གནས་ཡུལ། མདུན་ངོས། བོན་པའི་དགོན་པ།
 
 
༄༅།།སྣང་དགོན་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་ལོ་རྒྱུས་མདོ་ཙམ་བཀོད་པ།
སྤེལ་དུས།2008-04-02   ཡོང་ཁུངས་།   རྩོམ་པ་པོ། ནམ་མཁའ་ཚུལ་ཁྲིམས།

རྒྱུད་ལུང་མན་ངག་ཟབ་མོ་སྣང་བའི་བདག
ཀུན་ཉོན་སྨག་རུམ་སྟུག་པོ་ཞིག་པའི་ཕྱིར།
གདུང་རབས་ཤར་རིའི་ཕྲག་པར་རིམ་དྲངས་པའི།
རྒྱུད་འཛིན་མཁས་བཙུན་གྲུབ་པའི་ཚོགས་ལ་འདུད།
གངས་ཅན་གྲུབ་མཐའི་ཆུ་ཀླུང་སྣ་ཚོགས་པ།
མཐར་ཐུག་རྒྱ་མཚོའི་ཀློང་དུ་རོ་གཅིག་ཀྱང་།
ཞྭ་དཀར་རིང་ལུགས་མཐོ་རིས་ཡུལ་གྱི་ཆུ།
རལ་པའི་རྒྱན་དུ་འཛིན་པའི་འདུས་སྡེ་རྒྱལ།
གང་དེའི་གྲལ་མཐར་བསྟན་པའི་ལོ་རྒྱུས་ཙམ།
ཀློག་པའི་ཟོལ་གྱིས་རྒྱུ་བའི་རྨོངས་པ་བདག
ཞིག་པོའི་གདུང་རབས་ཉམས་དགའི་རི་སུལ་དུ།
རེ་ཞིག་འཕྱན་པས་མཆོད་པའི་སྤྲིན་འདི་རྙེད།

       དེ་ཡང་རྔ་པ་བོད་རིགས་རང་སྐྱོང་ས་གནས་འར་མ་ཤང་གི་ཁོངས་སུ་ཆགས་པའི་སྣང་ཞིག་དགོན་གྱི་ལོ་རྒྱུས་མདོ་ཙམ་འགོད་པར་བྱེད་པར་དང་པོ། དགོན་གནས་ཕྱག་འདེབས་པ་པོ་ནི། གཉན་ཁ་འགྱིང་གི་བརྒྱུད་པ། ཡབ་ཞང་ཞུང་རྒྱལ་མཚན་བདེ་བ་དང་། ཡུམ་རྒྱལ་བཟའ་ཀློང་ཡངས་གཉིས་ལ་སྲས་སད་ནེ་གའུ་ཞེས་པ་སྐུ་སྟོད་རྒོད་ཀྱི་གཤོག་པ། སྐུ་སྨད་སྟག་གི་ཤམས་ཐབས། རྐེད་པར་འཕྲུལ་ཡིག་བཞི་བཅུ་ཚེ་ལ་རང་དབང་ཐོབ་པ་ཞིག་ཆུ་མོ་ཕག་གི་ལོར་བལྟམས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལ་ཤིན་ཏུ་མཁས་པར་གྱུར། ཞང་ཞུང་སྡེ་འཁྲུགས་ཀྱི་རྐྱེན་པས་བོན་གཤེན་རྣམས། མཁའ་སྤྱོད་དང་མཐའ་འཁོབ་འདྲེན་པའི་དཔལ་དུ་ཤར་བའི་ཚེ། སད་ནེ་གའུས་ལུང་བསྟན་བཞིན་རྒྱུད་འཛིན་སྟོང་རྒྱུང་རིང་མོ་ཞང་ཞུང་ནས་རྫུ་འཕྲུལ་གྱིས་རྨ་པོམ་རའི་བཀྲ་ཤིས་ལྷ་སྒང་དུ་བྱོན་ནས་སྒྲུབ་པ་མཛད་ཅིང་བསྟན་པ་སྤེལ། དེ་རྗེས་དེར་བླ་མ་ཞུ་སྒོམ་འཁྲུལ་ཞིག་བྱོན་ནས། རྒྱུད་འཛིན་ཞིག་པོ་བཅོ་བརྒྱད་སོགས་བུ་སློབ་མང་དུ་བྱུང་། དེའི་སྐབས་སད་ནེ་གེའུའི་སྤྲུལ་པ་སྐུ་མཆོག་དམ་པ་སྣང་ཞིག་ཅེས་པ། བླ་མ་ཞུ་སྒོམ་གྱི་བཀའ་བཞིན་ལོ་དགུ་སྒྲུབ་པ་མཛད་པའི་གྲུབ་རྟགས་བྱ་རྒོད་དུ་སྤྲུལ་ནས་རྨ་གཉན་ལྕགས་ཀ་ནས། སྟོད་རྩིབ་རིའི་བར་ཉིན་སྐོར་བྱས་པ་སོགས་ཀྱི་རྫུ་འཕྲུལ་ལ་དབང་འབྱོར། མཚན་སྣང་ཞིག་བློ་གྲོས་རྒྱལ་མཚན་དུ་གསོལ། དེ་དང་ཡུམ་ཉི་མ་འབུམ་མམ་ཉི་མ་སྒྲོན་གཉིས་ལ། རབ་བྱུང་དང་པོའི་ས་འབྲུག་ལ་སྲས་ཞིག་འཁྲུངས་པར་མཚན་ཡོན་ཏན་རྒྱལ་མཚན་དུ་གསོལ། དེ་ཉིད་འཛམ་གླིང་གནས་ཆེན་ཀུན་ཏུ་རྫུ་འཕྲུལ་གྱི་ཞབས་བསྐྱོད་དེ་རིག་འཛིན་དུ་མའི་ཞལ་མཇལ་གདམས་ངག་མང་དུ་གསན། སྟོད་སྨད་ཕྱོགས་མཚམས་ཀྱི་གནས་ཆེན་ཐམས་ཅད་དུ་སྒྲུབ་པ་མཛད། ཁྱད་པར་དུ་དྭང་རའི་དོ་གླིང་དུ་གྲུབ་པ་བརྙེས་པས། མཚན་དོ་འཕགས་པ་ཞེས་གསོལ། ཤར་རྔ་བ་ཟུང་ཆུ་འཐེ་བོ་སོགས་དང་། བྱང་རེབ་ཀོང་།། ཆབ་ཆ། ཆུ་ཧྭ་སོགས་དང་། ལྷོ་རྒྱ་རོང་ཁྲོ་སྐྱབས། མཆོག་རྩེ། ཉག་རོང་སོགས་ཕྱོགས་ཐམས་ཅད་དུ་བསྟན་པ་སྤེལ། ཁྱད་པར་རྔ་ཡུལ་འདིར། དང་པོ་གཡུ་རྩེའི་བཀའ་བརྒྱད་སྒྲུབ་ཕུག་ཏུ་བཞུགས་ཏེ། ཡི་དམ་ཕྱི་ནང་གསང་གསུམ་སྒྲུབ་པས་ཞལ་གཟིགས་དང་ལུང་བསྟན་མང་དུ་ཐོབ། གཡུ་རྩེ་དང་རྔ་ཡུལ་གྱི་ཡུལ་ལྷ་གཞི་བདག་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བསྐོས། རྔ་སྟོད་དུ་བཞུགས་ཏེ་གྲུབ་སྡེ་སེར་འཚོགས་ཀྱི་གཞི་བཟུང་། དེ་ནས་རྔ་པ་བར་མར་བྱོན་ནས་ཁྲི་གདན་ནོར་བུའི་ཡང་རྩེར་བཞུགས་སྐབས། མདོ་སྨད་ཨ་མ་ཞིག་མོ་སྒྲུབ་པའི་གྲོགས་སུ་བསྟེན་ནས། མཆོད་ཞིང་དཀྱིལ་རྨ་བྱའི་གདུགས་དབུ་ལ་བསྐོར་འདྲའི་ས་རུ་ཁྱིམ་པའི་སར་གཟིགས། གཡོན་མདུན་དུ་དངུལ་གཞུང་དཀྱིལ་རྨ་བྱ་འདྲ་བའི་ས་དབྱིབས་སྙན་གྲགས་དགུང་ན་གྲགས་ཤིང་། ས་བདག་ཀླུ་གཉན་གཏོད་སོགས་ཀྱིས་མཐའ་ནས་སྐྱོར་བའི་ས་རུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་སར་གཟིགས། དེའི་གཡས་རི་ཡེ་གཤེན་སྒང་གི་མདུན་དུ་རིན་ཆེན་མཎྜལ་སྤུངས་འདྲའི་སྟེང་དུ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་དགོན་པར་གཟིགས་པའོ། དོ་འཕགས་ལ་སྲས་གསུམ་བྱུང་བ། ཆེ་བ་བྱ་ཆེན་ཉི་མ་ཕུན་ཚོགས་ཀྱིས་རབ་བྱུང་གཉིས་པའི་ས་བྱི་ལོར་ཡབ་དོ་འཕགས་ཆེན་པོའི་གཟིགས་དགོངས་བཞིན། དངུལ་གཞུང་དཀྱིལ་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་བཞེངས་ནས་གྲུབ་སྡེ་སེར་ཚོགས་ཀྱི་གཞིན་བཟུང་། སྲས་འབྲིང་བ་ལྕགས་མདུད་འདུལ་བ་རྒྱལ་མཚན་རྔ་སྨད་དུ་ཕེབས་ནས་གྲུབ་སྡེ་སེར་ཚོགས་ཀྱི་གཞི་བཟུང་སྟེ་བླ་བྲང་བཞེངས་པ་ད་ལྟའི་ཨ་མཆོག་ཁང་དམར་ལྷ་ཁང་ཡིན་པར་གྲགས། སྲས་ཆུང་བ་དངུལ་སྐུ་ཤར་ཁོག་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་བསྟན་པའི་སྒྲོན་མེ་སྤར།
