གནས་ཡུལ། མདུན་ངོས། དབེན་གནས།
 
 
༄༅།།ཡེར་པ་ལྷ་རི་སྙིང་པོའི་དབེན་གནས་ཀྱི་ཆགས་རབས་ལོ་རྒྱུས།
སྤེལ་དུས།2008-05-07   ཡོང་ཁུངས་།--བོད་ལྗོངས་ནང་བསྟན།--   རྩོམ་པ་པོ། དགེ་རྒྱས་པ་བསྟན་འཛིན་རྡོ་རྗེ།

  བོད་གངས་ཅན་གྱི་ལྗོངས་འདིར་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྐྱེས་ཆེན་དམ་པ་དུ་མ་ཞིག་གིས་བྱིན་གྱིས་བརླབས་ཤིང་།སྒྲུབ་པའི་རྒྱལ་མཚན་བཙུགས་པའི་དབེན་གནས་གྲགས་ཅན་མང་དུ་མཆིས་པའི་ནང་ཚན་ཁྱད་ཆོས་ངོ་མཚར་བརྗོད་ཀྱིས་མི་ལངས་པས་ཕྱུག་པ་ཡེར་པ་ལྷ་རི་སྙིང་པོའི་དབེན་གནས་ཀྱི་ཆགས་རབས་ལོ་རྒྱུས་ཅུང་ཟད་བརྗོད་པ་ལ།

      ཡེར་པའི་དབེན་གནས་ནི།འཕགས་པ་སྤྱན་རས་གཟིགས་འགྲོ་བ་མིའི་གཟུགས་སུ་དངོས་སུ་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།འཕགས་མ་ཁྲོ་གཉེར་ཅན་མའི་སྤྲུལ་པ་བལ་བཟའ་ཁྲི་བཙུན།རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོ་བཅས་ཆོས་རྒྱལ་ཡབ་ཡུམ་གསུམ་གྱིས་ཡེར་པར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས།སྤྲུལ་པའི་སྒྲུབ་ཕུག་དང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས་པར་མཛད་ཐོགལྷ་ས་གཙུག་ལག་ཁང་གི་སྲོག་ཤི་ལྟ་བུའི་ཡེར་པའི་དབེན་གནས་ལ་སྔགས་པ་རྒྱ་ཆེར་མཛད་པ་ནས་བཟུང་རིམ་བཞིན་དར་རྒྱས་ཕྱིན་པའི་ཡུ་ཚད་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་ཡིན།

        དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་ཡེར་པ་གཞིགས་གསོས་བསྟན་པ་དར་རྒྱས་མ་ཞེས་པར་དེའི་དུས་སུ་ར་ས་འཁྲུལ་སྣང་དང་། རྒྱ་སྟག་ར་མོ་ཆེ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅས་བརྩིག་པར་ཞལ་གྱིས་བཞེས་ནས་བློན་པོ་རྣམས་ལ་བཀའ་སྩལ་ཏོ། ཀོང་ཇོས་ས་དཔྱད་དང་། སྐར་རྩིས་མཛད་པས། བོད་ཁ་བ་ཅན་ལྷ་འདྲེའི་ཡུལ་དུ་སོང་བས་ར་ས་རྩིག་ཏུ་མ་སྟེར།ས་རྡོ་བཞག་ཚད་ནམ་མཁའ་ལ་འཕངས། རླུང་གིས་གདབ་པས་ས་གཞི་གཡོས་ཉིན་མོ་བརྩིགས་པ་མཚན་མོ་ཞིག