གནས་ཡུལ། མདུན་ངོས། དབེན་གནས།
 
 
༄༅།།འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་ལོ་རྒྱུས།
སྤེལ་དུས།2008-06-04   ཡོང་ཁུངས་།   རྩོམ་པ་པོ། དཀོན་མཆོག་འཕེལ་རྒྱལ།

བྱང་ཆུབ་ཐུགས་མངའ་ས།།
བྱང་སེམས་འབུམ་ཕྲག་བྱེ་བའི་ཚོགས་བསྐྱངས་ཤིང་།།
རིན་ཆེན་དཔལ་མཆོག་གིབྱང་ཆེན་སྒྲུབ་པའི་འདུས་སྡེ་ཆེན་པོ་སྟེ།།
བྱང་ཆུབ་གླིང་དེར་དད་པས་གུས་ཕྱག་འཚལ།།
ཚུལ་གནས་ཐོས་བསམ་ཡངས་པའི་རྒྱ་མཚོ་རུ།།
རིམ་གཉིས་སྒྲུབ་པའི་ནོར་བུས་བྱུར་བལྟམས་ཤིང་།།
འགྲོ་ཕན་ཐུགས་རྗེའི་འོད་སྣང་རབ་འཕྲོ་བས།།
རིན་ཆེན་བྱང་ཆུབ་གླིང་དེར་དང་བས་བསྟོད་།།

    དེ་ཡང་བསིལ་ལྡན་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་ཀྱི་འོད་སྣང་ཤར་ནས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་བསྟན་འགྲོའི་དོན་དུ་དགོན་གནས་མང་དུ་འདེབས་པར་མཛད་ཅིང་། དེང་འདིར་གང་གླེང་བ་བྱ་བ་ནི་སངས་རྒྱས་འཁོར་བ་འཇིག་དགེ་བའི་བཤེས་གཉེན་གྱི་སྐུར་སྟོན་པ་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཞེས་པ་འཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་ལས་གྱེས་པའི་བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པའི་ནང་ཚན་དཔལ་མཉམ་མེད་འབྲི་གུང་བཀའ་བརྒྱུད་ཀྱི་ཐོག་མའི་གདན་ས་འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་ལོ་རྒྱུས་རོབས་ཙམ་འགོད་རྒྱུ་ཡིན།འདུས་སྡེ་འདི་ཉིད་ཆགས་ཡུལ་ནི་གངས་ལྗོངས་ས་ཡི་ཐིག་ལེ་ལྷ་སའི་ཤར་ངོས་ལེ་དབར་བརྒྱ་དང་ལྔ་བཅུ་ལྷག་གི་སར་ཡོད། སྔར་ས་དེར་དབུ་རུ་སྟོད་དང་། གཞོ་སྟོད་གཞུ་རོང་སོགས་བརྗོད་ཅིང་། ﹙དེང་སྐབས་སྲིད་འཛིན་གྱི་ས་ཁོངས་ལྟར་དབྱེ་ན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཆུས་ཀྱི་ཁོངས་ཡིན་﹚ཁུལ་དེའི་ས་ཆའི་མཐོ་ཚད་རྒྱ་མཚོའི་ངོས་ལས་ལེ་དབར་4500ཙམ་ཡིན། དེ་ཡང་བརྗིད་ཞིང་ལྷུན་ཆགས་པའི་ས་འཛིན་གྱི་སྤོ་ལ་དྲི་བསུང་དངར་ཆིམ་ཆིམ་གྱི་སེ་བའི་ཁྲི་ཤིང་གི་ཁྲོད་དུ། གཙུག་ལག་ཁང་དང་བསམ་གཏན་གྱི་ཁང་བུས་མཛེས་པར་བརྒྱན་པ་ནི་ཇི་ལྟར་ཀུན་གསལ་གྱི་ལམ་དུ་རྒྱུ་སྐར་ཕྲེང་བས་བརྒྱན་པ་ལྟར་སྐྱེ་བོ་ཚང་མའི་ཡིད་དབང་འཕྲོག་ནུས་པ་ཞིག་ཡོད་པ་ཀུན་གྱི་འདྲེན་བྱེད་ཡུལ་དུ་གྱུར་པ་ཞིག་ཡིན་རུང་། ཐུན་མོང་མ་ཡིན་པ་གནས་ཀྱི་ངོ་མཚར་བཀོད་པ་ནི་ས་གཞིའི་དབྱིབས་པདྨ་འདབ་བརྒྱད་དང་། གནམ་འཁོར་ལོ་རྩིབས་བརྒྱད། ཤར་རྒྱ་སྟག་ཁྲ་བོ། ལྷོ་གཡུ་འབྲུག་སྔོན་པོ། ནུབ་བྱ་དམར་པོ། བྱང་རུས་སྦལ་རྒྱ་བོ་བཅས་ཀྱི་ས་དཔྱད་ཚང་བ། རྒྱབ་རི་འཕགས་པའི་གནས་བརྟན་བཅུ་དྲུག་གི་རང་བྱོན་བཀོད་པ་ཤིན་ཏུ་གསལ་བ་དང་། ཁོར་ཡུག་གི་རི་བྲག་རྣམས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མ་མངོན་པར་བཀྲ་བ། གཡོན་དུ་ཕྱུག་པོ་རི་ཛཾ་བྷ་ལྷ་ནོར་བུ་པང་དུ་བཏེགས་ནས་གླིང་རིན་པོ་ཆེར་འབུལ་བའི་ཚུལ་དུ་ཡོད་པ། མདུན་དུ་དཔལ་ཡེ་ཤེས་མགོན་པོའི་བླ་རི་རྒྱལ་པོ་ཁྲི་ལ་བཞུགས་པ་ལྟ་བུ། གཡས་སུ་ཞིང་སྐྱོང་རི་དམག་དཔོན་གཡུལ་དུ་ཆས་པ་འདྲ་བ། དགོན་པའི་མདུན་དུ་དྭངས་ཤིང་གཙང་པའི་ཆུ་བོ་དེ་དགུན་དུས་དགོན་པའི་ཐད་ཀར་འཁྱག་པ་མི་ཐེབས་པ་ཡོན་ཆབ་ཀྱི་ཚུལ་དུ་གནས་པ་སོགས་ངོ་མཚར་བ་ཡོད། དམ་པའི་སྐྱེ་བུ་རྣམས་ཀྱི་གཟིགས་ངོར་གླིང་འདི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་ཀྱི་སྐོར་བ། གཞན་ཡང་བྱ་རྒོད་ཕུང་པོའི་རི་སོགས་གཟིགས་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་ཁུངས་ལྡན་གྱི་རྣམ་ཐར་དང་ལོ་རྒྱུས་སོགས་ནང་གསལ།
གདན་ས་ཕྱག་འདེབས་མཁན་ནི། སྤྲིན་ཆེན་པོའི་མདོ་ལ་སོགས་པ་མདོ་རྒྱུད་ཉི་ཤུ་ལྷག་ནང་ལུང་གིས་ཟིན་ཅིང་། འཕགས་ཡུལ་དཔལ་མགོན་ཀླུ་གྲུབ་ཀྱི་སྤྲུལ་པར་ཞལ་གྱི་བཞེས་པ། དཔལ་ཕག་མོ་གྲུ་པར་སློབ་མ་གདུགས་ཐོབ་པ་ལྔ་བརྒྱ་ཡོད་པའི་ནང་གི་པད་དཀར་ལྟར་ཡོངས་སུ་བསྔགས་པ་བདག་ཉིད་ཆེན་པོ་སྐྱུ་ར་སྐྱོབ་པ་རིན་ཆེན་དཔལ་ཡིན།
       དེ་ཡང་འགྲོ་མགོན་ཕག་མོ་གྲུ་པ་སྐུ་གཤེགས་རྗེས་སྐྱོབ་པ་རིན་ཆེན་དཔལ་གྱིས་ཕག་གྲུའི་གདན་ས་སྐྱོང་སྐབས། འདུལ་ཁྲིམས་ལ་ཤིན་ཏུ་གཅེས་པར་མཛད། ཉིན་ཞིག་གྲྭ་པ་འགས་ངེད་མི་ལ་རས་པའི་ཚ་བོ་ཡིན་ཞེས་ཆང་བཏུངས་པར་ཚོགས་སུ་བཀའ་སྐྱོན་གནང་བས། གྲྭ་པ་འགས་བསྐུར་འདེབས་བྱས། དེའི་སྐབས་ཕག་མོ་གྲུ་པ་མདུན་གྱི་ནམ་མཁར་དངོས་སུ་བྱོན་ཏེ། “བུ་ཁྱོད་ཟ་འོག་གི་འབོལ་རྙིང་པ་འདི་བསྐྱུར་ལ་དབུ་རུ་བྱང་ཕྱོགས་སུ་སོང་དང་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་”ཞེས་བཀའ་སྩལ་པར་བླ་མའི་ལུང་བསྟན་གྱི་དོན་ལྟར་བྱང་ཕྱོགས་བརྒྱུད་དེ་མཐར་འབྲི་གུང་དུ་ཕེབས་སྐབས་རྗན་ཐང་དུ་བྱིས་པ་རྣམས་ཀྱིས་བཞུགས་ཁྲི་བརྩིགས་ནས་ཕུལ་བས་རྟེན་འབྲེལ་ཁྱད་པར་ཅན་འགྲིགས། དེ་ནས་འབྲི་གུང་མཐིལ་དུ་རྟོགས་ལྡན་མི་ཉག་སྒོམ་རིན་གྱི་དགོན་པ་ཉེ་གནས་ཀྱིས་ཕུལ་བ་དེར་ཕྱག་ཕེབས་ནས་བྲག་རིན་ཆེན་ཕུག་པ་﹙བྲག་ལེ་དཀར་ཆུང་﹚ཞེས་པ་དེར་བཞུགས་ཏེ་རིམ་བཞིན་འདུས་ཚོགས་རྒྱས་པར་གྱུར།
      དེ་ནས་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་﹙1179འབྲི་གུང་སྐྱོབ་པ་དགུང་ལོ་37ལ་ཕེབས་སྐབས།﹚དབོན་སྒོམ་པ་རྡོ་རྗེ་སེང་གེ་འཕྲིན་ལས་ཀྱི་བྱེད་པོར་བཀོད་ནས། དད་ལྡན་རྣམས་ཀྱིས་མཐུན་རྐྱེན་སྦྱར་བའི་འོག་དགོན་གནས་འདེབས་པར་མཛད། ནང་ལྟར་ན་ཀླུ་མལ་གྲོ་གཟི་སྦྱིན་གྱིས་སྦྱིན་བདག་ཞུས་པ་དང་། བོད་ཀྱི་ལྷ་ཆེན་བར་ལྷ་དང་། བཙན་རྒོད་སོག་ར། ཆུ་འཕེན་ཀླུ་དབང་། གཏེར་སྒྲོམ་སྨན་མོ། ཙོག་སྣ་རྣམ་རྒྱལ་དཀར་པོ་བཅས་ཀྱིས་སྐྱོབ་པའི་དྲུང་ནས་དགེ་གཉེན་གྱི་སྡོམ་པ་ཞུས་ཏེ་བར་ལྷས་ས་དཀར་དང་། སོག་རས་ས་དམར། སྨན་མོས་ཞལ་བའི་ས། ཆུ་འཕེན་གྱིས་ཆུ་ཕུལ་བ་སོགས་གཙུག་ལག་ཁང་བཞེངས་པའི་མཐུན་རྐྱེན་སྒྲུབ་པ་སྔར་གྱི་ལོ་རྒྱུས་དག་ལས་གསལ།
བྱེ་བྲག་གཙུག་ལག་ཁང་སོ་སོའི་བྱུང་ཚུལ་རོབ་ཙབ་གླེང་བ་ནི།
