དར་ཤིང་རྒྱས་པར་སྤེལ། སེམས་ཅན་འགྲོ་བའི་དོན་རྒྱ་ཆེར་མཛད། དགུང་ལོ་ང་བདུན་ལྕགས་ཡོས་﹙སྤྱི་ལོ་1531﹚ལོའི་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༧.སྟག་ལྷའི་ཐུགས་སྤྲུལ་བསོད་ནམས་ཡེ་ཤེས་ནི། རབ་བྱུང་བརྒྱད་པའི་མེ་འབྲུག་﹙སྤྱི་ལོ་1496﹚ལོར་རྒྱལ་རོང་སྒོ་འཛུགས་ཡབ་ཚེ་སྡེང་སྐྱབས་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་བདུན་ཆུ་འབྲུག་﹙སྤྱི་ལོ་1532﹚ལོར་གདན་སར་ཕེབས་ནས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གང་ལེགས་མཛད། དགུང་ལོ་བདུན་ཅུ་དོན་དགུ་རབ་བྱུང་བཅུ་པའི་ཤིང་ཁྱི་﹙སྤྱི་ལོ་1574﹚ལོའི་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས།།
༨.གཡུ་ལོའི་སྤྲུལ་པ་བསོད་ནམས་གཡུང་དྲུང་ནི། རབ་བྱུང་དགུ་པའི་མེ་བྱ་﹙སྤྱི་ལོ་1537﹚ལོར་ཁྲོམ་རར་ཡབ་བྷ་ལ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་དགུ་ཤིང་ཕག་﹙སྤྱི་ལོ་1575﹚ལོར་གདན་ས་སྐྱོང་ནས་འགྲོ་དོན་རྒྱ་མཛད། དགུང་ལོ་དོན་གསུམ་ས་བྱ་﹙སྤྱི་ལོ་1609﹚ལོའི་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ཉིན་དགོངས་པ་བདེ་ཆེན་དབྱིངས་སུ་གཤེགས།།
༩.འབྲུག་སྲས་སྤྲུལ་པ་ཤེ་ཙུ་དྲུང་མུ་ནི། བོད་རབ་བྱུང་བཅུ་པའི་ལྕགས་འབྲུག་﹙སྤྱི་ལོ་1580﹚ལོར་རྒྱལ་རོང་རྫ་ཡུལ་དུ་ཡབ་ཨ་མཁའ་བསོད་ནམས་འབུམ་དང་ཡུམ་གཡུང་དྲུང་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་སོ་གཅིག་ལྕགས་ཁྱི་﹙སྤྱི་ལོ་1610﹚ལོར་སྨན་རི་བའི་གདན་ས་འཛིན་ནས་བོན་གྱི་བསྟན་པའི་གསུང་རབ་དང་ཉམས་ལེན་མཐར་ཕྱིན་མཛད། འགྲོ་བའི་དོན་སྤེལ་ཞིང་སེམས་ཅན་གྲངས་ལས་འདས་པ་ཐར་པའི་ལམ་དུ་འདྲེན། དགུང་ལོ་རེ་དགུ་ས་བྱི་﹙སྤྱི་ལོ་1648﹚ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་བསྟན་དགྲ་འདུལ་ཕྱིར་འབྲུག་གསས་དངོས་ལ་སྤྲུལ་སྟེ་བསྟན་དགྲ་རྣམས་འཕྲལ་མ་ཉིད་དུ་བཏུལ། དེ་ནས་འཇའ་ལུས་མཁའ་ལ་གཤེགས་ཏེ་ཕུང་པོའི་ལྷག་མེད་སངས་རྒྱས།།