མི་ཐམས་ཅད་དཔའ་ཞུམ། ལྷ་སྲིད་ཐམས་ཅད་སོ་སྒྲ་དང་ཆོ་སྒྲ་སྒྲོགས། འབྱུང་བའི་རླུང་ཕྱོགས་བཞི་ནས་ལངས་ཙ་ན། སྤྲུལ་པའི་རྒྱལ་པོས། ལྷ་ཇོ་བོ་རིན་པོ་ཆེ་རྣམ་པ་གསུམ་དང་། ཡི་དམ་ལྷ་ལ་སྨྲེ་སྔགས་བཏོན། ཆོས་སྐྱོང་རྣམས་ལ་དཔང་དུ་བཙུགས། ལྷ་འདྲེ་རྣམས་དམ་བརྡར་བར། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཅིག་ནམ་མཁའ་ལ་བྱོན།སྤྱན་ཡེར་པའི་རི་ལ་གཟིགས། ཐུགས་ཡེར་པའི་བྲག་ལ་གཏད། ཁྲོ་གཉེར་བཟའ་དང་སྒྲོལ་མས་ཡེར་པར་ཞབས་ཀྱིས་བཅགས།ཆོས་སྐྱོང་རྣམས་ཀྱིས་བར་ཆད་སེལ་བར་ཞལ་གྱིས་བཞེས། ལྷ་འདྲེ་རྣམས་ཀྱིས་སྤྲུལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། རང་བྱུང་བྲག་གི་ལྷ་ཁང་དུ་བྲག་ལྷ་མགོན་པོར་རང་བྱུང་དུ་བྱོན།བདུད་རྩིའི་ཆུ་ཐམས་ཅད་རང་བྱུང་དུ་རྡོལ། ཐོག་མར་ལྷ་སའི་ས་ཕུད་རྡོ་ཕུད། ཤིང་ཕུད། ཆུ་ཕུད་ལ་སོགས་པས་ཡེར་པའི་རྡོ་རང་བྱུང་གི་རྨང་དུ་སྐུའི་རྟེན་སྤྲེའུ་དམར་པོ་དང་། སེར་པོ་གཉིས་བཞེངས། གསུང་གི་རྟེན་དུ་ཡི་གེ་དྲུག་མ་འབུམ་བཞེངས། ཐུགས་ཀྱི་རྟེན་དུ་སའི་མཆོད་རྟེན་གསུམ་བཞེངས།ཆོས་སྐྱོང་སྲུང་མའི་རྟེན་དུ་ཤུག་པའི་ནགས་ཚལ་བཙུགས། ཏིང་ངེ་འཛིན་སྒོམ་པ་ལ་བྲག་ལྷ་འོད་ཀྱི་ཁང་བུ་བརྒྱ་རྩ་བརྒྱད་དུ་སྤྲུལ། བསམ་ཡས་ལ་སོགས་པའི་རྟེན་དུ་རི་བོ་སྒྲོལ་མར་སྤྲུལ།ཐམས་ཅད་དབང་དུ་བསྡུ་བའི་ཕྱིར་སྤང་རི་ཁྲོ་མོར་སྤྲུལ། ཉོན་མོངས་སོགས་བཞི་བརྒྱ་རྩ་བཞིའི་ན་རྣམས་ཞི་བའི་ཕྱིར། ཆུ་རྣམས་བདུད་རྩིར་བསྒྱུར།སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཚང་བས་རིན་ཆེན་གཏེར་གྱི་མཛོད་ལ་མངའ་བས་རྟག་ཏུ་བདེ་ལེགས་འབྱུང་། ཐ་གལ་གྱི་རྟོག་པ་ཞི། མཐོང་ཐོས་རིག་པས་ཐར་པའི་ས་ལ་འགོད། ཅེས་གསུངས་ནས། ཆོས་སྐྱོང་བའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དུ་གྱུར། ཐུགས་ཀ་ནས་འོད་ཟེར་བཀྱེ། སྔགས་ཕྱི་ནང་གི་ལྷ་ཚོགས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས།ཁྲོ་གཉེར་ཅན་དང་སྒྲོལ་མའི་ཐུགས་ཀ་ནས་མེ་ཏོག་གི་ཆར་བབས།ཡེར་པའི་བྲག་དང་ས་རྡོ་ལྷ་སྐུར་བཞེངས་ནམ་མཁའ་ནས་བཀྲ་ཤིས་པའི་སྒྲ་ལྡིར་རི་སྒྲོགས། ལྷ་འདྲེ་རྣམས་ཀྱིས་བཀའ་སྲུང་བྱེད་པར་ཁས་བླང་། དེར་འདུས་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ལུང་སྟན་ཐོབ་བོ་ཅེས་དང་། ཡང་སྤྲུལ་པའི་རྒྱལ་པོའི་ཞལ་ནས་ངའི་སྒྲུབ་གནས་དང་། རྟེན་མཆོད་ཀྱི་ཕྱོགས