     1.གསེར་ཁང་གཙུག་ལག་ཁང་ནི་རྒྱ་ཁྱོན་ཀ་རིང་བཅུ་དྲུག་དང་། འོག་ཁང་། ཐིགས་ཁང་། བར་ཁང་བཅས་ཁྱོན་ཀ་བ་བརྒྱད་ཅུ་ཙམ་ཡོད་ལ། སྟེང་དུ་འཛམ་བུ་ཆུ་གསེར་ལས་བསྐྲུན་པའི་རྒྱ་ཕིབ། གསེར་ཟངས་ཀྱི་གྷན་ཇི་ར་དང་། རྒྱལ་མཚན། གདུགས་བཅས་ཀྱིས་མཛེས་པར་རྒྱན། གཙུག་ལག་ཁང་ནང་བཞུགས་སུ་གསོལ་བ་ནི་རྗེ་སྐྱོབ་པའི་འབྲལ་སྤངས་སུ་མཛད་པའི་ཕག་གྲུའི་སྐུ་དངུལ་ལས་གྲུབ་པ་དྲན་པ་གསལ་བྱེད་ཞེས་པ་དང་། གསུང་རྟེན་རིན་ཆེན་གྱི་ཁུ་བས་བྲིས་པའི་འདུལ་བའི་གླེགས་བམ། ཐུགས་རྟེན་སྨན་འཇིམ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན། གྲུབ་ཆེན་མགར་གྱིས་བཞེངས་པའི་སྐྱོབ་པ་ཆོས་རྗེ་བླ་མའི་འདྲ་སྐུ་ང་འདྲ་མ་ཞེས་པ་དེ་བཞིན་བཤེགས་པའི་ཚེམས་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཟུངས་སུ་བཞུགས་ལ་གསུང་བྱོན་མ་དང་། དེའི་དབུ་གདུགས་སུ་རིན་ཆེན་དང་གཉིས་ལས་བསྐྲུན་པའི་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་རིན་ཆེན་དུ་མའི་ཕྲས་བརྒྱན་པ། འདྲ་སྐུ་རིན་པོ་ཆེའི་གཡོན་དུ་འབྲི་གུང་གདན་རབས་བཅོ་ལྔ་པ་ཀུན་དགའ་རིན་ཆེན་གྱི་འདྲ་སྐུ། བེ་ཌུར་ཡའི་ལྷུང་བཟེད་དང་། མུ་ཏིག་གིས་བསྟར་བའི་སྒོམ་ཞྭ་བསྣབས་པ། གསེར་ཟངས་ཀྱི་དབུ་གདུགས་ལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གསལ་བར་བརྐོས་པ། གཡས་སུ་གདན་རབས་བཅོ་བརྒྱད་པ་པཎ་ཆེན་དཔལ་གྱི་རྒྱ་མཚོའི་འདྲ་སྐུ་། དེའི་དབུ་གདུགས་གསེར་ཟངས་ལ་བདེ་མཆོག་གི་དཀྱིལ་འཁོར་ཡོད་པ། གོང་གསལ་འདྲ་སྐུ་གསུམ་ལ་རྫོགས་ཆེན་དོན་གྲུབ་སྐལ་བཟང་གྱིས་ཕུལ་བའི་གསེར་ཟངས་ཀྱི་སེང་ཁྲི་རིན་པ་ཆེའི་ཕྲ་ཡིས་བརྒྱན་པ། གཡོན་དུ་ཀུན་དགའ་རིན་ཆེན་གྱི་གདུང་རྟེན་བྱང་ཆུབ་མཆོད་རྟེན་སྒོ་ཁྱིམ་དུ་མུ་ཏིག་གིས་བསྟར་བའི་ཐུབ་དབང་གི་སྐུ་དང་བར་རིམ་རྣམས་སུ་རིན་ཆེན་དུ་མས་ཕྲ་བཀོད་པ། དེའི་གཡས་སུ་ལྷོ་འཕྲིན་ལས་རྣམ་རྒྱལ་གྱི་གདུང་རྟེན་རིན་ཆེན་དང་གཉིས་ལས་སྐྲུན་པ་སྒོ་ཁྱིམ་ནང་སྐྱོབ་པ་རིན་པོ་ཆེའི་ཚེམས་བཞུགས་པ་ཕྲ་རྒྱན་གྱིས་ཕྱུག་པ་ཐོག་ཚད་མ་གཅིག དེའི་གཡོན་གྱི་ཀ་གདོང་དུ་ཡོན་བདག་གྲུབ་ཚས་བཞེངས་པའི་སྐྱོབ་པ་འདྲེ་འདུལ་མ་ཞེས་གདོན་བགེགས་སེལ་བ་ལ་མཆོག་ཏུ་མངགས་པ་དེ་དང་། མཆོད་ཁང་གཡས་སུ་སྐུ་རྒྱུ་སྨན་འཇིམ་ལས་གྲུབ་པའི་ཐུབ་པའི་དབང་པོ་གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི། དཔལ་ཡེ་ཤེས་མགོན་པོ་གཙོ་འཁོར་དང་བཅས་པ་བཟོ་སྤུས་ཤིན་ཏུ་ལེགས་པ་དང་། ཡང་རྒྱལ་དབང་ཀུན་དགའ་རིན་ཆེན་གྱིས་བཞེངས་པའི་སྐུ་རྒྱུ་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་ཐུབ་དབང་དང་། ཙནྡ་དཀར་པོ་ལས་གྲུབ་པའི་འཕགས་པའི་གནས་བརྟན་བཅུ་དྲུག་གི་སྣང་བརྙན་བྲག་རི་དང་བཅས་པ། ་གོར་ཤཱི་ལས་གྲུབ་པའི་སྟོན་པའི་མཛད་པ་བཅུ་གཉིས་བྱོན་གཙང་བཞུགས། ཡང་རྒྱུ་ཛྷེེ་ཀྵིམ་ལས་གྲུབ་པའི་རྡོ་རྗེ་གདན་གྱི་བཀོད་པ་དང་། ཆོས་རྗེ་སྐྱོབ་པའི་འདྲ་སྐུ་མདའ་ཚད་མ། རྡོ་རྗེ་འཆང་ནས་བརྒྱུད་པའི་བཀའ་བརྒྱུད་བླ་རབས་ཡོངས་རྫོགས་ཀྱི་སྐུ་བརྙན་གསེར་དངུལ་ཛྷེེ་ཀྵིམ་ལས་གྲུབ་པ་ཁྲུ་གང་ཡན་བརྒྱ་སྐོར་དང་། གཞན་ཡང་རྒྱ་ལི་བོད་ལི་བལ་ལི་སོགས་ལི་མའི་སྐུ་རྐང་གང་ནས་ཁྲུ་གང་ལྷག་ཙམ་ཡོད་པ་སུམ་བརྒྱ་ལྷག་དང་། པད་སྤུངས་མཆོད་རྟེན་དང་། བྱང་ཆུབ་ཆོད་རྟེན་གི་ཉི་ཤུ་རྩ་ལྔ་སྐོར་ཡོད། ཞལ་ནུབ་ཏུ་ཕྱོགས་པའི་ཀུན་དགའ་རྭ་བ་ཤིན་ཏུ་མཐོ་བའི་ནང་མཐིང་ཤོག་ལ་གསེར་ཆུས་བྲིས་པ། དབུ་ཤོག་རྣམས་སུ་རིན་པོ་ཆེའི་ཕྲ་བསྟར་བའི་ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་དབུས་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་འབུམ་པོད་200སྐོར་བཞུགས། ནང་རྟེན་སངས་རྒྱས་གླང་པོའི་གདུང་རུས་སངས་རྒྱས་བྱང་སེམས་ཀྱི་རང་བྱོན་ཤིན་ཏུ་གསལ་བ། སློབ་དཔོན་པདྨ་ཀ་རའི་ཕྱག་མཚན་གསེར་གྱི་རྡོ་རྗེ། རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་ཐུགས་དམ་རྟེན་ཙནྡ་དཀར་དམར་ལས་བསྐྲུན་པའི་ཕག་མོའི་བློས་བླངས་ཀྱི་དཀྱིལ་འཁོར། རྒྱ་ནག་རྒྱལ་པོས་ཕུལ་བའི་གསེར་ལ་མུ་ཏིག་གིས་བརྒྱན་པའི་རིལ་བ་སྤྱི་བླུགས་དང་མུ་ཏིག་གི་ཐང་ག སྟོད་ལ་རྩེ་རྒྱལ་པོའི་ཐུགས་དམ་གྱི་རྟེན་དངུལ་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ། སྒོ་ཁྱིམ་ནང་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སྲན་མ་ཙམ་བཞུགས་སུ་གསོལ་བའི་གསེར་དང་དངུལ་ལས་བསྐྲུན་པའི་བྱང་ཆུབ་མཆོད་རྟེན། རྗེ་རིགས་འཛིན་ཆོས་གྲགས་ཀྱི་དབུ་ལོ་བུབས་ཚང་བཞུགས་པའི་ཨོ་རྒྱན་རིན་པོ་ཆེའི་འདྲ་སྐུ། སྨིན་མཚམས་སུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སྲན་རྡོག་ཙམ་ཡོད་པའི་ཐུབ་དབང་ལོངས་སྤྱོད་རྫོགས་པའི་སྐུ། སྐྱབས་རྗེ་ཤནྟ་མ་ཏིའི་ཐུགས་དམ་གྱི་རྟེན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པིའ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། ཆོས་རྗེ་སྐྱོབ་པ་རིན་པོ་ཆེ། བསྟན་སྲུང་ཆོས་ཀྱི་སྒྲོན་མའི་འདྲ་སྐུ་མདའ་ཚད་གང་ཙམ་ཡོད་པ་བཟོ་སྤུས་ཤིན་ཏུ་ལེགས་པ། ཀླུ་རྒྱལ་གཟི་ཆེན་གྱིས་ཕུལ་བའི་བཞུགས་ཁྲི་དང་། ཀླུའི་ནོར་རྫས་རྒྱུ་གང་ཡིན་སུས་ཀྱང་བརྗོད་མི་ནུས་པའི་ཏིང་མོ་ཆེ་ཞེས་ཏིང་རེར་ཆུ་བན་གང་ཙམ་འགྲོ་བའི་མཆོད་ཏིང་བདུན་ཚར་གཉིས། གཞན་ཡང་ཁྱུང་གི་སྡེར་མོ་དང་། གླང་ཆེན་གྱི་མཆེ་བ་སོགས་རྟེན་རྫས་བསམ་གྱིས་མི་ཁྱབ་པ། གོང་མ་རིམ་བྱོན་ནས་སྩལ་བའི་འཇའ་ས་བཀའ་རྟེན་སོགས་ཀྱང་བཞུགས། གཙུག་ལག་ཁང་འདི་ཉིད་སྲུང་ཞིང་བྱ་ར་མཛད་པོ་ཀླུ་རྒྱལ་མལ་གྲོ་གཟི་ཆེན་ཉིད་དོ།
     2.གསེར་ཁང་འོག་མའམ་འདུ་ཁང་ནི་ཀ་བ་བཅུ་དྲུག་ལ་སྒོ་སྐྱོར། འོག་ཁང་མདུན་ངོས་ཀྱི་གཟིམ་སྤྱིལ་གསོལ་ཐབ་སོགས་ཁོར་ཡུག་སྡོམ་ཀ་བ་བརྒྱ་སྐོར་ཡོད།