༡༠.དྲན་པའི་སྤྲུལ་པ་ཤེས་རབ་འོད་ཟེར་ནི། བོད་རབ་བྱུང་བཅུ་པའི་མེ་འབྲུག་﹙སྤྱི་ལོ་1616﹚ལོར་རྒྱལ་རོང་སྤྲོད་ནང་ཡུལ་དུ་ཡུམ་ལྷ་མོ་ལྕམ་﹙དཔེ་རྙིང་ནང་ཡབ་ཀྱི་མཚན་གསལ་པོ་མི་འདུག﹚གྱི་སྲས་སུ་འཁྲུངས། དགུང་ལོ་སོ་བཞི་ས་གླང་﹙སྤྱི་ལོ་1649﹚ལོར་རྒྱལ་བ་སྨན་རི་བའི་གདན་ས་བཟུང་ནས་བསྟན་དོན་རྒྱ་ཆེར་མཛད། དགུང་ལོ་ང་བརྒྱད་ཆུ་གླང་﹙སྤྱི་ལོ1673﹚ལོའི་ཧོར་ཟླ་བཅུ་གཉིས་ཚེས་བརྒྱད་ཉིན་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༡༡.སྟོང་རྒྱུང་སྤྲུལ་པ་གཡུང་དྲུང་རྒྱལ་མཚན་ནི། བོད་རང་བྱུང་བཅུ་གཅིག་པའི་མེ་ཁྱི་﹙སྤྱི་ལོ་1646﹚ལོར་རྒྱལ་རོང་བྲག་སྟིང་དུ་ཡབ་གཡུང་དྲུང་ཐར་དང་ཡུམ་ཚེ་རིང་སྟེང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་དགུ་ཤིང་སྟག་﹙སྤྱི་ལོ་1674﹚ལོར་རྒྱལ་བ་སྨན་རི་བའི་གདན་ས་བཟུང་སྟེ་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་སྤེལ། དགུང་ལོ་དྲུག་ཅུ་ཤིང་བྱ་﹙སྤྱི་ལོ་1705﹚ལོའི་ཧོར་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༡༢.ཁྲི་ལྡེ་འདོད་པོའི་སྤྲུལ་པ་ཤེས་རབ་བློ་གྲོས་ནི། བོད་རབ་བྱུང་བཅུ་གཅིག་ཆུ་བྱི་﹙སྤྱི་ལོ་1672﹚ལོར་རྒྱལ་རོང་ཁྲོ་སྐྱབས་ཕུར་དུ་ཡབ་ཤེས་རབ་རྒྱལ་དང་ཡུམ་ས་སྨོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་ལྔ་མེ་ཁྱི་﹙སྤྱི་ལོ་1706﹚ལོར་རྒྱལ་བ་སྨན་རི་བའི་གདན་ས་འཛིན་ནས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དགུང་ལོ་དྲུག་ཅུ་ལྕགས་ཕག་﹙སྤྱི་ལོ་1731﹚ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༡༣.ཙོ་མིན་གྱེར་ཆེན་སྤྲུལ་པ་ཤེས་རབ་འོད་ཟེར་ནི། བོད་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་﹙སྤྱི་ལོ་1706﹚ལོར་རྒྱལ་རོང་འབྲུག་མའི་ཡབ་བཀྲ་ཤིས་དང་ཡུམ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་བདུན་ཆུ་བྱི་﹙སྤྱི་ལོ་1732﹚ལོར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གདན་ས་འཛིན་ནས་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། དགུང་ལོ་སུམ་ཅུ་ཤིང་ཡོས་﹙སྤྱི་ལོ་1735﹚ལོར་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༡༤.