       དེ་ནས་གདུང་རབས་ཉེར་བཞི་པ་སྣང་ཞིག་ཚུལ་ཁྲིམས་དབང་མཆོག་དབུས་གཙང་དུ་ཕེབས་ནས། དབུས་ཀྱི་མཁན་སློབ་རྣམ་གསུམ་གྱི་མདུན་ནས་དྲང་སྲོང་ཀྱི་སྡོམ་པ་བཞེས་ནས་ཕྱིར་ཕེབས་ཏེ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་སྒྲུབ་སྡེ་སེར་ཚོགས་ཀྱི་སྡེ་ལ། ལྷ་ཤེས་གྲོང་བོན་གྱི་སྡེ་དང་། རབ་བྱུང་འདུལ་བའི་སྡེ་གཉིས་སུ་ཕྱེ་ནས། བོན་གྱི་འདུ་གནས་སོ་སོར་བགོས། བོན་སྡེ་ཤོག་ཁ་བདུན་བརྒྱའི་དབུ་བླར་བཀུར། སྒྲུབ་མཆོད་དང་། དུས་མཆོད་ཆེན་མོ་སྨོན་ལམ་གྱི་སྲོལ་བཙུགས། དགེ་ལུ་བཤོས་གཙང་ཡན་ཆད་ཀྱི་རུ་ཁག་སོ་སོའི་ནང་ནས་ལས་གཉེར་མི་སྣ་བཞག་ནས་ཁྲིམས་བསྡམས། བོན་སྡེ་སོ་སོས་སྨོན་ལམ་བུད་ཤིང་དང་། དགེ་འདུན་འཚོ་བ་ཕོགས་འགྱེད་བཅས་ལ་ཁྲལ་བསྡུའི་ལེན་རིམ་གྱི་བཀའ་ཤོག་བཀོད་ནས། དགེ་བཅུའི་སྲོལ་དར། དགོན་དང་སྒྲུབ་སྡེ་སྔར་ལས་དར་བ་བྱུང་ངོ་།
གདུང་རབས་ཉེར་དགུ་པ། སྣང་ཞིག་རིན་ཆེན་རྒྱལ་མཚན་གྱིས། དོ་འཕཊ་ཆེན་པོའི་དགོངས་པ་བཞིན། གཡས་རི་རིན་ཆེན་སྤུངས་པའི་ས་དབྱིབས་མཎྜལ་ལྟ་བུའི་སྟེང་དུ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གི་དགོན་ས་ཡོད་པར་དགོངས་ནས་གཟིགས་མོར་བྱོན་ཚེ་ཕྱོགས་གང་སར་ཆུ་མ་མཐོང་། ཡར་ཡེ་གཤེན་སྒང་དུ་སླེབས་སྐབས་གཡོན་མདུན་ནས་ཀླུ་མོ་ཞིག་གིས་ཆུ་ཟངས་སྐྱོག་གང་བསྟན་ནས་ཆུ་ང་ཡིས་འབུལ་ཟེར་བར། ཁོང་གི་ཞལ་ནས་ཆུ་དེ་ཙམ་གྱིས་མི་ཆོག ངེད་འདི་རུ་དགོན་ཞིག་འདེབས་སྙམ་ཀྱང་འཚོ་རྟེན་ཆུ་དཀོན་པར་འདུག་གསུངས། ཀླུ་མོ་བགད་ནས་ཁྱེད་གྲྭ་ཚང་སྟོང་ཕྲག་ལྷག་ཚོགས་ཀྱང་ཆུ་བདག་གིས་འབུལ་ཞུས་ནས། ས་འོག་ཏུ་རུབ་མ་ཐག་ཏུ་ཆུ་མིག་རང་བརྡོལ་དུ་བྱུང་བ་དང་། འབྲུག་གྲགས་ཤིང་ཆར་བབས་འཇའ་ཤར་བ་སོགས་རྟེན་འབྲེལ་གང་ལེགས་འགྲིགས་སོ།
       དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ལོར། སྔོན་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་བླ་བྲང་དུ་རབ་བྱུང་གཉིས་པའི་ས་བྱི་ལོར་ཕྱག་བཏབས་པའི་སྒྲུབ་སྡེ་སེར་ཚོགས་ཀྱི་གཞི་ལས་གྱེས་པའི་རབ་བྱུང་འདུལ་བའི་སྡེའི་དགོན་གནས་གསར་སྤོ་མཛད། མཚན་ལ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གསོལ། དབུས་འདུ་ཁང་ཀ་རིང་གཉིས་ཅན་དང་ཇ་ཁང་བཅས་བཞེངས། མཐའ་སྐོར་གྲྭ་ཤག་ཉུང་ཤས་ཀྱང་གྲུབ་པར་གྲགས།