    འདུ་ཁང་ནང་བཞུགས་སུ་གསོལ་བའི་རྟེན་གྱི་གཙོ་བོ་ཆོས་རྒྱལ་རིན་ཆེན་དཔལ་བཟང་གི་ཐུགས་དམ་རྟེན་རིག་བྱེད་མཁས་པའི་དབང་པོ་སྣེའུ་ཆུང་བསོད་ནམས་བྱ་བས་བཞེངས་པ་རྒྱུ་རིན་ཆེན་སྣ་བདུན་ལས་གྲུབ་པའི་རྡོ་རྗེ་འཆང་གི་འདྲ་སྐུ་ཐོག་ཚད་ཕྱེད་ཙམ་ཡོད་པ་ཞིག་དང་། དེའི་གཡས་སུ་གནུབས་ཆོས་སྒོ་བའི་རྟེན་གྲས་གསེར་ཟངས་ཀྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། ཆོས་རྗེ་འཛམ་གླིང་གྲགས་པ། སྐྱོབ་པ་འཇིག་རྟེན་མགོན་པོའི་འདྲ་སྐུ་གཞུ་འདོམས་གང་ལས་ལྷག་པ་ཡོད། སྐུ་ཚད་དེ་དག་དང་འདྲ་བ་སྐྱབས་མགོན་ཞི་བའི་བློ་གྲོས་ཀྱིས་བཞེངས་པའི་སྐུ་རྒྱུ་སྨན་འཇིམ་ལས་གྲུ་བ་པའི་ཀུན་རིགས་རྣམ་པར་སྣང་མཛད་དང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་མཁན་ཆེན་གྱི་འདྲ་སྐུ། ཆོས་རྒྱལ་རིན་ཆེན་དཔལ་བཟང་གིས་བཞེངས་པའི་བཀའ་འགྱུར་གསེར་བྲིས་མ་དང་། གྲ་ཚང་གི་བཀའ་འགྱུར་པར་མ་བཅས་བཞུགས།
གཡོན་ཕྱོགས་སུ་རྗེ་ཉེར་བརྒྱད་པའི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་སྐུ་ལི་མ་དང་། བཀྲ་ཤིས་ལྗོངས་ནས་གདན་དྲངས་པའི་གསེར་ཟངས་ལས་གྲུབ་པའི་ཉེར་བརྒྱད་པའི་འདྲ་སྐུ། དཀོན་མཆོག་རིན་ཆེན་གྱིས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་། འཇམ་མགོན་རྒྱལ་བ་ཙོང་ཁ་བས་སྤྱན་སྔ་རིན་པོ་ཆེར་ཕུལ་བའི་གསེར་ཟངས་ཀྱི་བྱམས་པ་མགོན་པོའི་སྐུ་དགའ་ལྡན་རྟེན་ཕུད་ཞེས་པ་བཅས་ཐོག་ཚད་གཅིག་མ་ལོན་ཙམ་ཡོད། སྐུ་རྒྱུ་ཙནྡ་ལས་གྲུབ་པའི་ཉེ་སྲས་བརྒྱད་གསེར་དངུལ་རིན་ཆེན་དུ་མའི་ཕྲས་ཕྱུག་པ། དེའི་གཤམ་དུ་ཚལ་གྱིས་བྲིས་པའི་བཀའ་འགྱུར་དང་རྙིང་མ་རྒྱུད་འབུམ་བཅས་བཞུགས།
      གོང་གསལ་རྟེན་དེ་དག་གི་སྐུ་རྒྱབ་ཏུ་དྲ་མིག་མཐོ་ཚད་རྐང་གང་ལས་ལྷག་པའི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བརྒྱ་ལས་བརྒལ་བ་བཞུགས་སོ། དེ་ཉིད་སྲུང་ཞིང་བྱ་ར་མཛད་པོ་ནི་དམ་ཅན་རྡོ་རྗེ་ལེགས་པའོ།
      3.གཙུག་ལག་ཁང་ཆེན་པོ་མི་འགྱུར་རྡོ་རྗེའི་གདན་ནམ་ཡོངས་གྲགས་སུ་སྒོ་ཁང་ཞེས་པ། མཐོ་ཚད་ཐོག་ཚད་ལྔ་ཙམ་ཡོད་པར་ཀ་རིང་ཉི་ཤུ་རྩ་བརྒྱད་དང་། ཐོག་ཁང་ཐིག་ཁང་ཀ་བ་ཉི་ཤུ་རྩ་བརྒྱད་ཀྱི་རྒྱ་ཁྱོན་དང་། གཙུག་ལག་ཁང་གི་ཡང་སྟེང་དུ་གསེར་ཟངས་ཀྱི་མདའ་ཡབ་ཆུ་སྲིན་གྱིས་བརྒྱན་པ་བརྗིད་ཅིང་ལྷུན་ཆགས་པའོ།
      གཙུག་ལག་ཁང་ནང་བཞུགས་སུ་གསོལ་བའི་རྟེན་གཙོ་སྤྱན་སྔ་འབྲི་གུང་གླིང་པ་ཤེས་རབ་འབྱུང་གནས་ཀྱིས་དབུས་བུ་ཆེན་རྣམས་ཀྱིས་སྐྱོབ་པ་རིན་པོ་ཆེའི་དགོངས་རྫོགས་སུ་བཞེངས་པ་ཆོས་རྗེ་སྐྱོབ་པ་ཉིད་ཀྱི་ཐུགས་དང་རིང་བསྲེལ་གྱིས་གཙོས་དེ་བཞིན་གཤེགས་པའི་འཕེལ་གདུང་སོགས་དམ་རྫས་ཁྱད་པར་ཅན་དཔག་ཏུ་མེད་པ་བཞུགས་པའི་བདག་ཅན་གི་སྟོན་པ་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་སེང་ཁྲི་པད་གདན་དང་བཅས་ཐོག་ཚད་བཞི་ཙམ་ཡོད་པ། སྔར་གླིང་ལོག་སྐབས་མེ་ཐུབ་ཏུ་བཞུགས་པས་ཐུབ་པ་མེ་ཐུབ་མའམ་ཁམས་གསུམ་ཟིལ་གནོན་ཞེས་གྲགས་པ་དེ་དང་། གཡས་སུ། དངུལ་གར་བླུག་ལས་གྲུབ་པའི་པད་སྤུངས་མཆོད་རྟེན་རིན་ཆེན་དུ་མས་བརྒྱན་པ་རྒྱལ་སྲས་ཐོག་ཁ་བའི་གདུང་རྟེན་ཐོག་ཚད་གཉིས་ཙམ་པ། ཆོས་རྒྱལ་རིན་ཆེན་དཔལ་བཟང་གི་དགོངས་རྫོགས་སུ་རིགས་སྲས་རིན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་བཞེངས་པའི་ཐུབ་པ་ཕྱོགས་ལས་རྣམ་རྒྱལ། ཝམ་རིན་ཆེན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་གྱི་རྟེན་སྟོན་པ་ཟས་གཙང་གི་སྐུ་བརྙན། ཆོས་རྗེ་གཅུང་རིན་པོ་ཆེའི་ནང་རྟེན་དུ་བཞེངས་པ་རྒྱལ་བ་ཉི་མའི་གཉེན་གྱི་སྐུ་བརྙན། གུ་ཤྲི་དོན་གྲུབ་རྒྱལ་པོའི་ནང་རྟེན་དུ་བཞེངས་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྣང་བརྙན་བདུད་འདུལ་མར་གྲགས་པ། ཆོས་རྗེ་དབང་རིན་པོ་ཆེའི་དགོངས་རྫོགས་སུ་བཞེངས་པ་སྐུ་ཁྲུས་ནམ་གསོལ་བའི་ཚེ་ནམ་མཁའ་ནས་ཆར་གྱི་རྒྱུན་བབས་པ་ཐུབ་པ་ཆར་འབེབས་མ་ཞེས་པ་བཅས་གསེར་ཟངས་ལས་གྲུབ་པའི་སྐུ་དག་བཞུགས།
     གཡོན་ཕྱོགས་སུ། བཅུ་གཉིས་པ་རྡོ་རྗེ་རིན་ཆེན་གྱིས་བཞེངས་པའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཐོག་ཚད་བཞི་ལྷག་ཙམ་བྱས་པ། གཞན་ཡང་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་སྐུ་བརྙན་ཉི་བརྒྱ་དང་ལྔ་བཅུས་སྐོར་བཞུགས་པ་དབུ་གདུགས་གསེར་ཟངས་ལས་གྲུབ་པ་འཁོར་ལོ་སྡོམ་པལྷ་ལྔའི་དཀྱིལ་འཁོར་ཡོད་པ། མདུན་དུ་ཉེར་གཉིས་པ་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་གྱི་རྟེན་དག་པ་ཤྲིའི་མཆོད་སྡོང་ཐོག་ཚད་བཞི་ཙམ་ལྷ་ཉི་སྟོང་གསུམ་བརྒྱས་སྐོར་བ། དབུ་གདུགས་གསེར་ཟངས་ལས་གྲུབ་པ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིས་འཁོར་བརྐོས་པ། དེའི་གཡོན་དུ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོའི་དགོངས་རྫོགས་སུ་བཞེངས་པའི་སྒོ་མང་མཆོད་རྟེན་རྒྱལ་བ་རྒྱ་མཚོའི་སྐུ་དཔག་ཏུ་མེད་པས་བལྟམས་པ། དེའི་གཡོན་དུ་རྗེ་རིན་ཆེན་རྣམ་རྒྱལ་གྱི་སྐུ་གདུང་ཧྲིལ་པོར་བཞུགས་པའི་དངུལ་གདུང་བྱང་ཆུབ་མཆོད་རྟེན། དེའི་གཡོན་དུ་བཤེས་གཉེན་དོན་གྲུབ་རྒྱལ་པོས་བཞེངས་པའི་བཀྲ་ཤིས་སྒོ་མང་གི་﹙མཆོད་རྟེན་ཐོག་ཚད་བཞི་ཙམ་ལ་﹚སྐུ་བརྙན་ཉི་སྟོང་ལྔ་བརྒྱ་ཉི་ཤུས་སྐོར་བ། དབུའི་གསེར་གདུགས་བདེ་མཆོག་གི་དཀྱིལ་འཁོར་མངོན་པར་བཀྲ་བ།