གཙུག་སྲས་རྨའོ་ཐུགས་སྤྲུལ་གཙུག་འོད་ཟེར་ནི། བོད་རབ་བྱུང་བཅུ་གཉིས་པའི་ས་གླང་﹙སྤྱི་ལོ1709﹚ལོར་སོག་པོ་སྒོ་ཆེ་ཡབ་ནམ་མཁའ་ཚེ་རིང་དང་ཡུམ་པད་མ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་བའི་དུས་སུ་རིག་གནས་སྤྱི་དང་། ཁྱད་པར་དུ་བོན་གྱི་དབང་ལུང་མཐའ་དག་གསན། སྐྱེས་སྦྱང་གི་ཡོན་ཏན་ལ་མཆོག་ཏུ་མངའ་བར་གྱུར། དགུང་ལོ་ཉེར་བརྒྱད་མེ་འབྲུག་﹙སྤྱི་ལོ་1736﹚ལོར་སྨན་རི་བའི་ཁྲི་སྐྱོང་མཛད་དེ་གཡུང་དྲུང་བོན་གྱི་བསྟན་པ་གོང་དུ་སྤེལ། འགྲོ་བའི་དོན་གཉེར་མཚན་སྙན་གང་སར་ཁྱབ། དགུང་ལོ་ཞེ་དགུ་མེ་གླང་﹙སྤྱི་ལོ1757﹚ལོའི་ཧོར་ཟླ་དང་པོའི་ཚེ་ས་བཅོ་ལྔ་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས།།
༡༥.གཤེན་གཡུང་དྲུང་ཚུལ་ཁྲིམས་ནི། བོད་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་﹙སྤྱི་ལོ་1724﹚ལོར་ཨ་མདོ་མངའ་ཁུལ་གྱི་ཡབ་སྣང་ཞི་གཡུང་དྲུང་དང་ཡུམ་དར་སྨན་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་སོ་ལྔ་ས་སྟག་﹙སྤྱི་ལོ་1758﹚ལོར་རྒྱལ་བ་སྨན་རི་བའི་ཁྲིར་ཕེབས་ནས་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་སྤེལ། དགུང་ལོ་དྲུག་ཅུ་ཆུ་ཡོས་﹙སྤྱི་ལོ་1783﹚ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་དགོངས་པ་བོན་དབྱིངས་སུ་བདེ་བར་གཤེགས།།
༡༦.ཞང་ཞུང་ཏིང་གསལ་སྤྲུལ་པ་རིན་ཆེན་འོད་ཟེར་ནི། བོད་རབ་བྱུང་བཅུ་གཉིས་པའི་མེ་ལུག་﹙སྤྱི་ལོ་1727﹚ལོར་རྒྱལ་རོང་རྒྱལ་མོར་ཡབ་རྒྱ་མཚོ་ཚེ་རིང་དང་ཡུམ་གནམ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ན་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྦྱང་གི་ཡོན་ཏན་ལ་མཆོག་ཏུ་མངའ་བ་ཞིག་ཡོད། དགུང་ལོ་ང་བརྒྱད་ཤིང་འབྲུག་﹙སྤྱི་ལོ་1784﹚ལོར་མཉམ་མེད་སྨན་རི་བའི་གདན་ས་འཛིན་ནས་འགྲོ་དོན་རྒྱ་ཆེར་མཛད། བགྲང་བྱ་རེ་དགུ་ཤིང་ཡོས་﹙སྤྱི་ལོ་1795﹚ལོའི་ཧོར་ཟླ་དང་པོའི་ཚེས་ཉི་ཤུ་དགུ་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས།།