       གདུང་རབས་སོ་གསུམ་པ་གཡུང་དྲུང་བསྟན་པའི་ཉི་མ་དེ་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་གསེར་ཁྲི་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ཏེ། གུང་ཐང་བླ་བྲང་ནས་གཙོ་བོ་སངས་རྒྱས་ཀྱི་འདྲ་སྐུ་རྒྱ་ནག་མ་མི་ཚད་ཅན་གཅིག་དང་། གསེར་བྲིས་ཀྱི་མདོ་སྐལ་བཟང་། ཐུགས་རྟེན་བཀའ་གདམས་མཆོད་རྟེན་གྱིས་གཙོས་སྲིད་འབྱོར་གྱི་མཆོད་སྤྲིན་མི་དམན་པས་སྣ་དྲངས་ཏེ་གདན་སར་བྱོན་པར་གསོལ་བ་ཡང་ཡང་བཏབ་ཀྱང་དགོན་འདིའི་ཁྲི་འཛིན་དང་བོན་སྡེ་སྤྱིའི་དབུ་བླ་ཡིན་སྟབས་འབྱོན་པར་མ་གནང་ནའང་། རྗེས་སུ་སྣང་ཞིག་ཚང་དང་། གུང་ཐང་གི་སྐུ་རབས་རྣམས། ད་བར་དུ་ཕན་ཚུན་ཐུགས་སྣང་ཤིན་ཏུ་མཐུན་པོར་གྱུར་ཏེ་མཚམས་རྟགས་དང་འགྲོ་འོང་གི་འབྲེལ་བ་ཟབ་མོ་རྒྱུན་མི་འཆད་པར་ཡོད། དམ་པ་དེས་ཡེ་གཤེན་སྒང་དུ་སྐུ་གདུང་མཐོང་གྲོལ་ལྷ་ཁང་བཞེངས་ཏེ། རྟེན་གཙོ་རིན་ཆེན་རྒྱལ་མཚན་གྱི་སྐུ་གདུང་ཁྲུ་བཅུ་དྲུག་པ་ཕྱོགས་ཀུན་དངུལ་གྱི་ཤན་ཅན། གཡུ་བྱུར་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཚོམ་ཅན་བཞེངས་ཤིང་གཞན་ཡང་སྐུ་གསུང་ཐུགས་རྟེན་མང་དུ་འཛོམས་སོ།
       དེ་རྗེས་རྒྱལ་དབང་མཁའ་འགྲོའི་སྙན་བརྒྱུད་དང་། རྡོ་གྲུབ་ལུང་བསྟན་སོགས་ལས་ལུང་གིས་ཟིན་པའི་གདུང་རབས་སོ་ལྔ་པ་ནམ་མཁའ་བློ་གྲོས་ནི། ཡབ་སྐལ་བཟང་ཕུན་ཚོགས་དང་། ཡུམ་བསོད་ནམས་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ལ་བལྟམས། འདིའི་སྐུ་རིང་གྲྭ་ལྔ་བརྒྱ་སྐོར་བྱུང་། གྲྭ་ཤག་བརྒྱ་ལྷག་ཙམ་འཕེལ་བ་དང་། འདུ་ཁང་ཡང་ཀ་རིང་བརྒྱད་ཅན་དུ་བསྒྱུར། གྲྭ་ཚང་ཡང་ཚན་ཁག་བཞི་རུ་བགོས་ཏེ། ཤར་དུས་འཁོར་གྲྭ་ཚང་། བྱང་ཀུན་རིག་གྲྭ་ཚང་། ནུབ་སྨན་ལྷའི་གྲྭ་ཚང་། ལྷོ་རྣམ་རྒྱལ་གྲྭ་ཚང་ཞེས་གླིང་ཚན་བཞི་བྱས། དབུ་བཞུགས་ནང་ཆེན་རེ་རེ་དང་སྤྱི་རྫས་བཅའ་ཡིག་བཅས་སོ་སོར་བཞག