      དབུས་སུ་བཞུགས་པ་རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་ཐུགས་དམ་གྱི་རྟེན་མཉམ་མེད་སྐྱོབ་པ་རིན་པོ་ཆེ་ཉིད་ཀྱི་ཁྱད་ཆོས་སུ་གྱུར་པ་རརྣ་ཙརྱའི་མཆོད་སྡོང་ཆེན་པོ་སྒོ་མང་གཞན་ལས་ཆེས་འཕཊ་པ་གཞལ་ཡས་ཁང་གི་རྣམ་ཅན་ཟུར་རིང་། ཟུར་ཐུང་། ངོ་རིང་། ངོ་ཐུང་། བར་བར་འདེགས་བྱེད་ཀྱི་ཀ་བས་བརྒྱུན་པ། བང་རིམ་རྣམས་སུ་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། བྱང་སེམས། མཁའ་འགྲོ། ཆོས་སྐྱོང་སོགས་ཀྱི་སྐུ་སུམ་སྟོང་བརྒྱད་བརྒྱས་བསྐོར་བ། མཆོད་རྟེན་གྱི་དབུ་ཏོག་ཉི་ཟླའི་རྩེར་ཆོས་རྗེ་རིན་ཆེན་དཔལ་གྱི་དངུལ་སྐུ་མཐོང་གྲོལ་མ་བཅས་བཟོ་བཀོད་ཁྱད་དུ་འཕགས་པ་ཐོག་ཚད་བཞི་ལྷག་ཙམ་ཡོད་པར་འབྲི་གུང་གཡུ་མོ་ཆེ་སོགས་རིན་ཆེན་དུ་མའི་ཕྲས་སྤུད་པ་དབུའི་གསེར་གདུགས་སུ་འཁོར་ལོ་སྡོམ་པ་ལྷན་སྐྱེས་དྲུག་ཅུ་མའི་དཀྱིལ་འཁོར་གསལ་བར་བརྐོས་པ། ཀ་གདོང་དུ་ཆོས་རྗེ་སྐྱོབ་པའི་བཞུགས་ཁྲི་སྨུག་ཆུང་ཞེས་པའི་སྟེང་དུ་རྗེ་ཉིད་ཀྱི་སྐུ་བརྙན་ཆོས་རྗེ་བླ་མར་གྲགས་པ་ཚུལ་ཁྲིམས་ཀྱི་དྲི་བཟང་ཐུལ་བ་ངོ་མཚར་བྱིན་ཅན་བཞུགས། ཤར་གྱི་ས་ཁྲིའི་སྟེང་དུ་ཁམས་རི་བོ་ཆེར་བཞུགས་སྐབས་ཁོ་བོ་འབྲི་གུང་ཐེལ་དུ་འགྲོ་དོན་ཡོད་ཅེས་གསུང་བྱོན་ནས་གདན་ས་འདིར་སྤྱན་དྲངས་པ་ཐུབ་པ་ལྕགས་ལུང་མར་གྲགས་པ། སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་ནང་རྟེན་རྣམ་འདྲེན་བཞི་པ་ཐུབ་དབང་གི་སྐུ་བོད་ལི་རྙིང་མ་ལས་གྲུབ་པ་དང་། བླ་མ་སངས་རྒྱས་བྱང་སེམས་ཉན་རང་གི་སྐུ་བརྙན་དུ་མ་བཞུགས། གོང་སྨོས་ཐུབ་ཆེན་གྱི་སྐུ་དང་། སྒོ་མང་ལྔ་སོགས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་ཅིང་སྐུ་ཚད་ཐོག་ཚད་གསུམ་བཞི་ལོང་བ་ཤ་སྟག་གོ། རྟེན་དེ་དག་ནང་དེ་བཞིན་གཤེགས་པའི་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་དང་འཕགས་བོད་ཀྱི་གྲུབ་ཐོབ་འབྲི་གུང་གདན་རབས་རིམ་བྱོན་དང་གྲུབ་མཐའ་རིས་སུ་མ་ཆད་པའི་རྟེན་གསུམ་དམ་རྫས་ཁྱད་དུ་འཕགས་པ་བཞུགས། གཞན་ཡང་ཆོས་སྒོ་བའི་རྟེན་གཙོ་རྡོ་རྗེ་འཆང་དང་། སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བཅུ་གཉིས་པ་རིན་པོ་ཆེ་དང་། ཉེར་གཉིས་ཆོས་ཀྱི་རྒྱལ་པོ། ཆོས་རྒྱལ་རིན་ཆེན་དཔལ་བཟང་རྗེ་ཀུན་དགའི་མཚན་ཅན་སོགས་ཀྱི་འདྲ་སྐུ་དང་སྐྱུ་རའི་གདུང་རབས་ཆོས་འཕེལ་གླིང་པའི་གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཐོག་ཚད་མ་སོགས་བཞུགས། དངུལ་གདུང་སྒོ་མང་རྣམས་ཀྱི་རྒྱབ་ཏུ་ཆོས་རྗེ་ཉེར་གཉིས་པ་རིན་པོ་ཆེ་དང་། རྒྱལ་དབང་ཀུན་དགའ་རིན་ཆེན། རྗེ་རིན་ཆེན་རྣམ་རྒྱལ་བཅས་ཀྱི་ཐུགས་དམ་རྟེན་རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་གླེགས་བམ་གྲངས་ལས་འདས་པ་དང་། ཀུན་དགའ་རྭ་བ་རྒྱ་ཕིབ་ཅན་གྱི་ནང་དུ་ཆོས་རྗེ་རིན་ཆེན་རྣམ་རྒྱལ་གྱིས་བཞེངས་པའི་བཀའ་བརྒྱུད་གོང་མ་རྣམས་ཀྱི་བཀའ་འབུམ་དང་། ཐེག་ཆེན་བསྟན་སྙིང་དང་དམ་ཆོས་དགོངས་པ་གཅིག་པ་སོགས་བཞུགས། ད་དུང་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་རྒྱ་མཚོ་སྐུ་བརྙན་ལྡེབས་རིས་དང་། གནས་སྲུང་གིང་ཀ་རའི་རྟེན་ཚུགས་བཅས་བཞུགས་སོ།
     སྒོ་མང་སྒོ་མཆོར་ས་ཁྲི་དམར་པོ་རྡོ་རྗེ་དབྱིངས་དང་འབྲེལ་བའི་ཕོ་བྲང་རྒྱ་ཁྱོན་ཀ་རིང་བཅུ་དང་གྱང་ལྡེབས་སུ་འབྲི་གུང་གདན་རབས་དང་རྒྱུད་སྡེའི་ལྷ་ཚོགས་ཀྱི་བཀོད་པ་ཤིན་ཏུ་མཚར་བ། སྒོ་མཆོར་འོག་ཆོས་རྔ་ཐོས་གྲོལ་ཆེ་མོ་ཞེས་དྲིལ་ཆེན་ཤིན་ཏུ་ཆེ་བ་ཞིག་དང་། སྐྱབས་རྗེ་ཆོས་ཀྱི་ཉི་མས་བཞེངས་པའི་མ་ཎི་འཁོར་ཆེན་ཞིག་ཡོད། སྟེང་དུ་གྲྭ་ཚང་ལྷན་རྒྱས་ཁང་དང་བཅས་པ་ཀ་བ་ཉེ་ཤུའི་རྒྱ་ཁྱོན་ལྡན་པའོ།
    4.གནས་བླ་གཡེལ་མཐིལ་དང་ནུབ་ས་ཁྲི་དམར་པོ་ནི། ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ས་བྱིན་རླབས་ཅན་ཞིག་ཡིན་པ་སྟེ། སྐྱོབ་པ་ཉིད་ཀྱིས་གནས་བླ་གཡེལ་མཐིལ་དུ་ཕྱིན་པ་རྣམས། ངན་སོང་གི་སྐྱེ་སྒོ་ཁེག་པའི་དབུ་སྙུང་ཀྱང་བཞེས་ཡོད་པ་རེད། དེར་བརྟེན་སྐྱེ་བོ་ཚེ་ལས་འདས་པ་རྣམས་ཀྱི་ཕུང་པོ་རྟེན་འཕྱག་﹙དུར་ཁྲོད་﹚ཏུ་སྐྱེལ་སྐབས་བླ་གཡེལ་མཐིལ་དུ་ཞག་གཅིག་གནས་ཞག་འཇོག་སྲོལ་ཡོད།ས་ཁྲི་དམར་པོ་ནི་སྐྱོབ་པ་རིན་པོ་ཆེའི་ཆོས་ཁྲི་ཡིན་པ་མ་ཟད་འབྲི་གུང་གདན་རབས་རིམ་པ་ཁྲི་ལ་ཕེབས་སྐབས་ཁྲི་དེའི་སྟེང་དུ་མཛད་སྒོ་དང་བཀའ་ཆོས་ཀྱང་གནང་གི་ཡོད།
     5.འཛམ་གླིང་བརྒྱན་ཞེས་པའི་གཙུག་ལག་ཁང་འདི་ནི་ཀ་བ་བཅུའི་རྒྱ་ཁྱོན་ལ་ཐོག་བརྩེགས་གསུམ་གློ་འབུར་རབ་གསལ་ཅན། ཕྱོགས་བཞིར་སེང་གེས་རྒྱན་ཅིང་ཐོག་སྟེང་གསེར་ཟངས་ཀྱི་རྒྱ་ཕིག་གཉིས་དང་། ཕོ་བྲང་གི་སྐེད་ངོར་སྐོར་ལམ་ལ་གཡུ་དྲུང་རིས་ཀྱི་འབྲེལ་བའི་ལྕགས་རི་དང་། སྐོར་ལམ་ནང་མ་ཎི་ལག་སྐོར་སྦྲེལ་ཡོད། རྒྱབ་ངོས་བྲག་ཏིང་འཛིན་ཕུག་པ་དང་། དེའི་དབུས་རྗེ་སྐྱོབ་པ་ཉིད་ཀྱི་པུར་ཁང་གི་ཤུལ་བཅས་ཡོད།
     ཕོ་བྲང་ནང་དུ་ཆོས་རྗེ་སྐྱོབ་པ་རིན་པོ་ཆེའི་གདུང་རྟེན་ས་བཟང་ལ་སྨན་དང་། རིན་ཆེན་དུ་མའི་ཕྱེ་མ་མཉམ་བསྲེས་ཀྱིས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཐོག་ཚད་གསུམ་ལྡན། དེའི་ནང་བལ་ཡུལ་རྒྱལ་པོ་འོད་ཟེར་གོ་ཆའི་ཐུགས་དམ་གྱི་རྟེན་ཙནྡ་གོ་ཤི་ལས་བསྐྲུན་པའི་མཆོད་རྟེན་ནང་དུ་འདས་པའི་སངས་རྒྱས་འོད་སྲུང་དང་། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་། མ་འོངས་སངས་རྒྱས་བྱམས་པའི་ཕྱག་སེན་དང་དབུ་ལོ་ཡོད་པའི་རྟེན་མཆོག་འཛམ་གླིང་གི་རྒྱན་ཞེས་ངོ་མཚར་འབུམ་ལྡན་དེ་ཉིད་དཔལ་མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་གདན་དྲངས་པ། ཆོས་རྗེ་རིན་ཆེན་དཔལ་ལ་ཐུགས་དམ་གྱི་རྟེན་དུ་ཕྱག་འབྱོར་བྱུང་བ་དེ་ཉིད་དང་། ཆོས་རྗེ་སྐྱོབ་པའི་ཐུགས་དང་། དབུ་ཐོད། རིང་བསྲེལ་དང་། ཤཱ་རིའི་བུའི་སྣམ་སྦྱར། མོའོ་གལ་གྱི་བུའི་མཁར་བསིལ། སིངྒ་གླིང་གི་དགྲ་བཅོམས་པས་ཆོས་རྗེ་སྐྱོབ་པར་ཕུལ་བའི་མེ་ཏོག་པདྨ་དཀར་པོ་སོགས་བཞུགས་ཤིང་། མཆོད་སྡོང་གི་ཕྱི་རུ་རིན་ཆེན་དང་པོའི་ཉིང་ཁུ་ལན་བརྒྱར་བྱུགས་པས་ཀོ་བའི་སྲབ་ཐུག་ཙམ་ཡོད། དེའི་གཡས་སུ་བཅུ་གཉིས་པ་རྡོ་རྗེ་རིན་ཆེན་གྱི་གདུང་རྟེན་རྒྱ་ཁྱོན་མཐོ་ཚད་སོགས་གོང་དང་མཚུངས། དེའི་མདུན་དུ་རྗེ་སྐྱོབ་པའི་ཞབས་རྗེས་ཀྱི་རྡོ་དང་། ཡང་རྡོ་ཀ་མ་རུ་པ་ལ་རྟེན་འཛམ་གླིང་རྒྱན་གྱི་སྐུ་ཚད། ཤ་བ་ཡུ་མོའི་དབུ་རྭ་ལ་རབ་འབྱམས་རྟེན་གྱི་བཀོད་པ་དང་ལྡན་པ་བཞུགས།
     6.གཅུང་སྐུ་འབུམ་ཞེས་གྲགས་པའི་མཆོད་སྡོང་འདི་ནི་དབོན་རིན་པོ་ཆེའི་གཅུང་དུ་གྱུར་པས་གཅུང་དང་། རྗེ་སྐྱོབ་པས་ཀྱང་ངེད་རང་ཐམས་ཅད་ལས་འདི་ལྷག་པ་ཡོང་ཞེས་གསུངས་པ་ལྟར་ཞི་བའི་སྒོ་ནས་བོད་ཕལ་ཆེར་མངའ་འོག་ཏུ་འདུས། ཀརྨ་པཀྴིར་ཧོར་སེར་གྱིས་ཁྲིམས་མང་དུ་བཅད་པ་རྫུ་འཕྲུལ་གྱིས་སྐྱོན་མ་བྱུང་ཡང་། ཙྡན་གྱི་མེར་ཞག་གསུམ་བསྲེགས་པའི་ཚེ་སྐུ་ཚེའི་འདུ་བྱེད་གཏོང་ཉེ་བ་ན། རྗེ་ཉིད་སེང་གེ་ལ་བཅིབས་ཏེ་མདུན་གྱི་ནམ་མཁར་བྱོན་ནས་བྱིན་གྱིས་བརླབས་པས་འཇིགས་པ་ལས་གྲོལ་བ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས་ཤིང་། གདན་སར་ལོ་ཉེར་བཞི་བཞུགས་ནས་བསྟན་པ་དར་རྒྱས་མཛད་པས་གྲུབ་ཆེན་ཏིལཱི་པའི་རྣམ་སྤྲུལ་རྩོད་མེད་དུ་གྲགས་པའི་བདག་ཉིད་ཆེན་པོ་གཅུང་རྡོ་རྗེ་གྲགས་པ་དེ་ཉིད་ཀྱི་སྐུ་གདུང་ལས་བྱོན་པའི་རྟེན་དཔག་ཏུ་མེད་པ་དང་། གཞན་ཡང་སྟོན་པའི་རིང་བསྲེལ། འཕགས་བོད་ཀྱི་སྐྱེས་མཆོག་རྣམས་ཀྱི་དབུ་ལོ། གདུང་རུས། ན་བཟའ་ལ་སོགས་དམ་རྫས་དཔག་ཏུ་མེད་པ་དང་། རྗེ་དེ་ཉིད་ཀྱི་སྐུ་རྒྱ་ནག་མ་ཞེས་པ་བརྒྱ་རྩ་ཡང་འདིའི་ནང་བཞུགས་སྔར་གླིང་ལོག་བྱུང་སྐབས་མེ་ཐུབ་ཏུ་བཞུགས་པའོ།གཅུང་སྐུ་འབུམ་གཙུག་ལག་ཁང་གི་ནུབ་ངོས་སུ་བླ་གབ་མེད་པའི་གནས་སུ་འབྲི་གུང་སྤྱན་སྔ་གཉིས་ཀྱི་གདུང་རྟེན་བྱང་ཆུབ་མཆོད་རྟེན་ས་རྡོས་བརྩིགས་པ་དབུ་ཏོག་གསེར་ཟངས་ཀྱི་གཉྫིར་ར་དང་བཅས་པ་བཞུགས་སོ།
   7.ཨ་ཕྱིའི་དཀོར་མཛོད་ཆེན་མོ་ཞེས་པའི་རྟེན་ཁང་འདི་ནི་ཀ་བ་བཅུ་དྲུག་ཐིག་ཁང་དང་བཅས་ཀ་བ་སུམ་ཅུ་སོ་གཉིས་ཀྱི་རྒྱ་ཁྱོན་པན་བད་དང་ཐུག་གིས་བརྒྱན་པ། ནང་དུ་རྗེ་སྐྱོབ་པ་ཉིད་ཀྱིས་བཞེངས་པའི་ཙནྡ་ལས་གྲུབ་པའི་ཨ་ཕྱི་ཆོས་སྒྲོན་གྱི་སྐུ་བརྙན་དང་། གཅུང་རིན་པོ་ཆེས་བཞེངས་པའི་སྨན་འཇིམ་ལས་གྲུབ་པའི་ཨ་ཕྱིའི་སྐུ། རིག་འཛིན་ཆོས་གྲགས་ཀྱིས་བཞེངས་པའི་ཨ་ཕྱིའི་སྐུ་བཅས་དང་། གཞན་ཡང་སྐྱུ་རའི་ནོར་རྫས་རྒེའུ་དཀར་མོའི་ལྤགས་པ། གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེའི་པགས་པ་དང་། གླིང་གི་ནོར་རྫས་འབྲུག་མོའི་གཡུ་སྦྲ་མཐིང་མདོག་གི་ལྷུ་ཚལ། འབྲུག་མོའི་གྱོན་ཆས་རྨ་བྱའི་སྒྲོ་བསྟར་བ། བློན་ཆེན་མདན་མའི་ཨ་ལོང་། དཔའ་ལའི་རལ་གྲི། དཔའ་བོ་ལུ་གུའི་འཁྲབ་རྨོག་འཁོར་གསུམ་དང་། ཁྱུང་རྭ་དང་ཁྱུང་སྡེར་གཞུ་འདོམས་གང་ཙམ་ཡོད་པ་། གཞན་ཡང་སྟག་གཟིག་དོམ་དྲེད་སོགས་ཀྱི་གཡང་གཞིའི་བླ་བྲེས་དང་མདའ། གྲི། མདུང་སོགས་མཚོན་ཆ་སྣ་ཚོགས་ཀྱིས་རབ་ཏུ་བལྟམས་པ་ཡོད། ད་དུང་འདིའི་ནང་སྔར་རྒྱ་ནག་གོང་མས་ཀརྨ་པཀྵིར་ཕུལ་བའི་མི་ཕམ་མགོན་པོའི་གོས་སྐུ་ལྷུ་ལག་བཅུ་གཅིག་ཡོད་པ་བོད་ཙམ་ན་ཆེ་བ་ཞིག་ཡོད་པ་དེ་དང་། གཞན་ཡང་གོང་མའི་བཀའ་རྟེན། ཐམ་ཀ་སོགས་ཀྱང་མང་དུ་མཆིས་སོ།
   8.མགོན་ཁང་ཆེན་མོའམ་ཨ་ཕྱི་ཁང་ཞེས་པ་ཀ་བ་དྲུག་ཐིག་ཁང་བཅས་ཀ་བ་བཅུ་གཉིས་ཀྱི་རྒྱ་ཁྱོན་ལ་གསེར་ཟངས་ཀྱི་གཉྫིར་དང་བཅས་པ། ནང་དུ་རྗེ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོས་བཞེངས་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྐུ་བརྙན་སྨན་འཇིམ་ལས་གྲུབ་པ་ཐོག་ཚད་མ་དང་། ནུབ་སློབ་དཔོན་འཇམ་དབྱངས་རིན་ཆེན་གྱིས་བཞེངས་པའི་བསྟན་སྲུང་ཆོས་ཀྱི་སྒྲོན་མའི་སྣང་བརྙན་སྨན་འཇིམ་ལས་བསྐྲུན་པ་ཐོག་ཚད་མ། གཞན་ཡང་མཚེའུ་ཁ་བདེ་ལྡན་གྱི་ཕོ་བྲང་ནས་གདན་དྲངས་པའི་མགོན་པོའི་སྐུ་ཞིག་དང་། ད་དུང་མགོན་པོ་བེང་དང་། འཁོར་བྱ་རོག་གདོང་ཅན་དང་། སེང་གདོང་མ་བཅས་བྱོན་གཙང་དང་། སྟེགས་བུའི་སྟེང་དུ་གསེར་ཟངས་ལས་གྲུབ་པའི་སྐུ་ཆེ་ཆུང་རྐང་གང་ཡས་མས་བརྒྱ་ཕྲག་དང་། གསང་སྔགས་གསར་རྙིང་གར་འཆམ་གྱི་ཞལ་འབག་དུ་མ་དང་བཅས་བཞུགས། ཕྱི་རོལ་བར་འཁྱམ་དུ་རྟགས་བརྒྱད་འདུ་ཁང་ཀ་རིང་བཅུ་གཉིས། རུང་ཁང་བར་འཁྱམ་དང་བཅས་ཀ་བ་དྲུག་ཡོད་ཅིང་འདིའི་ནང་ལོ་ལྟར་སོས་གཏོར་སྐབས་གཏོར་རྒྱག་སྒྲུབ་ཞག་བྱེད་ཀྱི་ཡོད།
    9.ཆོས་རྗེ་སྐྱོབ་པ་རིན་པོ་ཆེའི་གཟིམ་སྤྱིལ་བྲག་བསླེ་སྐར་ཆུང་བྲག་སྐྱིབ་ལ་བརྟེན་ནས་བཞེངས་པའི་སྒྲུབ་ཁང་ཀ་གཅིག་ནང་རྗེ་སྐྱོབ་པའི་རྡོ་གཡམ་གྱི་གཟིམ་སྒྲོམ་དང་། ཞབས་རྗེས་འཇའ་ཟུག་མ། སྐྱོབ་པའི་ཧོར་སྐུ་ཚེམས་རྗེས་མ་བཅས་དང་། སྒྲུང་ཁང་གི་བྲག་སྟེང་དུ་སྐྱོབ་པའི་ཚེམས་ཤིང་ཚར་པའི་ལྗོན་པ་བཅས་ཡོད།
    10.སྒྲུབ་སྡེ་ཐར་པའི་གྲུ་ཆེན་གྱི་འདུ་ཁང་གཟིམ་ཁང་དམར་པོར་གྲགས་པ་ཀ་རིང་བརྒྱད་དང་ཀ་ཐུང་བརྒྱད། འཁོར་ཡུག་ཤག་སྒོར་ཀ་བ་བརྒྱད། ཐིགས་ཁང་ཀ་བ་བརྒྱད། སྒོ་མཆོར་ཀ་བ་གཉིས་དང་བཅས་ཀ་བ་སུམ་ཅུ་སོ་བཞི་ཡོད།
ནང་དུ་བཞུགས་སུ་གསོལ་བའི་རྟེན་ནི། ཆོས་རྗེ་སྐྱོབ་པ་རིན་པོ་ཆེ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅན་གྱི་འདྲ་སྐུ་རྗེ་སྐྱོབ་པ་ཉིད་ཀྱིས་ཕྱག་ནས་ལན་བརྒྱར་ཕོག་པར་མཛད་པ་དང་། མཁན་ཆེན་ཀུན་དགའ་རྒྱ་མཚོའི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་སྐུ། མཁན་ཆེན་ཀུན་དགའ་རྒྱ་མཚོས་བཞེངས་པའི་དུས་གསུམ་སངས་རྒྱས་བཅས་གསེར་ཟངས་ལས་གྲུབ་པའི་ཐོག་ཚད་མ། གཞན་ཡང་རྡོ་རྗེ་གདན་གྱི་བཀོད་པ་དང་སྨན་བླའི་དཀྱིལ་འཁོར་སོགས་དང་གསེར་ཟངས་དང་ལི་མའི་སྐུ་རྐང་ཡས་མས་བརྒྱ་སྐོར་ཡོད།
    སྐྱབས་རྗེ་ཞི་བའི་བློ་གྲོས་ཀྱི་ཐུགས་དམ་གྱི་རྟེན་ལྷ་བབས་མཆོད་ཏེ་སྐུ་རྒྱུ་གསེར་དངུལ་ལས་བསྐྲུན་པ་ཐོག་ཚད་གཉིས་ཙམ་ཡོད་པ། སྒོ་ཁྱིམ་དུ་རྒྱ་གར་ཤར་ལིའི་སྒྲོལ་མའི་སྐུ་གསུང་བྱོན་མར་གྲགས་པ་དང་། སྒོང་གོང་པ་ཌར་བཀའ་བརྒྱུད་ཀྱི་བླ་རབས། བང་རིམ་རྣམས་སུ་སྒྲོལ་མ་ཉེར་གཅིག བར་མཚམས་སུ་རིན་ཆེན་དུ་མའི་ཕྲས་སྤུད་པ། དབུའི་གསེར་གདུགས་ཚེ་དཔག་མེད་ལྷ་ལྔའི་དཀྱིལ་འཁོར་དང་བཅས་པ་བཞུགས།
དེའི་གཡོན་དུ་གདན་རབས་སོ་ལྔ་པ་སྐྱབས་རྗེ་ཆོས་ཀྱི་འབྱུང་གནས་ཀྱི་གདུང་རྟེན་གསེར་དངུལ་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་ཐོག་ཚད་གཉིས་ཙམ། སྒོ་ཁྱིམ་ནང་དུ་རྗེ་བཙུན་འཇམ་དཔལ་དབྱབས་ཀྱི་སྐུ་བརྙན་དང་སྒོ་གོང་པ་ཌར་གུ་རུ་མཚན་བརྒྱད། བང་རིམ་རྣམས་སུ་གནས་བརྟན་བཅུ་དྲུག དབུའི་གསེར་གདུགས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་མངོན་པར་བཀྲ་བའོ།