༡༧.འདོད་དགུའི་སྤྲུལ་པ་རིན་ཆེན་ལྷུན་གྲུབ་ནི། བོད་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་﹙སྤྱི་ལོ་1736﹚ལོར་རྒྱལ་རོང་བཙན་ལྷ་མ་ལོང་སྟེང་དུ་ཡབ་སྐལ་བཟང་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཆུ་ཤིང་ཡོས་﹙སྤྱི་ལོ་1795﹚ལོར་མཉམ་མེད་སྨན་རི་བའི་གདན་ས་བཟུང་ནས་འགྲོ་བ་སེམས་ཅན་གྱི་དོན་དུ་མཛད་པ་རྒྱ་ཆེ་སྤེལ། དགུང་ལོ་བརྒྱད་ཅུ་གྱས་གསུམ་ས་ཡོས་﹙སྤྱི་ལོ་1819﹚ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་དགོངས་པ་བདེ་བར་གཤེགས།།
༡༨.འོད་དཀར་གནས་འཛིན་སྤྲུལ་པ་ཤེས་རབ་བསྟན་འཛིན་ནི། བོད་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་﹙སྤྱི་ལོ1764﹚ལོར་རྒྱལ་རོང་ཕོ་བྲང་སྟེང་དུ་ཡབ་གར་མགོན་ལྷ་འབུམ་དང་ཡུམ་བསོད་སྒྲོན་གྱི་སྲས་སུ་སྐུ་བལྟམས། དགུང་ལོ་ང་བདུན་ལྕགས་འབྲུག་﹙སྤྱི་ལོ་1829﹚ལོར་མཉམ་མེད་སྨན་རི་བའི་ཁྲི་སྐྱོང་མཛད་དེ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། སེམས་ཅན་འགྲོ་བའི་དོན་རྒྱ་ཆེ་གནང་། དགུང་ལོ་དོན་གཉིས་ཤིང་ལུག་﹙སྤྱི་ལོ་1634﹚ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་དགོངས་པ་བོན་གྱི་དབྱིངས་སུ་གཤེགས།།
༡༩.ཤེས་རབ་དབང་རྒྱལ་ནི། བོད་རབ་བྱུང་བཅུ་གསུམ་པའི་མེ་སྟག་﹙སྤྱི་ལོ་1806﹚ལོར་རྒྱལ་སྤྲུལ་ལྕགས་ཟམ་སྟོད་འགབ་ཆུ་ཞེས་པར་ཡབ་གཡུང་དྲུང་འབུམ་དང་ཡུམ་ཤེས་རབ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་བྱིས་པའི་དུས་ནས་རིག་གནས་སྤྱི་དང་། ཁྱད་པར་དུ་བོན་གྱི་གསུང་རབ་ཁག་ལ་སྦྱང་པ་དང་ཉམས་ལེན་རྒྱ་ཆེ་མཛད། དགུང་ལོ་སོ་གཅིག་མེ་སྤྲེལ་﹙སྤྱི་ལོ་1836﹚ལོར་མཉམ་མེད་སྨན་རི་བའི་ཁྲི་ཐོག་ཏུ་ཕེབས་ནས་འགྲོ་དོན་རྒྱ་ཆེ་སྤེལ། དགུང་ལོ་ཞེས་གསུམ་པ་ས་སྤེལ་﹙སྤྱི་ལོ་1848﹚ལོའི་ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་དགོངས་པ་བོན་དབྱིངས་སུ་བདེ་བར་གཤེགས།།