དེ་དུས་བྱ་འཕུར་གོང་འོག་གཉིས་དང་། པཎ་ཙ་བཅས་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་སློབ་མར་གྱུར་ནས་དགོན་པའི་ནང་དུ་ནང་ཆེན་བཟུང་། དེས་ཀྱང་མི་ཚད་ཁྲོ་ཆེན་རྒྱལ་པོའི་དབུ་བླ་མདོ་སྤྲུལ་སྐུ་རིན་པོ་ཆེ་དང་། མཆོག་རྩེ་བ་དབུས་ཕུག་སྐུ་ཞབས་དང་། ཛ་རོང་ནམ་མཁའ། ལྕགས་མདུད་རིན་ཆེན་རྣམ་རྒྱལ། རྐྱང་ནག་ནམ་མཁའ་རྒྱལ་མཚན། དུང་རི་ནམ་མཁའ་བསྟན་འཛིན། མཁར་ཡགས་ཤེས་རབ། རིབ་ཀོང་སྡོང་སྐམ་ཨ་ལགས། མདའ་ཆེན་སྤྲུལ་སྐུ་ལུང་རྟོགས་རྒྱ་མཚོ། རྩེ་དབུས་སྤྲུས་སྐུ། ཛ་རོང་ཤེས་རབ། གསེར་ཤིང་སྤྲུལ་སྐུ། སྐྱང་སྤྲུལ་གྱི་ཡང་སྤྲུལ་ཤེས་རབ་དབང་རྒྱལ། བྲག་སྟེང་གི་བླ་མ་ཤེས་རབ་དབང་རྒྱལ། རོང་མིའི་དཔོན་བླ་སོགས་སློབ་མ་འགྲོ་དོན་ནུས་པ་བརྒྱ་ཕྲག་ལས་བརྒལ་ཏོ། དབུས་ནས་མཁན་པོ་ཤེས་རབ་གྲགས་པ་གདན་དྲངས་ནས། བཀའ་པོད་ལྔའི་རྩོད་གྲྭ་བཙུགས་པ་སོགས་རིག་འཛིན་གོང་མའི་ལུང་བཞིན་གྲུབ་པའོ།
      དེ་རྗེས་གདུང་རབས་སོ་བརྒྱད་པ་སྐྱབས་མཆོག་བསྟན་པ་རབ་རྒྱས་ཀྱི་རིང་ལ། གྲྭ་བདུན་བརྒྱ་ལྷག་ཙམ་དང་གྲྭ་ཤག་ཉིས་བརྒྱ་ལྷག་ཙམ་འཕེལ་བས། འདུ་ཁང་ཡང་རྒྱ་ཆེ་རུ་བཏང་སྟེ་ཤིན་ཏུ་ལེགས་པར་གྲུབ་པའོ།
       གཉིས་པ། སྐབས་དོན་དགོན་པའི་ཆགས་རིམ་དངོས་བཤད་པ།
       གོང་དུ་དགོན་གནས་ཕྱག་འདེབས་པོ་སྣང་ཞིག་གོང་མ་རྣམས་ཀྱི་བྱོན་ཚུལ་རོབ་ཙམ་གླེང་ནས་སྐབས་སུ་བབས་པ་དགོན་པའི་ཆགས་རིམ་ངོ་སྤྲོད་ཞུས་ན། དེ་ཡང་སྣང་ཞིག་དོ་འཕགས་ཆེན་པོའི་གདུང་རབས་གཉིས་པ་གྲུབ་དབང་ཉི་མ་འཛིན་གྱིས་རབ་བྱུང་གཉིས་པའི་ས་བྱི﹙1108﹚ལ་དགོན་གྱི་གནས་གཞི་ཐོག་མར་བཟུང་། དགོན་པའི་ཟུར་དུ་ཐོག་མའི་གདན་ས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་ཡོད། དེའི་དབུས་རབ་བྱུང་འདུལ་སྡེའི་ཚོགས་ཁང་ངམ། དུས་མཆོད་སྨོན་ལམ་ཆེན་མོའི་ཚོགས་ཁང་ཀ་བ་བཞིའི་རྒྱ་ཁྱོན་ཅན་དང་། གཡས་ཟུར་དུ་ལྷ་ཤེས་གྲོང་བོན་གྱི་སྡེའི་ཚོགས་ཁང་ཀ་བ་བརྒྱད་ཅུ་ཡོད་པ་དེའི་ནང་སེ་དགོན་པའི་གྲྭ་ཚང་ཕེབས་ནས་ལོ་ལྟར་བཀའ་འགྱུར་འདོན་དགོས། གཡོན་ཟུར་དུ་བང་མཛོད་ཁང་ཞེས་གཡང་རྟེན་དང་གཡང་རྫས་སྣ་ཚོགས་བཀྲམ་པའི་བང་མཛོད་ནང་མ་དང་། འབྲུ་རིགས་སྣ་ཚོགས་དང་། ཇ་མར་གོས་འཕྲུག་རས་བཅའ་ཕྱིང་སྣམ་པགས་རིགས་སྣ་ཚོགས་བཀྲམ་པའི་བང་མཛོད་ཕྱི་མ་བཅས་ཡོད། བར་ཁང་ནང་དུ་སྣང་ཞིག་བླ་རབས་སོ་བརྒྱད་རིང་དུ་རིམ་གྱིས་བསྒྲིགས་པའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཆ་མཆོད་ཆ་མཆོད་རྫས་སྣ་ཚོགས་བཀྲམ་པའི་མཆོད་ཁང་དང་། གཟིམ་ཁང་གསོལ་ཐུབ། སློབ་མ་རྣམས་བཞུགས་གནས་ཀྱི་ཁང་ཆུང་གྲངས་མང་ཡོད། གསུམ་སྟེང་དུ་བཙན་ཁང་དང་། སྒྲུབ་ཁང་། ཞབས་བརྟན་ལྷ་ཁང་བཅས་ཡོད། ཕྱི་ཁྱམས་སུ་ཐབ་ཆེན་དང་ཕྱག་མཛོད་གཉེར་ཁང་ཆེ་ཆུང་སོགས་དང་། གཙུག་ལག་ཁང་དེའི་གཙོ་ཁང་ར་སྐོར་དང་བཅས་པ་སྤན་པད་ཀྱིས་སྐོར་བར་མཚམས་སུ་སྤན་རྒྱན་གྱིས་སྤྲས་པ། སྟེང་དུ་གསེར་ཏོག་རྒྱལ་མཚན་གྱིས་བརྒྱན་ཞིང་མཛེས་པར་ཡོད།
         དགོན་པའི་རྒྱབ་ཏུ་གདུང་རབས་སོ་གསུམ་པ་བསྟན་པའི་ཉི་མས་བཞེངས་པའི་མཐོང་གྲོལ་ལྷ་ཁང་གཙོ་ཁང་ལྕགས་རི་དང་བཅས་པ། སྤན་ཏོག་སྤན་རྒྱན་སྣ་ཚོགས་ཀྱིས་ཁ་འཁོར་ཞིང་། སྟེང་དུ་གསེར་ཏོག་རྒྱལ་མཚན་དང་བཅས་པ། དེའི་ནང་སྐུ་གདུང་མཆོད་རྟེན་ཆེ་ལེགས་ལྔ་དང་སྐུ་རྟེན་གསེར་དངུལ་སོགས་སྐུ་ཆེ་ཆུང་གྲངས་མང་དང་། གསུང་རྟེན་གསེར་དངུལ་ཚལ་སྣག་སོགས་ཀྱིས་བཞེངས་པའི་བེའུ་བུམ་གྲངས་མང་དང་། བཀའ་བསྟན་འགྱུར་གྱི་པོད་སུམ་བརྒྱ་ལྷག་ཙམ་དང་། གཞན་ཡང་གསེར་དངུལ་གྱི་མཎྜལ་ཆེ་ཆུང་དང་། མཆོད་ཀོང་། སྤོས་ཕོར། འཁར་རྔ་སྦུབ་ཆོལ། རྔ་སིལ། དུང་རྒྱ་གླིང་། ཐང་ག གདུགས། རྒྱལ་མཚན། ཕྱེ་ཕུར་སོགས་མཆོད་རྫས་བློས་དཔོག་དཀའ་བ་ཡོད་ཅིང་། འདིར་སྟོང་མཆོད་དང་བརྒྱ་མཆོད་རྒྱུན་དུ་འབུལ་དགོས། སྟེང་དུ་གཟིམ་ཁང་དང་བདེ་ཡངས་ཁང་། འོག་གི་ཕྱི་ཁྱམས་སུ་བཙན་ཁང་དང་བོན་སྤྱོད་ཁང་དཀོན་གཉེར་ཁང་སོགས་ཡོད་པའོ།
         དགོན་པའི་ལྕགས་རིའི་ནང་བཀྲ་ཤིས་དར་ལུང་དུ་རྒྱལ་པོ་ཁང་ཕྱི་གཡུང་དྲུང་ལྟ་བུའི་ལྕགས་རི་དང་། སྤན་རྒྱན་གྱིས་སྐོར་བ།
 སྟེང་དུ་ཐིག་ནག་རྒྱལ་མཚན་གྱིས་བརྗིད་པ། དེའི་ནང་སངས་རྒྱས་ཀྱི་སྐུ་གཟུགས་རྒྱ་ནག་མ་ཆེ་ལེགས་དང་། ཡི་དམ་ཕུར་པའི་སྐུ་བརྙན། སྲོག་བདག་རྒྱལ་པོ་ཆེན་པོ་གཙོ་འཁོར་དང་བཅས་པའི་སྐུ་བརྙན། གཞན་ཡང་སྐུ་གསུང་ཐུགས་རྟེན་གྲངས་མང་དང་། གོས་དར། ལྷ་ཆ་ལ་སོགས་པས་ཁེངས་པའོ། དེའི་མདུན་དུ་མཱ་བློན་མཆོད་རྟེན་ཆེན་པོ་ཞེས་ནང་རྟེན་དུ་སྣང་ཞིག་དོ་འཕགས་ཆེན་པོའི་ཤ་རི་རམ། བྱ་ལྕོ་ཀའི་སྒོ་ང་ཙམ་ནང་དུ་བཞུགས་ཡོད་པས། མི་ཕྱུགས་གང་ལའང་ནད་ཡམས་དང་བར་ཆད་རྐྱེན་ངན་གྱི་འཚེ་བ་བྱུང་ཚེ། དེ་ལ་སྐྱབས་སུ་བཅོལ་བ་ཙམ་གྱིས། འཕྲལ་ཡུན་གྱི་མི་འདོད་ཉེར་འཚེའི་རིགས་ཀུན་ཡོངས་སུ་ཞི་བར་ནུས་པའི་རྟེན་མཆོག་ཆེན་པོ་དེའི་མཐའ་བསྐོར་དུ། ཡི་དམ་ཕྱི་ནང་གསང་གསུམ་གྱི་སྙིང་པོ་ཟབ་རྒྱས་ཀྱི་སྟོང་འཁོར་ཆེ་ལེགས་ཀྱིས་ཁ་འཁོར་ཞིང་། རྟེན་གཙོ་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་གཟུགས་ལུས་ཚད་མ་དང་། རྒྱུད་སྡེ་བཞིའི་བེའུ་བུམ་གསུང་འབུམ་དུ་མའི་རྟེན་དང་བཅས་པ་བཞུགས་ཡོད།