གཞན་ཡང་སྨན་འཇིམ་ལས་བསྐྲུན་པའི་ཀུན་དགའ་རིན་ཆེན་དང་ཕག་མོ་རིན་ཆེན་རྣམ་རྒྱལ། ལས་རུ་མཁན་ཆེན། མཁན་ཆེན་དབུ་དམར་ར། རྗེ་འཕྲིན་ལས་བཟང་པོ་བཅས་ཀྱི་འདྲ་སྐུ་མི་ཚད་ཆེ་བ་དང་། རྗེ་ཀུན་དགའ་རིན་ཆེན་གྱི་ཐུགས་དམ་བདེ་མཆོག་དང་། མགོན་པོ། བསྟན་སྲུང་ཨ་ཕྱིའི་སྐུ་སོགས་བཞུགས། ཀུན་དགའ་རྭ་བའི་ནང་སྣར་ཐང་པར་མའི་བསྟན་འགྱུར་གཙོས་གསུང་རབ་གླེགས་བམ་མང་དུ་བཞུགས་ཤིང་། དཀོར་སྲུང་དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད་དོ།
     11.གསེར་མགོ་གཙུག་ལག་ཁང་ནི་རྒྱལ་དབང་ཀུན་དགའ་རིན་ཆེན་གྱིས་གླིང་འདིར་བསམ་གཏན་གྱི་ཁང་བུ་བརྒྱ་ཕྲག་ལྔ་ཙམ་དང་ལྷན་གཅིག་ཕྱག་བཏབ་པའི་གླིང་ཁ་དར་རྒྱས་རྩེ་ཞེས་པ་དེ་ཡིན་ཞིང་། དེའི་རྒྱ་ཁྱོན་འདུ་ཁང་སྒོ་མཆོར་དང་བཅས་ཀ་བ་བཅུ་བཞི་ལ། ཐིགས་ཁང་རུང་ཁང་སོགས་ཀ་བ་བཅུ་བཅས་བསྡོམས་ཀ་བ་ཉེར་བཞི་ལ་གསེར་ཟངས་ཀྱི་གཉྫིར་དང་བཅས་པ། འདི་ཉིད་སྒྲུབ་གྲྭ་ཤར་གྱི་འདུ་ཁང་ཡིན།ནང་རྟེན་གྱི་གཙོ་བོ་སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐུགས་དམ་གྱི་རྟེན་སྟོན་པ་ཉིད་ཀྱིས་རབ་གནས་བཞུགས་པ་མཚོ་མ་དྲོས་ནས་གཏེར་དུ་གདན་དྲངས་པའི་ཐུབ་པ་ཆུ་གཉེར་ཞེས་གྲགས་པ་དེ་དང་། རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་འདྲ་སྐུ་སྨན་འཇིམ་ལས་བསྐྲུན་པ་མི་ཚད་མ། སྒྲུབ་དབང་ཚེ་བརྟན་རིན་པོ་ཆེའི་ཐུགས་དམ་རྟེན་གསེར་ཟངས་ཀྱི་དུས་གསུམ་སངས་རྒྱས་དང་སྤྱན་རས་གཟིགས་སྟོང་སྤྱན་སྟོང་གི་སྐུ། སྨན་འཇིམ་ལས་གྲུབ་པའི་ཐུབ་དབང་དང་ཀུན་རིགས་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་མདའ་ཚད་གང་ལྷག་ཡོད་གཞན་ཡང་གསེར་ཟངས་སོགས་སྐུ་རྒྱུ་མ་ངེས་པའི་སྐུ་ཁྲུ་གང་ཡས་མས་བརྒྱ་སྐོར་བཞུགས།ཀུན་དགའ་རྭ་བའི་ནང་སྣར་ཐང་པར་མའི་བཀའ་འགྱུར་དང་བསྟན་འགྱུར་དང་གཞན་ཡང་གསུང་རབས་གླེགས་བམ་མང་པོ་བཞུགས། གནས་སྲུང་དགེ་གཉེན་དབང་དྲག་འབར་བ་ལ་གཏད་དོ།
     12.རྗེ་རིན་ཆེན་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་སྒྲུབ་སྡེ་ནུབ་ཀྱི་འདུ་ཁང་ཡང་རི་ཞེས་པ་འདུ་ཁང་དང་ཐིགས་ཁང་རུང་ཁང་བཅས་བསྡོམས་ཀ་བ་སུམ་ཅུའི་རྒྱ་ཁྱོན། གསེར་ཟངས་ཀྱི་གཉྫིར་དང་བཅས་ཀྱིས་བརྒྱན་པའོ།
      ནང་རྟེན་དབུས་སུ་རྗེ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་བརྙན་སྨན་དར་ལས་གྲུབ་པ་གསུང་བྱོན་ངོ་མཚར་ཅན་དང་། གྲུབ་དབང་ཆོས་སྐྱབས་རིན་པོ་ཆེའི་འདྲ་སྐུ་གསེར་ཟངས་ལས་བསྐྲུན་པ་མི་ཚད་མ་དང་སྐུ་རྒྱུ་གོང་དང་འདྲ་བའི་དུས་གསུམ་སངས་རྒྱས་དང་། མཁན་སློབ་ཆོས་གསུམ། ཚ་འུག་རྡོ་དཔལ་གྱི་སྐུ་འདྲ་མདའ་གང་གི་ཚད་དང་། གྲུབ་དབང་འཕྲིན་ལས་འོད་ཟེར་གྱིས་བཞེངས་པའི་བཀའ་ཕྱག་ཆུ་བོ་གསུམ་འདྲེས་བླ་བརྒྱུད་ཀྱི་འདྲ་སྐུ་མདའ་གང་ཙམ་གསེར་ཟངས་ལས་བསྐྲུན་པ། གཞན་ཡང་འཕགས་པའི་གནས་བརྟན་བཅུ་དྲུག་དང་། བུ་སྟོན་རིན་ཆེན་གྲུབ། འབྲི་གུང་ལོ་ཙཱ་བ་སོགས་ཀྱི་སྐུ་བརྙན་བརྒྱ་སྐོར་ཡོད། གསེར་དངུལ་ལས་གྲུབ་པའི་གྲུབ་དབང་ཆོས་སྐྱོབ་རིན་པོ་ཆེའི་གདུང་རྟེན་བྱང་ཆུབ་མཆོད་རྟེན་ཐོག་ཚད་མ་དང་། དེ་དང་འདྲ་བའི་
མངའ་རིས་གྲུབ་དབང་དཀོན་མཆོག་བསྟན་པ་དང་། མཁས་གྲུབ་ཆེན་པོ་ངེས་དོན་རྒྱ་མཚོའི་གདུང་རྟེན་བྱང་ཆུབ་མཆོད་རྟེན་བཅས་བཞུགས།ཀུན་དགའ་རྭ་བའི་ནང་སྣར་ཐང་པར་མའི་བསྟན་འགྱུར་གཙོས་གསུང་རབས་མང་དུ་བཞུགས་ཤིང་། གཙུག་ལག་འདི་ཉིད་སྲུང་ཞིང་སྐྱོང་བ་བྱེད་པོ་པེ་ཧར་རྒྱལ་པོ་ཆེན་པོ་ཉིད་དོ།
     13.ཁང་གསར་ཡང་དགོན་ནམ་བདེ་ལྡན་ཁང་དུ་གྲགས་པ་ཀ་རིང་དགུ་དང་། ཐིགས་ཁང་། གསོལ་ཐབ། སྒོ་མཆོར་བཅས་ཀ་བ་ཉི་ཤུའི་རྒྱ་ཁྱོན་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕེབས་དང་བཅས་པའོ།
    འདིར་རྗེ་རིན་ཆེན་ཕུན་ཚོགས་དང་ཆོས་གྲགས་སྐུ་མཆེད་རྣམས་ཀྱི་བཞུགས་གནས་ཀྱང་མཛད།ནང་རྟེན་ནི་རྗེ་ཉེར་བརྒྱད་པའི་བཞུགས་གནས་བཀྲ་ཤིས་ལྗོངས་ནས་གདན་དྲངས་པའི་བོད་ལིའི་རྒྱལ་བ་མི་ཕམ་དགོན་པོའི་སྣང་བརྙན་མེ་ཐུབ་མ་ཁྱིའུ་ལོ་བརྒྱད་ཙམ་གྱི་སྐུ་ཚད་ཅན་དང་། ཆོས་རྗེ་སྐྱོབ་པ་རིན་པོ་ཆེའི་ཞབས་རྗེས་ཡོད་པའི་རྡོ་བ། འབྲི་གུང་གདན་རབས་བཅུ་བདུན་པ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་གདུང་ཧྲིལ་པོ་བཞུགས་སུ་གསོལ་བའི་གསེར་དངུལ་སྤེལ་མ་ལས་གྲུབ་པའི་ཆོས་འཁོར་གྱི་མཆོད་རྟེན། སྒོ་ཁྱིམ་ནང་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་དང་། སྒོ་གོང་པ་ཌར་གུ་རུ་མཚན་བརྒྱད། བང་རིམ་རྣམས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་མང་དུ་བཞུགས་ཤིང་། དབུའི་སྟེང་དུ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་འབུར་དོད་ཀྱི་གསེར་གདུགས་བཅས་བཞུགས་སོ།
   དེའི་གཡོན་དུ་གདན་རབས་ཉེ་གཅིག་པ་མཚུངས་མེད་ཆོས་རྒྱལ་ཕུན་ཚོགས་ཀྱི་གདུང་རྟེན་གསེར་དངུལ་སྤེལ་མ་ལས་བྱས་པ་དབྱེན་འདུམས་མཆོད་རྟེན། སྒོ་ཁྱིམ་ནང་ཉིད་ཀྱི་འདྲ་སྐུ་དངུལ་ལས་གྲུབ་པ་རྒྱལ་ཚབ་མཐོང་བ་དོན་ལྡན་དུ་གྲགས་པ། བང་རིམ་དུ་ཉིད་ཀྱི་འཁྲུངས་རབས་སྐུ་བརྙན་གྱིས་བསྐོར་བ། དབུའི་སྟེང་དུ་དྲ་བ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་གདུགས་ལྟར་ཕུབ་ཅིང་བཞུགས་སོ།
   གདན་རབས་ཉེར་གཉིས་པ་ན་རོ་བཀྲ་ཤིས་ཕུན་ཚོགས་ཀྱི་གདུང་རྟེན་དུ་བཞེངས་པའི་གསེར་དངུལ་སྤེལ་མའི་རྣམ་རྒྱལ་མཆོད་རྟེན་སྒོ་ཁྱིམ་ནང་རྣམ་རྒྱལ་མའི་སྐུ་དང་། སྒོ་གོང་པ་ཌར་མཆོད་པའི་ལྷ་མོར་མུ་ཏིག་གི་དྲྭ་ཕྱེད་ཀྱིས་མཛེས་པར་བརྒྱན་ཞིང་རིན་ཆེན་དུ་མའི་ཕྲས་སྤུད་པའོ།དེའི་གཡས་སུ་གདན་རབས་ཉེར་བཞི་པ་རིག་འཛིན་ཡོངས་ཀྱི་གཙུག་རྒྱན་རྗེ་ཆོས་ཀྱི་གྲགས་པས་ཐུགས་དམ་གྱི་རྟེན་དུ་བཞེངས་པར་མཛད་པའི་གསེར་དངུལ་སྤེལ་མ་ལས་གྲུབ་པའི་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་སྒོ་ཁྱིམ་གྱི་ལྡེབས་སུ་ཐུབ་དབང་གི་སྐུ་རྒྱ་གར་དབུས་ལི་དང་། དངུལ་ལས་གྲུབ་པའི་མཛད་པ་བཅུ་གཉིས་ཀྱི་བཀོད་པ། སྒོ་ཁང་ནང་ཙནྡ་དམར་པོ་ལས་གྲུབ་པའི་འཇམ་མགོན་ངག་གི་དབང་ཕྱུག་གི་སྐུ་དང་། དབུའི་སྟེང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་བསྲུངས་བའི་གུར་ཁང་བཅུ་གསུམ་འབུར་དུ་དོད་པ་གསེར་གདུགས་ངོ་མཚར་ཅན་གྱིས་བརྒྱན་པ་བཞུགས་སོ།