༢༠.གཡུང་དྲུང་དབང་རྒྱལ་ནི། བོད་རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་﹙སྤྱི་ལོ1812﹚ལོར་རྒྱལ་རོང་ཕོ་བྲང་སྟེང་དུ་ཡབ་རྒྱ་བརྟན་ཚེ་སྡེང་གཡུང་དྲུང་དང་ཡུམ་བཀྲ་ཤིས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སོ་བདུན་ས་བྱ་﹙སྤྱི་ལོ་1849﹚ལོར་མཉམ་མེད་སྨན་རི་བའི་གདན་ས་འཛིན་ཏེ་བསྟན་པ་ཕྱོགས་བཅུར་སྤེལ། དགུང་ལོ་ང་གཉིས་ཤིང་བྱི་﹙སྤྱི་ལོ1864﹚ལོའི་ཧོར་ཟླ་བཞི་པའི་ཚེས་གཅིག་ལ་དགོངས་པ་མྱ་ངན་ལས་འདས།།
༢༡.འ་ཞ་ཐུགས་སྤྲུལ་ཕུན་ཚོགས་རྣམ་རྒྱལ་ནི། བོད་རབ་བྱུང་བཅུ་བཞི་པའི་ཆུ་རྟ་﹙སྤྱི་ལོ་1822﹚ལོར་སྤྲོད་ནོར་ཡབ་ཤེས་འབུམ་དང་ཡུམ་རྣམ་རྒྱལ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཞེ་བཞི་ཤིང་གླང་﹙སྤྱི་ལོ1865﹚ལོར་མཉམ་མེད་སྨན་རི་བའི་གདན་ས་བཟུང་སྟེ་བསླབ་གསུམ་བསྟན་པ་དར་ཞིང་རྒྱས་པ་སྤེལ། དགུང་ལོ་ཞེ་བརྒྱད་ས་སྦྲུལ་﹙སྤྱི་ལོ1869﹚ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གཉིས་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས།། མདོར་ན་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་ལུང་རྟོགས་བསྟན་པའི་ཉི་མ་བར་དུ་མཁན་རབ་སུམ་ཅུ་སོ་གསུམ་ཕྱིན་པ་བཅས་སོ།།
ལོ་རེའི་དུས་མཆོད་ཆོ་གའི་སྐོར།།
༡.ཧོར་ཟླ་དང་པོའི་ཚེས་བཞི་དང་ལྔ་ཉིན་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་ལ་མདོ་གཡུང་དྲུང་ཀློང་རྒྱས་དང་། ཚེས་བརྒྱད་བྱ་མཇལ་དུས་མཆོད་ལ་ཀློང་བརྒྱད་དང་། ཚེས་བཅུ་ལ་ཚེ་དབང་གཞུང་བཞི་ཚོགས་བརྒྱ། ཚེས་བཅུ་བཞི་དང་བཅོ་ལྔ་ལ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་ཀླུང་རྒྱས། དེ་དག་གི་ཞོར་དུ་ཚེས་དྲུག་ནས་ཚེས་བཅོ་ལྔ་བར་མཚན་ཉིད་བཀའ་རབ་འབྱམས་པ་རྣམས་སྔོན་འགྲོ་མཆོད་གྱེར་གཞི་རྩོད་རྒྱུག་དམ་བཅའ་སོགས་སྔོན་བྱོན་གོང་མའི་སྲོལ་ལམ་ལྟར་བྱེད་དགོས། མཁན་སློབ་ཟུང་འབྲེལ་ཐོག་དགེ་བའི་བཤེས་གཉེན་རྣམས་ལ་མཚན་རྟགས་གནང་བ་ནས་བཟུང་། གདན་ས་གོང་འོག་གམ་དེ་དག་གི་དགོན་ལག་རྣམས་ལ་མཁན་སློབ་མངགས་གཏོང་བྱེད་པའི་རྟགས་རིལ་གནང་ཆོག་པའི་ཐོབ་ཐང་ཡོད།།