་སུ་འབུངས་པ་ནི། རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱས་པའོ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པའོ།སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་པའི་རྟེན་བཞེངས་པ་བས་ཡེར་པའི་སཱཙྪ་བཞེངས་པའམ།ཞིབ་གསོ་བྱེད་པ་སྟོབས་ཆེའོ། སྟོང་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུམ་འབུམ་ཕུལ་བ་བས། ཡེར་པར་མཆོད་པ་ཚར་གཅིག་ཕུལ་བ་སྟོབས་ཆེའོ་གཞན་དུ་ལོ་བརྒྱ་སྒོམ་པ་ལས། ཡེར་པར་ཞག་རེ་སྒོམ་པ་སྟོབས་ཆེའོ། ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། ལྷ་སའི་སྲོག་ཤིང་ཡེར་པ་ཡིན། ཡེར་པའི་རྟེན་མཆོད་མ་ཆག་ན། ལྷ་སའི་བསྟན་པ་ཡུན་གནས་སོ། ལྷ་སར་ས་གཡོས་པ་དང་བྱི་བ་དང་། མེ་དང་། ཆུ་དང་། རླུང་གིས་གནོད་པ་མི་སྐྱེལ་ལོ། ཡེར་པ་མ་ཞིག་ན། ལྷ་ས་གསོ་མཁན་རེའང་རྒྱུན་མ་ཆད་པ་འོང་ངོ་། ……ལྷ་སའི་གང་འདོད་ཐམས་ཅད་ཀུན། ཡེར་པ་གསོས་པ་ལས་འབྱུང་བར་འདོད་དོ། དེས་ན། ཡེར་པའི་ཞིག་གསོ་བྱེད་པ་ངོ་མཚར་ཆེ། ང་ལྷ་སའི་ཕྱོགས་སུ་གང་སྐྱེས་པ། ཡེར་པའི་ཕྱོགས་སུ་འབད་པ་ཡང་། ནུབ་བདེ་བ་ཅན་དུ་སླེབས་པ་དང་། ཡེར་པའི་ཕྱོགས་སུ་ལུས་བསྒུལ་ན་སྤྲུལ་སྐུ་ཐོབ། ངག་གིས་བསླབ་བྱ་བྱས་ན་ལོངས་སྐུ་ཐོབ། ཡེར་པ་གསོ་བའི་བསམ་པ་བྱུང་ན་ཆོས་སྐུ་ཐོབ་བོ་ཞེས་བཀའ་སྩལ་བ་ལྟར་རྒྱ་བཟའ་ཀོང་ཇོས་དཀར་ཆག་ཏུ་བཀོད་པ་དེ་ལྟར་ལགས་ཤིང་། ཡང་རྒྱལ་རབས་གསལ་བའི་མེ་ལོང་དང་།དཔྱིད་ཀྱི་རྒྱལ་མོ་གླུ་དབྱངས་སོགས་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཡང་། དེ་ནས་སྟོད་ལུང་རྨང་གི་ནང་ནས། མོང་བཟའ་ཁྲི་ལྕམ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་གུང་རི་གུང་བཙན་འཁྲུངས། ཡུམ་སྲས་དེ་གཉིས་ཀྱི་ཐུགས་དམ་རྟེན་དུ་ཡེར་པའི་གནས། རི་བྲག་གི་དབྱིབས་ནི་འཕགས་མ་སྒྲོལ་མ་བཞུགས་པ་འདྲ་བའི་པང་ནང་དུ་ལྷ་ཁང་དང་མཆོད་རྟེན་བཞེངས་ཏེ་རབ་ཏུ་གནས་པར་མཛད། རྭ་ས་འཁྲུལ་སྣང་གི་གཙུག་ལག་ཁང་དང་། བསྟན་པའི་སྲོག་རྩ་གཅིག་པར་ཡབ་ཀྱིས་སྨོན་ལན་བཏབ་བོཞེས་གསལ་བས་ཆོས་རྒྱལ་ཡབ་ཡུམ་སྲས་བཅས་རིམ་པས་ཡེར་པའི་དབེན་གནས་ལྷ་ཁང་གསར་དུ་བཏབ་ཅིང་བྱིན་གྱིས་བརླབས་པར་མཛད།