       རིན་ཆེན་ཕུན་ཚོགས་ཀྱི་གདུང་རྟེན་གྱི་གཡས་ཕྱོགས་སུ་རྗེ་འཕྲིན་ལས་བཟང་པོས་རིག་འཛིན་ཆོས་གྲགས་ཀྱི་གདུང་རྟེན་དུ་བཞེངས་པའི་གསེར་དངུལ་སྤེལ་མ་ལས་བསྐྲུན་པའི་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་ནང་རྗེ་སྐྱོབ་པ་རིན་པོ་ཆེའི་སྐུ་བརྙན་ཁམས་གསུམ་ཟིལ་གནོན་དང་། དབུར་ཞི་ཁྲོ་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོ་བཀྲ་བའི་གདུགས་དང་བཅས་པའོ། གོང་གསལ་མཆོད་རྟེན་རྣམས་སྐུ་ཚད་ཐོག་ཚད་གཉིས་ཙམ་ལོངས་པ་ཤ་སྟག་གོ།
     གཡས་སུ་རྗེ་རིག་འཛིན་ཆོས་གྲགས་རྡོ་རྗེ་འཛིན་པ་དཀར་ཆས་སུ་བཞུགས་སྐབས་ཀྱི་རིག་མར་གྱུར་པ་གཙང་སྟོད་རྒྱལ་པོའི་སྲས་མོ་ལྕམ་ཞབས་དྲུང་དུ་གྲགས་པ་ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་དེའི་གདུང་རྟེན་དུ་བཞེངས་པ་གསེར་དངུལ་སྤེལ་མ་ལས་གྲུབ་པའི་དབྱེན་འདུམས་མཆོད་རྟེན། སྒོ་ཁྱིམ་ནང་རྗེ་བཙུན་སྒྲོལ་མའི་སྐུ། རིན་ཆེན་གྱི་ཕྲས་ཕྱུག་པ་ཐོག་ཚད་གཅིག་མན་ཙམ་ཡོད་པའོ།
གཞན་ཡང་ཚོང་དཔོན་ནོར་བུ་བཟང་པོའི་གཟིའི་ཞལ་དཀར་གཟི་མིག་བརྒྱ་དང་རྩ་བརྒྱད་ཡོད་པ་ཞིག་དང་། བྱ་ཤང་ཤང་གིས་ཆོས་རྗེ་སྐྱོབ་པར་ཕུལ་བའི་ཤང་སིལ། ཀླུ་མ་དྲོས་པས་ཕལ་བའི་གཟིའི་དུང་སྟག་མགོ་མ། རྗེ་རིག་འཛིན་ཆོས་གྲགས་རྒྱ་ནག་ཏུ་ཐེངས་གསུམ་ཕེབས་སྐབས་ཀྱི་ལྕགས་ཐབ། མི་རྒོད་ཀྱི་རྐང་། བསེ་རུའི་རྭ་ཁ་ཤས། ཤ་བ་ཡུ་མོའི་དབུ་ར། རྗེ་ཆོས་གྲགས་ཀྱིས་ཀོང་པོ་ཀ་རོང་ནས་གཏེར་དུ་བཞེས་པའི་ཙནྡ་དཀར་པོའི་ཀ་བ། དེའི་མགུལ་དུ་ཆོས་གྲགས་ཀྱི་གཏེར་ཕུར། དམ་ཅན་གྱི་གནམ་ལྕགས་རྡོ་རྗེ། ས་སྐྱའི་རིག་སྔགས་འཆང་འཆི་མེད་གྲུབ་པའི་གཏེར་ཕུར། བདག་ཅག་གི་སྟོན་པ་མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་སྐབས་གླང་ཆེན་ས་ལ་རབ་བརྟན་གྱི་སྐྱེ་བ་བཞེས་པའི་རྩིབ་མ། ད་དུང་འབྲི་གུང་གདན་རབས་ཉེར་བརྒྱད་པ་ཆོས་ཀྱི་ཉི་མས་བཞེངས་པའི་མཛད་བརྒྱའི་ཞལ་ཐང་ཤིན་ཏུ་ཆེ་བ་བཅོ་བརྒྱད་སོགས་ཡོད། གཙུག་ལག་ཁང་དེའི་སྦུག་ཏུ་སྔར་ཆོས་རྗེ་སྐྱོབ་པ་རིན་པོ་ཆེར་གདན་ས་འདི་ལུང་སྟོན་པར་གྲགས་པའི་སྤྲུལ་པའི་འབྲི་ཡི་རྭ་ཅོ་རྭ་ཅོའི་གཡས་སུ་ནོར་བུ་མེ་འབར། གཡོན་དུ་དགའ་འཁྱིལ། དབུས་སུ་རིང་བསྲེལ་གྱི་ཕྲ་བཀོད་པའི་སྣང་བརྙན་ཤིན་ཏུ་གསལ་བ་བཅས་ཡོད་པ་དང་། རྗེ་བཙུན་མི་ལ་སྔར་དཀའ་ཐུབ་ཀྱི་ཟ་ཚོད་ཀྱིས་ཟས་ལ་རྟེན་སྐབས་བེད་སྤྱོད་གནང་བའི་ཟ་དཀྲུག་དང་ཤིང་གི་ཐུར་མ་སོགས་འགའ་ཞིག་དང། གླིང་སེང་ལྕམ་འབྲུག་མོའི་པང་ཁེབས་སོགས་ལོ་རྒྱུས་ཀྱི་དངོས་རྫས་ཀྱང་མང་དུ་མཆིས་སོ།
    14.མངོན་དགའ་ཞེས་སམ་ཡོངས་གྲགས་ཁང་བྱང་རྙིང་མ་ཁང་ཞེས་པ་གཙུག་ལག་ཁང་ཐིགས་ཁང་དང་བཅས་ཀ་བཅུ་གཉིས་ཀྱི་རྒྱ་ཁྱོན་ལ་གསེར་ཟངས་ཁྱི་གྷཉྫིར་དང་བཅས་པས་བརྒྱན་པའོ།
    དེའི་ནང་བཞུགས་སུ་གསོལ་བའི་རྟེན་གཙོ་འབྲི་གུང་གདན་རབས་ཉེར་གསུམ་པ་དཀོན་མཆོག་རིན་ཆེན་གྱི་ཐུགས་དམ་རྟེན་གསེར་དངུལ་སྤེལ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་གློ་འབུར་བཀྲ་ཤིས་སྒོ་མང་གི་དབྱིབས་ཅན། སྒོ་ཁྱིམ་ནང་དུ་དངུལ་ནག་གི་ཐུབ་དབང་གི་སྐུ་དང་། སྒོ་གོང་པ་ཌར་རྒྱན་དྲུག་མཆོག་གཉིས། བང་རིམ་རྣམས་སུ་ཆོས་སྲུང་དུ་མའི་སྐུ་བརྙན། དབུའི་སྟེང་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་འབུར་དུ་དོད་པའི་གསེར་གདུགས་ཀྱིས་བརྒྱན་པའོ།
     དེའི་གཡས་སུ་མཚུངས་མེད་དཀོན་མཆོག་རིན་ཆེན་གང་ཉིད་ཀྱི་གདུང་རྟེན་དུ་བཞེངས་པི་གསེར་དངུལ་སྤེལ་མ་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་སྒོ་ཁྱིམ་ནང་མགོན་པོ་རརྣ་ཤྲིའི་སྐུ་བརྙན་དྲན་པ་གསལ་བྱེད་དུ་གྲགས་པ་ཉེ་གནས་རིན་ཆེན་གྲགས་ཀྱིས་བཞེངས་པ་དང་། སྒོ་གོང་པ་ཌར་བཀའ་བརྒྱུད་ཀྱི་བླ་རབས། བང་རིམ་རྣམས་སུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན། དབུའི་གསེར་གདུགས་བཅོམ་ལྡན་འདས་མི་འཁྲུག་པ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་མངོན་པར་བཀྲ་བའོ། གོང་གི་མཆོད་རྟེན་གཉིས་སྐུ་ཚད་ཐོག་རྩེགས་གཉིས་མན་ཙམ་ཡོད།གཡོན་དུ་གསེར་ཟངས་ལས་སྐྲུན་པའི་ཆོས་རྗེ་དཀོན་མཆོག་རིན་ཆེན་གྱི་གཟིམ་མལ་འདྲ་སྐུ་མཐོང་བ་རང་གྲོལ་བཞུགས།  གཞན་ཡང་གཟིམས་མལ་སྐུ་རྒྱབ་དང་། མདུན་ཕྱོགས་ལ་བཀའ་གདམས་ལི་མའི་རྒྱལ་བ་རིགས་ལྔ། དཔལ་ཕག་མོ་གྲུ་པའི་སྐུ་རྙིང་མ། གདུང་བརྒྱུད་བསྟན་པའི་ཉི་མའི་དགོངས་རྫོགས་སུ་བཞེངས་པ་ཡབ་ཆོས་ཀྱི་རྒྱལ་པོའི་གསེར་སྐུ། རྒྱལ་དབང་དཀོན་མཆོག་རིན་ཆེན་དགུང་ལོ་སོ་གསུམ་པའི་འདྲ་སྐུ་སོགས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་གྱི་སྐུ་བརྙན་སྐུ་རྒྱུ་སྣ་ཚོགས་པ་དུ་མ་དང་། སངས་རྒྱས་སྟོང་སྐུ་སོགས་བྲིས་སྐུ། བྱིན་ཅན་མང་དུ་བཞུགས་པ་དང་། རྗེ་དཀོན་མཆོག་རིན་ཆེན་ལ་མན་ཆིང་གོང་མས་གསེར་གྱིས་བཀང་སྟེ་ཕུལ་བར་གྲགས་པའི་གཡང་ཊིའི་འབོ། གཞན་ཡང་དར་གོས་ཀྱི་མཆོད་རྫས་སོགས་ལོ་རྒྱུས་རིག་དངོས་ཀྱང་མང་ཙམ་ཡོད་དོ།
      15.བྱང་མ་ནུབ་བམ་གསར་མ་ཁང་གཙུག་ལག་ཁང་འོག་མིན་དུ་གྲགས་པ་དེ་ཀ་རིང་བརྒྱད་དང་། ཐིགས་ཁང་ཀ་བ་བརྒྱད། རྗེ་དཀོན་མཆོག་རིན་ཆེན་དང་། ཆོས་གྲགས། འཕྲིན་ལས་བཟང་པོ་སོགས་ཀྱི་གཟིམ་སྦུག་གསོལ་ཐབ་དང་བཅས་པར་ཀ་བ་བཅུ་དྲུག་བསྡོམས་ཀ་བ་སུམ་ཅུ་སོ་གཉིས་ཀྱི་རྒྱ་ཁྱོན་སྟེང་དུ་གསེར་ཟངས་ཀྱི་གཉྫིར་ལྔས་ལེགས་པར་བརྒྱན་པའོ།ནང་རྟེན་དབུས་སུ་རྗེ་འཕྲིན་ལས་བཟང་པོས་བཞེངས་པའི་གསེར་བཟངས་ལས་བསྐྲུན་པའི་རིག་འཛིན་ཆེན་པོ་ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེའི་གཟིམས་མལ་སྐུ་བརྙན་མི་ཚད་ལས་བརྒལ་བ། གཡས་སུ་རྗེ་འཕྲིན་ལས་བཟང་པོའི་ཐུགས་དམ་གྱི་རྟེན་གསེར་དངུལ་ལས་གྲུབ་པའི་སྒོ་མང་ངམ་ཆོས་འཁོར་གྱི་མཆོད་རྟེན་སྒོ་ཁྱིམ་ནང་མགོན་པོ་ཚེ་དཔག་མེད་ཀྱི་དངུལ་སྐུ་དང་། ལྡེབས་སུ་རྗེ་རྡརྨ་ཀིརྟིའི་ཐུགས་དམ་གུ་རུ་པདྨ་སམྦྷའི་སྐུ་གསེར་གར་བླུགས་མས་མཚོན་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་ཀྱི་སྐུ་བརྙན་དུ་མས་བལྟམས་ཤིང་། དབུའི་གསེར་གདུགས་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་འབུར་དོད་ངོ་མཚར་དང་ལྡན་པས་རྒྱན་པའོ།