༢.ཧོར་ཟླ་གཉིས་པའི་ཚེས་བཅུ་དགུ་ནས་བཞི་པའི་ཚེས་དགུ་བར་མཚན་ཉིད་པ་རྣམས་ཤར་ཕྱོགས་དབྱར་རྒྱས་རི་ཁྲོད་དུ་ཉིན་ལྔ་བཅུའི་རིང་དཔོན་སློབ་དང་གྲྭ་ཚང་སྤྱི་གཉེར་གཅིག་བཅས་མཉམ་དུ་ཕེབས་ཏེ་རྩོད་སྦྱོང་དམ་བཅའ་གནང་སྲོལ་ཡོད།།
༣.ཧོར་ཟླ་བཞི་པའི་ཚེས་བཅུ་ནས་ལྔ་པའི་ཚེས་གསུམ་བར་ཁམས་ཚན་སོ་སོར་འཚོགས།།
༤.ཧོར་ཟླ་ལྔ་པར་དགུ་གཏོར་སྐབས་ཁྲ་སྤྱང་ཕུར་འཆམ་གཏོར་རྒྱག་བཅས་སྔར་སྲོལ་ལྟར་བྱེད་དགོས།།
༥.ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་འཁྲུངས་གཞིས་འབྲུ་ཚང་དུ་ཚེ་དབང་གཞུང་བཞི་ཚོགས་བརྒྱད་དང་འཆམ་རྒྱག་དགོས།།
༦.ཧོར་ཟླ་བདུན་པའི་ཚེས་ཉེར་ལྔ་ནས་ཉེར་དགུ་བར་སྤྱི་རིམ་ཆེན་མོ་སྟེ་ཡི་དམ་ཁྲོ་བོ་དང་ཕུར་པ་གཉིས་ཀྱི་གཞུང་བསྲང་སྟེ་རྗེ་ཡི་སྙན་རྒྱུད་གདངས་ཡིག་འབྲུག་མོ་ལྡིར་བ་ལྟར་བསྒྲགས། གཡས་སུ་ཡི་དམ་ཁྲོ་བོ་གྲལ་དང་། གཡོན་དུ་ཡི་དམ་ཕུར་པའི་གྲལ་བྱས་ཏེ་གྲྭ་བཙུན་དྲག་པ་རྣམས་ཀྱིས་གྲལ་གཉིས་བསྒྲིགས་ཏེ་གྱེར་དབྱངས་ལན་རེས་བྱེད། མཚན་མོ་བཙུན་ཆུང་དབོན་པོ་ཚོས་བཀའ་སྐྱོང་གྱེར་དགོས། སྤྱི་རིམ་གྱི་རྗེས་སུ་གཤེན་རབ་དགུ་འཆམ་དང་། གཡུང་དྲུང་དགུ་འཆམ། རྣམ་བརྒྱད་སྟག་འཆམ་དང་སེང་འཆམ།གཏོར་རྒྱག་མེ་རི་རྩེ་བཅས་གར་འཆམ་སྒྱུ་རྩལ་ཕུན་ཚོགས་པའི་འཁྲབ་སྟོན་བྱེད་སྲོལ་ཡོད།སྐབས་དེར་ཁྲོ་བ་དམར་ཆེན་གྱིས་སྲུང་ཟློག་དང་སྐང་གྱེར་བཅས་གྲྭ་པ་འགའ་ཞིག་གིས་གསུངས།།
༧.ཧོར་ཟླ་བརྒྱད་པའི་ནང་བརྒྱད་པ་ལོ་གསར་ཞེས་ཉིན་བཅུ་གསུམ་གྲྭ་ཚང་གིས་ཉིན་རེར་ཇ་ཐེངས་བཅུ་གཉིས་དང་རྩམ་པ་ཟོ་བ་བཅུ་གཉིས་ཙམ་གཏོང་སྲོལ་ཡོད།
༨.ཧོར་ཟླ་དགུ་པའི་ནང་མཚན་ཉིད་པ་རྣམས་སྨྲ་སེང་གི་སྒྲུབ་པ་ཉིན་བདུན་ཚོགས་ཐོག་བདུན་འཇུག་བཀའ་དབང་གནང་སྲོལ་འདུག
༩.ཧོར་ཟླ་བཅུ་པར་ནང་ལས་པ་བརྗེ་ལེན་རྩིས་སྤྲོད་ཡིན་སྟབས་དམིགས་བསལ་གྱི་དུས་མཆོད་གང་ཡང་མེད།།