       དེ་བཞིན་སྤྱི་ལོ༧༦༠སྐོར་ལ་བྱོན་པའི་གསང་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་མཆེད་གསུམ་གྱིས་ཀྱང་ཡེར་པའི་སྒྲུབ་གནས་རྟེན་དང་བརྟེན་པར་བཅས་པ་ཡང་སྐྱར་བཞེངས་ཐོགསྒོམ་སྒྲུབ་བསམ་གཏན་ལ་གཞོལ་ཏེ་གྲུབ་པའི་གོ་འཕང་བརྙེ་པའི་ལོ་རྒྱུས་ཀྱང་སྣང་སྟེ། ཡེར་པའི་དཀར་ཆག་ལྷ་ལུང་རྡོ་རྗེ་དཔལ་ཞེས་པར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཆོས་འཁོར་ཡེར་པའི་དབང་དུ་བྱས་ན། དང་པོ་བྱ་དམར་རྒོད་ཀྱི་ཚང་། བར་དུ་ཚོང་འདུས་ཧོར་གྱི་གནས། མཐའ་མ་མཁས་བཙུན་འབྱུང་བའི་གནས། ལྷ་ལུང་དཔལ་གྱི་རྡོ་རྗེ་མི་སྐྱའི་མིང་། སྟག་ཉ་བཟང་བྱ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐྱེ་བ་བཞེས། རྒྱ་བོད་བྱེ་མ་ལ་ཐོག་ཏུ་རྒྱའི་དམག་རྣམས་བཏུལ།སྟོང་དེ་ན་མི་བསྐྱོད་པ་ཡོད་ལྷས་ཀྱི་ལྗང་ར་ན་སྤྱན་རས་གཟིགས་ཡོད། དེ་ཡན་ཆོད་ན་རྒྱ་ནག་པོ་ཡོད། དེ་མན་ཆད་ན་བོད་ཀྱི་མགུར་མོ་ཆེའི་དཔོན་ཉ་བཟང་བྱ་བ་ལགས།རྒྱ་དང་དམག་འཐབ་ནས་ཡོང་། མདུང་ཕྲག་པ་གཡས་དང་རྨོག་ཕྲག་པ་གཡོན་ལ་བཀལ་ནས་ཡོང་ཙ་ན། གོ་ཆ་རྣམས་ཕུད་རིན་པོ་ཆེའི་གཟུངས་ཀྱི་ནང་ན། བྲ་ཉེ་ལ་ནི་གང་སྐྱེས་པ། རྐང་པའི་རྨེ་བ་དམར་པོ་ཅན། ཤི་ནས་དམྱལ་བར་སྐྱེ་བར་འགྱུར། ཞེས་ཟེར་བ་ཐོས་པས། རྐང་མཐིལ་གྱི་སྲུལ་ལ་བལྟས་པས་རྨེ་བ་དམར་པོ་འདུག དེར་ཡབ་མཆེད་གཉིས། ཁོང་རང་དང་བཅས་སྤུན་གསུམ་བསམ་ཡས་ན་པཎྜི་ཏ་བཞུགས་པའི་སར་ཕྱིན། རབ་ཏུ་བྱུང་བའི་མཁན་པོ་སློབ་དཔོན་བཱི་མ་ལ་མི་ཏྲ་དང་། སློབ་དཔོན་པདྨ་སམ་བྷ་བ་ལས་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས། བཙུན་པ་དཔལ་གྱི་དབྱངས་དང་། དཔལ་གྱི་རྡོ་རྗེ། རབ་འབྱོར་དབང་པོ་བྱ་བ་གསུམ་སྐུ་མཆེད་ཡིན། དེ་གོང་སྒོམ་བྱ་དགོས་སྙམ་པ་ལ་མ་བྱུང་། དེ་ནས་གྲིབ་ཀྱི་དཀར་མོ་ལུང་དུ་བྲག་བྲུས་ཙན་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཆོས་གོས་ལྷགས་པས་འཁྱེར་ཏེ་ལྷ་རི་སྙིང་པོའི་རྩེ་ལ་ཤུག་པ་བྱ་ཕོ་ཙམ་གྱི་རྩེ་ལ་དཀྲིས་ནས་འདུགམཁས་པས་གཟིགས་པས།སྤྱིར་རི་འདི་ཇོ་མོ་སྒྲོལ་མའི་བཞུགས་ཚུལ་དང་འདྲ་བ་གཡས་བསྐུམ་གཡོན་བརྐྱང་པ། ཤར་རི་དཔུང་པ་འདྲ་བ། ནུབ་རི་རིན་ཆེན་བསྟར་ལ་སྦྲེལ་བ་