         དབུས་སུ་ཚོགས་ཆེན་འདུ་ཁང་ཆེན་མོ་ཕྱོགས་བཞིར་སྤན་པད་ཀྱི་ཁ་འཁོར་ཞིང་འཚམས་སུ་སྤན་རྒྱན་དང་། ཟུར་བཞིར་རྒྱལ་མཚན་དབུས་སྟེང་དུ་གསེར་ཏོག་རི་དག་ཆོས་འཁོར་དང་ལྡན་པ་ནང་དུ་ཀ་བ་བརྒྱུད་ཅུ་གྱ་དྲུག་ཅན། ཀ་ཚར་ཤིང་ལོ་པ་ཏྲ། འབྲུག་ཁྱུང་། སེང་གེ། རྨ་བྱ། གྱད་དང་། ཤང་ཤང་། མཆོད་ལྷ་སྣ་ཚོགས་ཀྱི་གཟུགས་བརྙན་གསོན་ཉམས་དང་ལྡན་པ་ལ། གསེར་དང་མཚོན་མདངས་སྣ་ཚོགས་ཀྱི་མདངས་བྱུག་པ། ནང་གི་རྟེན་དུའང་གསེར་གདུང་ཆེན་མོ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་ཡོད་པའི་རྟེན་མཆོག་ཁྱད་པར་ཅན་དང་། སངས་རྒྱས་སྟོང་སྐུ་སོགས་སྐུ་གཟུགས་ཆེ་ཆུང་གྲངས་མང་དང་། སྣང་ཞིག་རིན་ཆེན་རྒྱལ་མཚན་ནས་བཟུང་བླ་རབས་རིམ་བྱོན་གྱི་སྐུའི་གདུང་རྟེན། གཞན་ཡང་རས་བྲིས་ཀྱི་ཐང་ག བཀའ་བསྟན་གསུང་རབ་བེའུ་བུམ་གྲངས་མང་། གསེར་དངུལ་གྱི་མཎྜལ་སྤོས་ཕོར། མཆོད་ཀོང་། འཁར་རྔ་སྦུབ་ཆོལ་སོགས་རོལ་མོ་དང་། གདུགས་དང་རྒྱལ་མཚན་སོགས་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པ་ཡོད།
       འདུ་ཁང་སྟེང་གཡས་སུ་པར་ཁང་ཆེན་མོའི་ནང་། ཚད་དབུ་ཕར་མཛོད་འདུལ་སོགས་ཀྱི་པར་ཤིང་ལྡེབས་སུམ་སྟོང་ལྷག་ཙམ་ཡོད། གཡོན་དུ་སྒྲུབ་ཁང་ཆེན་མོའི་ནང་། བཀའ་སྐྱོང་མ་བདུད་བཙན་གསུམ་གྱི་སྐུ་བརྙན་བྱིན་ཅན་དང་། གོས་དར་སྣ་ཚོགས་ཀྱི་སྙན་ཤལ། གསེར་སྐུ་དང་། སྤོས་སྐུ་སྣ་ཚོགས། གསེར་དདུལ་གྱི་ལྷ་ཆ་དང་མཆོད་རྫས་སྣ་ཚོགས་ཡོད།
འདུ་ཁང་ནུབ་ཕྱོགས་སུ་བོན་སྤྱོད་ཁང་ཞེས་དབུས་བླ་གབ་སྤན་ཏོག་དང་ལྡན་ཞིང་། ནང་དུ་ཤེས་རབ་ཀྱི་ལྷ་སྣ་ཚོགས་དང་། རྗེ་རྣམ་གསུམ་གྱི་གཟུགས་རིས་ཉམས་བརྗིད་དང་ལྡན་པ། མདུན་དུ་ཆོས་རྭ་ཆེན་མོ་དང་འཆམ་རྭ་གཉིས་མཉམ་འབྲེལ་དུ་ཡོད་པའོ།འདུ་ཁང་ཤར་ཇ་ཁང་ཆེན་མོ་སྤན་ཏོག་སྤན་རྒྱན་དང་ལྡན་པ་ནང་དུ་ཚོགས་ཟངས་ཆེ་ཆུང་བདུན་དང་། ཟངས་རག་ཤུག་གསུམ་གྱི་ཇ་བྲ་དང་། ཐུག་ཟེ་ཐུག་ཐོམ་བཅས་གྲངས་མང་ཡོད།དགོན་པའི་ལྕགས་རིའི་ནང་དུ་ནང་ཆེན་ཆེ་བ་དྲུག་གི་བླ་བྲང་རྣམས་གྲྭ་ཁང་ལས་དཔག་སྟེ་ཆེ་མཐོ་ཏོག་རྒྱན་དང་ལྡན་པ་དང་། ནང་དུ་སྐུ་གསུང་ཐུགས་རྟེན་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཡོད། དེ་མིན་ཨ་ལགས་རྟོགས་ལྡན་དམར་པོ་དང་། ལྷ་རྟོགས་རིན་ཆེན་ལྷུན་གྲུབ། ཧོས་རྟོགས་སོགས་བླ་ཁག་མང་དུ་ཡོད།