༡༠.ཧོར་ཟླ་བཅུ་གཅིག་པར་སྟག་ལ་མེ་འབར་གྱི་སྟོང་ཚོགས་བསྲུང་ཟློག་འཁྲུངས་གཞིས་བྲུ་ཚང་ཕོ་བྲང་ལ་གྲྭ་བཙུན་འགའ་ཞིག་གིས་དབལ་གསས་ཉིན་གསུམ་རིང་གཞུང་སྒྲུབ་དང་དྲག་ཟློག་བྱེད། དམིགས་བསལ་བྱེད་སྒོ་ཟླ་རེའི་ཚེས་བཅོ་ལྔ་མེ་ཏོག་མཆོད་པ་དང་། ཚེས་ཉེར་གཉིས་ལ་སྒྲུབ་ཁང་དུ་བོན་སྐྱོང་ཚོགས་བརྒྱད། ཚེས་ཉེར་དགུ་ལ་ཁྲོ་བོ་ཚོགས་འཁོར། གནམ་སྟོང་ལ་གསོ་སྦྱོང་བཅས་རྒྱུན་ཆགས་གནང་དགོས།།
དེ་བཞིན་དགོན་འདི་གཡུང་དྲུང་བོན་དགོན་ཡོངས་ཀྱི་རྩ་བའི་གྲྭ་ས་གལ་ཆེན་ཡིན་སྟབས་ཙོར་ཚོ་པ་སོ་དགུ་ཡིས་གཙོས་པའི་སྟོད་སྨད་བར་གསུམ་གྱི་དད་ལྡན་སྐྱེ་བོ་སེར་སྐྱ་ཡོངས་ཀྱི་རེ་སྐུལ་ལྟར་ལོ་ལྟར་སྒྲུབ་ཁང་དམར་པོའི་ནང་དུ་གྲྭ་བཙུན་བཅུ་ལྷག་ཙམ་གྱིས་ཡི་དམ་བཀའ་ཆེན་རྣམས་ཀྱི་སྒྲུབ་པ་ཁག་བཅུ་གཉིས་ཡོད་པ་སྟེ།
1.ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་དྲན་པ་གསང་བའི་སྒྲུབ་པ། 2.ཧོར་ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་ཧོར་ཟླ་གསུམ་པའི་ཚེས་བཅོ་བརྒྱད་བར་དབལ་གསས་ཚོགས་འཁོར་དང་། ཉིན་ལྟར་བསྐང་འབུམ་ཚར་རེ། 3.ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱ་ད་བར་མུན་སེལ་སྒྲོན་མེ་དང་སྨྲ་སེང་སྒྲུབ་དགོས། 4.ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་བོན་སྐྱོང་སྒྲུང་པ། 5.ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་རྣམ་པར་རྒྱལ་མ་སྒྲུབ་པ། 6.ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་རྣམ་དག་སྒྲུབ་པ། 7.ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ནས་ཚེས་བཅོ་བརྒྱད་བར་གསང་དྲག་སྒྲུབ་པ། 8.ཧོར་ཟླ་དགུ་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་ཡི་དམ་ཕུར་པ་སྒྲུབ་པ། 9.ཧོར་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་ནས་བཅོ་བརྒྱད་བར་ཚེ་དབང་གཞུང་བཞི། 10.ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་མཁའ་ཀློང་སྒྲུབ་པ། 11.ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ནས་བཅོ་བརྒྱད་བར་ཡི་དམ་ཁྲོ་བོ་སྒྲུབ་པ། ལོ་གཉིས་གསུམ་ཟླ་ལྷག་ཡོད་ཚད་ལ་ལྷ་རྒོད་སྒྲུབ་པ་བཅས་སྔར་གྱི་མཛད་སྲོལ་མི་ཉམས་ཡུན་དུ་གནས་པ་བཅས་སོ།།
དགོན་པའི་སྒྲིག་གཞིའི་སྐོར།།