འདྲ་བ། ལྷོ་ཞོལ་བ། བྱང་སྐྱིབས་པ། བྲག་བྱ་རྒོད་དཔུང་པ་འདྲ་བ། ཤུག་པའི་ནགས་སྙུག་ལོ་འདྲ་བ། ཡར་གྱི་གནམ་སྒོ་ཕྱེ་བ་འདྲ་བས་གྲུབ་པ་ཐོབ་པའི་གནས་སུ་བཟང་བར་གཟིགས། ཡབ་མཆེད་རྣམས་སྤྱ་དྲངས། འབངས་པོ་དང་གཉོས་གཉིས་བྱང་ཚྭ་ཁར་བཏང་། བྲག་ལྷོ་བྲག་ཕུག་བྲུས་པ་དང་། བྲན་སྲིན་ལངས། རྣལ་འབྱོར་ཕུག་གི་མཆོད་རྟེན་བཞེངས། མས་ཀྱི་ཀླུ་གཉན་ཡལ་བས་ཁང་གི་མཆོད་རྟེན་བཞེངས།ཕ་ཞང་བྲག་ལས་བྲག་སྲིན་ལངས་པས། བྲག་གུང་དཀར་པོའི་མཆོད་རྟེན་བཞེངས། བྲག་བྲེ་རེ་ལ་ཚྭ་བྲེ་རེ་སྦྱིན། དུས་དེ་ཙ་ན། རྒྱལ་ཁམས་གཞན་ན་ཆོས་བྱེད་པ་ནི་མེད།མི་ལོ་བཞི་བཅུ་རྩ་གཉིས་ཀྱི་ཆོས་སྟོན་དུ་གཉེར་བ་རྣམས་འཚོགས། མཆོད་གནས་བླ་མཆོད་ཚོ་གསུམ་ལས། རབ་ལ་སྐྱེ། འབྲིང་ལ་འབྱོན་པར་ཞུ། གཞན་རྣམས་ལ་གཡོག་པོས། ཕུག་རོ་སྒང་ནས་དུང་བུས་པས་ཁྱམས་ཁྲོ་མོར་བྱོན། དཔོན་སྣང་། གླང་མི་ཆེ་ཆུང་། སོག་པོ་མཐའ་བཞི། འ་ཞྭ། ཤར། དབྱེ་མ། རྨཱ། སྒྲགས་ལུང་། སུམ་པ་བཅས་འདི་རྣམས་ཀྱིས་སྒོམ་ཆེན་རྣམས་ལ་ཞབས་ཏོག་བྱེད། དུས་དེ་ཙ་ན། ཡེར་པར་བྲག་ཕུག་བརྒྱ་རྩ་བརྒྱད་དུ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་བྱུང་། དེ་དག་ལ་བཙུན་པ་དཔལ་གྱི་རྡོ་རྗེའི་འབངས་རྣམས་ཀྱིས་ཞབས་ཏོག་བྱས་སོགས་ཞེས་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་ཇི་ལྟར་བསྒྲལ་བའི་ལོ་རྒྱུས་ཀྱང་ཞིབ་ཏུ་འཁོད་འདུག དེ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡེར་པར་ཞབས་ཀྱིས་བཅགས། ཕྱག་མཁར་རྩེ་གསུམ་བྲག་ལ་བསྡིགས་པས་བྲག་ཕུག་སྒོ་གསུམ་དོད་པ་རྫུ་འཕྲུལ་གྱི་ཕུག་པར་གྲགས་དེར་སྒྲུབ་པ་མཛད།ཕྱི་རབས་ཀྱི་དོན་དུ་སྐུ་ཚབ་མཐོང་གྲོལ་ཆེ་མོ་འཇོག་པར་མཛད།

            བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་།ཇོ་རྡོག་འབྲོམ་གསུམ་སོགས་སྐྱེས་ཆེན་དམ་པ་དུ་མས་སྒྲུབ་གནས་མཛད་པ་ཡིན་ཏེ། ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་ནང་དུ། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་ཕྱག་བཏབ། ཇོ་བོ་རྗེ་སྤྱན་དྲངས་ནས་ཡེར་པ་བ་རང་དུ་བཞུགས།གནས་བསྟན་དད་པ་བླ་མས་ཇོ་བོའིགཟིམ་སྤྱིལ་དུ་གྲགས་པ་ཞིག་བརྩིགས།དེ་ནས་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཕེབས་ནས་ཇོ་བོ་ཡབ་སྲས་ཀྱིས་ལོ་གསུམ་རིང་།བྱང་ཆུབ་ལམ་གྱི་རིམ་པའི་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་ཟུང་འཇུག་སྒྲུབ་པའི་བར་གྱི་ལམ་འབྲས་བུ་དང་བཅས་པའི་དཀའ་གནད་རྣམས་བརྒལ་ཞིང་བརྟགས་པ་དང་། ལུང་དང་རིག་པས་མཐའ་གཅོད་པར་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོའི་ཡང་སྙིང་པོ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བ་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་གནང་།རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་གཉིས་ཀྱི་གསང་བ་ཐུན་མོང་མ་ཡིན་པའི་བཀོད་པ་རྣམས་སྟོན་པར་ཡང་ནས་ཡང་དུ་གསོལ་བ་བཏབ་པ་ན།འབྲོམ་རིན་པོ་ཆེའི་སྐྱེ་རབས་ཟབ་མོ་རྣམས་ཇོ་བོས་གསུངས་པས་བཀའ་གདམས་གླེགས་བམ་དུ་གྲགས་པ་མཛད་པ་ཡིན།ཞེས་དང་།གཞན་ཡང་ཇོ་བོ་རྗེའི་ཤངས་མཚལ་གྱིས་ཉི་ཀྱི་འདྲ་སྐུ་ཕྱག་བྲིས་མཛད་པ་ཡེར་པའི་ནང་རྟེན་དུ་བཞུགས་པ་བཅས་བཀའ་གདམས་བསྟན་པའི་མེས་པོ་ཇོ་རྔོག་འབྲོམ་གསུམ་གྱིས་ཡེར་པའི་དབེན་གནས་སུ་བསྟན་པའི་ཕྱག་རྗེས་བླ་ན་མེད་པས་བསྐྱངས་པ་ཡིན།

           ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོ་ནས་བཟུང་དབུས་གཙང་ཁུལ་དུ་རིམ་བཞིན་ཆོས་སྡེ་ཆེན་པོ་བཅུ་གསུམ་གསར་དུ་བཏབ་པའི་ཡ་གྱལ་ཡེར་པ་བྲག་གསེབ་ཏུའང་དགའ་ལྡན་གསང་སྔགས་ཡང་རྩེ་ཞེས་པ་ཨང་དང་གྲ་གྲངས་བརྒྱ་དང་དྲུག་ཅུ་སྐོར་བཞུགས་པའི་འདུས་སྡེ་ཆེན་པོ་བཏབ་ཅིང་།དཔལ་གསང་བ་འདུས་པའི་སྐྱེད་རྫོགས་སྒྲུབ་དཀྱིལ་ཆོས་སྲུང་སོགས་རྒྱུད་སྨད་དང་མཐུན་པའི་ཕྱག་ལེན་དང་། མ་ཎི་བུམ་སྒྲུབ། སྨན་བླ། ཚེས་བཅུའི་གར་འཆམ་སོགས་སྒྲུབ་མཆོད་ཁག་མང་གསར་འཛུགས་མཛད་པ་ནས་བཟུངས་འདུས་ཚོགས་གོང་འཕེལ་དང་།བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་དར་རྒྱས་སུ་ཡོད་པ་སོགས་གོང་དུ་དྲངས་པའི་ལོ་རྒྱུས་རིམ་ཅན་གྱི་ཐོག་ནས་ཡེར་པའི་དབེན་གནས་ནི་ཤིན་ཏུ་རྩ་ཆེན་ཡིན་པ་མ་ཟད།ཡུལ་ལྗོངས་མཛེས་སྡུག་ཕུན་སུམ་ཚོགས་པས་ཡུལ་བསྐོར་སྤྲོ་འཆམ་བྱ་ཡུལ་ཡང་བཟང་ཤོས་ཡིན་པའོ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060