         མདོར་ན་གོང་གསལ་གཙུག་ལག་ཁང་རྣམས་དང་། བླ་བྲང་གྲྭ་ཤག་སོགས་ཀྱིས་ཡོངས་སུ་བསྐོར་བས་བརྗིད་ཞིང་ལྷུན་ཆགས་པར་བཞུགས་པའི་མཐའ་བསྐོར་དུ། ཡིག་བརྒྱ་དང་། ཕུར་བསྙེན། གདུགས་དཀར། སྙིང་པོ་རྣམ་གསུམ་སོགས་ཀྱི་འཁོར་ཆེན་སྤན་ཏོག་དང་ལྡན་པ་བཅུ་དང་། མཆོད་རྟེན་དཀར་ཟིར། ཕྱོགས་བཞིར་གྲྭ་ཚང་བཞིའི་འབུམ་ཁང་བཞི་དང་། དར་ཆེན་བཞིས་མཐའ་ནས་བརྒྱན་ཏེ་ཡོད་དོ།
      འོན་ཀྱང་དུས་དབང་གི་རྐྱེན་པས་ཆོས་སྡེ་གཞན་དང་འདྲ་བར་དགོན་འདིར་གཏོར་བཤིག་ཚབས་ཆེན་འཕོགས་ཡོད་ནའང་། ཡང་དག་སྲིད་ཇུས་ཀྱི་སྣང་བ་དཀར་པོ་ལྷན་དུ་གདུང་རབས་སོ་དགུ་པ་སྣང་ཞིག་ནམ་མཁའ་རིན་ཆེན་དང་། སྐལ་བཟང་བློ་གྲོས་རྒྱ་མཚོའི་སྐུ་རིང་ལ་ཐུཊ་བསྐྱེད་དུས་སུ་སྨིན་པས། རྒྱལ་ཚབ་བསྟན་མཛིན་དབང་རྒྱལ་མཆོག་གི་རོགས་མགོན་གནང་བའི་འོག རང་ཁོངས་སེར་སྐྱ་ཚང་མས་འཕྱར་བ་གྲུ་འདེགས་བྱས་ཏེ། སྲིད་གཞུང་གི་རོགས་སྐྱོར་དང་འབྲེལ་བས་འདུ་ཁང་ཀ་བ་བརྒྱ་ཡི་ས་དང་། གྲྭ་ཤག་སུམ་བརྒྱ་ལྷག་གསར་བཞེངས་བྱས་པ་མ་ཟད། ནང་དུའང་སྐུ་གསུང་ཐུགས་རྟེན་མི་ཉུང་བ་ཞིག་གསར་བཞེངས་ཞུས་པ་དང་། གྲྭ་པ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་འདུས་ཚོགས་རྒྱས་ཤིང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་གནས་སོ།
     དགོན་འདིའི་ལེ་ལག་དགོན་ཁག་མང་དུ་ཡོད་པ་དེ་དག་སོ་སོར་ངོས་འབྱོར་ཞུ་བ་ལས་འདིར་ཡིག་གེར་འཇིགས་ནས་མ་བྲིས་སོ།

བོན་གྱི་སྡོམ་བཞིའི་མུ་ཁྱུད་བསྐོར་བའི་དབུས།
བོན་སྒོ་ཕུན་ཚོགས་བཀྲ་ཤིས་གཡུང་དྲུང་གླིང་།
བོན་སྡེའི་གཙུག་གི་ཅོད་པན་དང་འགྲོགས་བཞིན།
བོན་བསྟན་ཕྱོགས་བཅུར་རྒྱས་པའི་གཞིར་འགྱུར་ཤོག

﹙རབ་འབྱམས་པ་ནམ་མཁའ་ཚུལ་ཁྲིམས་ཀྱི་རྩོམ་སྒྲིག་གནང་བར་འདི་ག་རྩོམ་སྒྲིག་ཁང་ནས་ཕྲན་བུ་ཕྱོགས་བསྡུས་བྱས་པ་ལས་དོན་ལ་བཟོ་བཅོས་གང་ཡང་བྱས་མེད།﹚

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060