གྲྭ་ཚང་བཞི་སྟེ། གླིང་སྟོད་དང་། གླིང་སྨད། གླིང་སྐེད། གླིང་ཟུར་བཅས་དང་། ཁམས་ཚན་བཅུ་གཉིས་ནི། ལ་དབྱི་དང། སྒོ་བེ། བྲིས་པ། ཨ་སྟག ཁྱུང་དཀར། ཏི་ཚ། དགེ་བཤེས། རྩ་ཁང་། འགྲོ་མགོན། དགུ་རྩེ་ཁང་། གྲུབ་ཐོབ་ཁམས་ཚན་བཅས་སོ།། དགོན་པ་དོ་དམ་བདག་གཉེར་མཁན་ནི་མཁན་པོ་གཅིག་དང་། སློབ་དཔོན་གཅིག ཚོགས་ཆེན་དབུ་མཛད་གཅིག དགེ་བསྐོས་གཅིག བླ་བྲང་གཉེར་པ་གསུམ། གྲྭ་ཚང་སྤྱི་གཉེར་གསུམ། ཡང་སྤྱི་ཁྱབ་པ་གསུམ། ལས་པ་མི་བཞི། དཀོན་གཉེར་དྲུག་ཁང་ཚན་དགེ་རྒན་བཅུ་གཉིས་བཅས་སོ།། རྒྱན་སྡོད་གྲྭ་པ་སུམ་བརྒྱ་ཙམ་དང་སྒྲུབ་ཆེན་སོགས་དམིགས་བསལ་བྱེད་སྒོ་ཡོད་སྐབས་གྲྭ་གྲངས་བདུན་བརྒྱ་སྐོར། ད་ཡོད་གྲྭ་གྲངས་དྲུག་ཅུ་ཙམ་ལས་མེད། གྲྭ་བཙུན་གྱི་འཚོ་བའི་ཡོང་ཁུངས་སྐོར།མཚན་ཉིད་དང་རིག་གནས་འཛིན་གྲྭར་བཞུགས་པའི་གྲྭ་པ་རྣམས་ལ་དགོན་པ་ནས་ཉིན་དགུང་ཇ་ཐུག་ཐེངས་རེ་གཏོང་བ་ཕུད། དེ་མིན་གྲྭ་རིགས་རྣམས་སོ་སོའི་ཁྱིམ་ཚང་གི་རྒྱབ་སྐྱོར་རོགས་རམ་དང་གྲོང་ཆོག་རྒྱུགས་ཏེ་འཚོ་བ་སྐྱེལ་དགོས།དབྱར་ཁ་དང་སྟོན་ཁ་གྲྭ་པ་ཕལ་ཆེར་སོ་སོའི་ཕ་ཡུལ་ལ་ལོག་འགྲོ་གི་ཡོད། ཉེ་འཁོར་གྱི་ལྷ་གསོལ་དུས་མཆོད་ནི། ལྡིང་བུ་གྲོང་ཚོ་དབལ་རི་ཞེས་པ་དེར་ལོ་ལྟར་ཧོར་ཟླ་དང་པོའི་ཚེས་གསུམ་དང་ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་གཉིས་ལ་གྲོལ་ཚོ་ཡོངས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལྷ་གསོལ་གཏོང་བར་འགྲོ་སྲོལ་ཡོད། བོན་དགོན་འདིའི་གནས་ཡུལ་ནི། གཞིས་རྩེ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་དུ་ཡིན། སྟག་གྲུ་ཁ་ནས་རྟ་བཞིན་ཏེ་ཉིན་གཅིག་ཕྱིན་ན་སྨན་རི་དགོན་པར་འབྱོར་ཐུབ། ལམ་བར་རྫོབ་བཟང་དང་གླང་ཕུ་ཞེས་པའི་ཞིང་པའི་གྲོང་ཚོ་གཉིས་དང་། གོང་ཉག་ལ་ཟེར་བ་ལ་ཆེན་ཞིག་བརྒལ་རྗེས་སྨན་རིར་སླེབས་ཐུབ། ལམ་གཞན་ཞིག་ནི་གཞིས་རྩེ་ནས་རྣམ་གླིང་རྫོང་བརྒྱུད་ཐོབ་རྒྱལ་ཤང་བར་རླངས་འཁོར་ནང་འགྲོ་ས་ཡོད། དེ་ནས་རྟ་བཞོན་ཏེ་རི་ལྡེབས་སུ་འགྲོ་དགོས། དུས་ཚོད་ཉིན་ཕྱེད་ཙམ་ལ་སླེབས་ཐུབ་པ་བཅས་སོ།།།།