     གཡོན་དུ་རྗེ་འཕྲིན་ལས་བཟང་པོའི་གདུང་རྟེན་གསེར་དངུལ་ལས་གྲུབ་པ་ལྷ་བབས་མཆོད་རྟེན་སྒོ་ཁྱིམ་ནང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་། དབུའི་སྟེང་གསེར་གདུགས་ནང་སྙིང་རྗེའི་ལྷ་མཆོག་གི་དཀྱིལ་འཁོར་གྱི་བཀོད་པ་བཀྲ་བ།
        གཡས་སུ་གདན་རབས་ཉེར་དྲུག་པ་དོན་གྲུབ་ཆོས་ཀྱི་རྒྱལ་པོའི་གདུང་རྟེན་དུ་བཞེངས་པའི་ལྷ་བབས་མཆོད་རྟེན་དང་། སྒོ་ཁྱིམ་ནང་འཇམ་མགོན་གཞོན་ནུར་གྱུར་པའི་སྣང་བརྙན། དབུའི་སྟེང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བཀྲ་བའི་གསེར་གདུགས་བཅས་སོ།
གོང་གི་མཆོད་རྟེན་གྱི་མདུན་ངོས་སུ་གདན་རབས་ཉེར་བདུན་པ་བསྟན་འཛིན་འགྲོ་འདུལ་གྱི་གདུང་རྟེན་གསེར་དངུལ་ལས་གྲུབ་པའི་ཆོས་འཁོར་མཆོད་རྟེན་སྒོ་ཁྱིམ་ནང་དུ་རྒྱ་གར་ཤར་ལིའི་འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་བརྙན། བང་རིམ་དུ་གསེར་གར་བླུག་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་ནང་རྗེ་དེའི་ཐུགས་བྱིན་ཟའི་འཇིགས་པ་དང་བྲལ་བ་བཞུགས་པ་དང་། སྒོ་ཁྱིམ་དུ་ཞུན་ཐིག་ལས་བྱོན་པ་ཕྱག་ན་པདྨའི་སྐུ་རང་བྱོན་ངོ་མཚར་བ་ཡོད། དབུའི་གསེར་གདུགས་ལྷ་མཆོག་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་མངོན་པར་བཀྲ་བའོ།དེའི་རྒྱབ་ཏུ་གདན་རབས་ཉེར་བརྒྱད་པ་ཆོས་ཀྱི་ཉི་མའི་གདུང་རྟེན་གསེར་དངུལ་ལས་བསྐྲུན་པའི་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་ནང་མཉམ་མེད་རརྣ་ཤྲཱིའི་སྐུ་ཧོར་སྐུ་ཚེམས་རྗེས་མ་དང་། དབུའི་གསེར་གདུགས་ནང་མཁའ་འགྲོ་དྲྭ་བ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་བཀྲ་བར་བཞུགས།གོང་གི་མཆོད་རྟེན་རྣམས་མཐོ་ཚད་གཅིག་མཚུངས་ཐོག་ཚད་གཉིས་མ་ཟིན་ཙམ་ཤ་སྟག་གོ།
     གཞན་ཡང་ཀུན་དགའ་རྭ་བའི་ནང་བཀའ་འགྱུར་ཚལ་དཔར་མ་དང་མངའ་རིས་པཎ་ཆེན་དཀོན་ལྷུན་གྱིས་ཕྱག་སོར་ལས་སྐྲུན་པའི་རིག་འཛིན་ཆོས་གྲགས་ཀྱི་བཀའ་འབུམ་མཐིང་ཤོག་ལ་གསེར་ཆུས་སྤྲས་པ། རྗེ་འཕྲིན་ལས་བཟང་པོའི་ཕྱག་བྲིས་མའི་ཐུབ་དབང་གི་མཛད་པ་བཅུ་གཉིས་དང་། གནས་བརྟན་བཅུ་དྲུག་གི་རྣམ་ཐར་རྟོགས་བརྗོད་ཀྱི་བཀོད་པས་བརྒྱན་པའི་གྲྭ་ཐང་ཤིན་ཏུ་ཆེ་བ་སོགས་བཞུགས་སོ།ད་དུང་གཙུག་ལག་འདི་ཉིད་སྲུང་ཞིང་བྱ་ར་མཛད་པོ་གཟའ་བདུད་ར་ཧུ་ལ་དང་། པེ་ཧར། གནོད་སྦྱིན་རྩེའུ་དམར་པོའི་རྟེན་མཁར་བཅས་ཡོད།

    16་བདེ་ལྡན་མི་འགྱུར་གྱི་གཙུག་ལག་ཁང་ཀ་རིང་བརྒྱད་དང་ཐིགས་ཁང་བཅས་ཁྱོན་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ལ། ནང་རྟེན་གཙུག་ལག་ཁང་གི་དབུས་སུ་གྲུབ་དབང་ཚེ་བརྟན་རིན་པོ་ཆེས་བཞེངས་པའི་སྐྱབས་རྗེ་པདྨའི་རྒྱལ་མཚན་གྱི་སྐུ་བརྙན་རྒྱང་ཁྲུ་གང་བ་གཡས་སུ་གདན་རབས་ཉེར་དགུ་པ་རྗེ་པདྨའི་རྒྱལ་མཚན་གྱི་གདུང་རྟེན་དུ་བཞེངས་པའི་གསེར་དངུལ་ལས་བྱས་པ་ལྷ་བབས་མཆོད་རྟེན་སྐྱབས་རྗེ་དེ་ཉིད་ཀྱི་སྐུ་གདུང་བཞུགས་པ། སྒོ་ཁྱིམ་ནང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་བརྙན། སྒོ་གོང་པ་ཌར་གསེར་ལས་སངས་རྒྱས་རབ་བདུན་གྱི་སྐུ་བརྙན། བང་རིམ་རྣམས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་བརྒྱན་པའི་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔའི་བརྐོས་བཀྲོལ་གྱིས་བརྒྱན་པ་དང་། ནོར་འཛིན་པ་ཊའི་རྩེ་མོར་གསེར་གྱི་དྲ་ཕྱེད་ཀྱི་བརྒྱན་པའི་གདུང་དཀར་གཡས་འཁྱིལ། དབུའི་གསེར་གདུགས་བདེ་མཆོག་གི་དཀྱིལ་འཁོར་དང་བཅས་པའོ།དེའི་གཡོན་དུ་གདན་རབས་སུམ་ཅུ་པ་སྐྱབས་རྗེ་ཆོས་ཀྱི་རྒྱལ་མཚན་གྱི་གདུང་རྟེན་དུ་བཞེངས་པའི་གསེར་དངུལ་སྤེལ་མ་ལས་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་ནང་རྒྱ་གར་ཤར་ལིའི་སྤྱན་རས་གཟིགས། སྒོ་གོང་པ་ཌར་གསེར་ལས་སྐྲུན་པའི་བཀའ་བརྒྱུད་ཀྱི་བླ་རབས། གཞན་ཕྲ་རྒྱན་སོགས་པདྨའི་རྒྱལ་མཚན་གྱི་གདུང་རྟེན་དང་ཡོངས་སུ་འདྲ་བའོ།དེའི་གཡས་སུ་གདན་རབས་སོ་གཉིས་པ་སྐྱབས་རྗེ་ཆོས་ཀྱི་ཉི་མའི་གདུང་རྟེན་དུ་གསེར་དངུལ་ལས་བྱས་པའི་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་ནང་དུ་སྤྱན་རས་གཟིགས་དོན་ཡོད་ཞག་པ་ཆོས་རྒྱལ་ལི་མ། སྒོ་གོང་པ་ཌར་གནས་བརྟན་བཅུ་དྲུག བང་རིམ་རྣམས་སུ་སངས་རྒྱ་བྱང་སེམས་ཀྱི་སྐུ་བརྙན་དུ་མ། དབུའི་གསེར་གདུགས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དང་བཅས་པའོ། དེའི་གཡས་སུ་གདན་རབས་སོ་གསུམ་པ་སྐྱབས་རྗེ་ཆོས་ཀྱི་བློ་གྲོས་ཀྱི་གདུང་རྟེན་དུ་བཞེངས་པིའ་གསེར་དངུལ་ལས་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་གྱི་ནང་དུ་ཐུབ་དབང་གི་སྐུ་བརྙན་དང་སྒོ་གོང་པ་ཌར་ཙནྡ་དཀར་པོ་ལས་བཀའ་བརྒྱུད་ཀྱི་བླ་མ། བང་རིམ་རྣམས་སུ་གནས་བརྟན་བཅུ་དྲུག དབུའི་གསེར་གདུགས་བདེ་མཆོག་གི་དཀྱིལ་འཁོར་དང་བཅས་སོ།
    དེའི་གཡོན་ངོས་སུ་གདན་རབས་སོ་གཅིག་པ་རྗེ་ཆོས་ཉིད་ནོར་བུའི་གདུང་རྟེན་དུ་གསེར་དངུལ་ལས་བསྐྲུན་པའི་ལྷ་བབས་མཆོད་རྟེན། སྒོ་ཁྱིམ་ནང་རྒྱ་གར་ལི་དཀར་ལས་རྗེ་སྐྱོབས་པའི་སྐུ་བརྙན་སྒོ་གོང་པ་ཌར་སྒྲོལ་མ་སྐྱབས་བདུན་མ། པ་ཊའི་རྩེ་མོར་དུར་དཀར་གཡས་འཁྱིལ་དང་། དེའི་རྩེ་མོར་གསེར་གྱི་ཟེའུ་ལྷ་ཁང་ ནང་གཡུ་ཡི་སྒྲོལ་མ་རང་བྱོན། དབུའི་གསེར་གདུགས་བདེ་མཆོག་གི་དཀྱིལ་འཁོར་དང་བཅས་པའོ། དེའི་དྲུང་དུ་སྐྱབས་རྗེ་ཆོས་ཀྱི་ཉི་མའི་མ་ཡུམ་གྱི་གདུང་རྟེན་དངུལ་ལས་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་སྒོ་ཁྱིམ་ནང་རྒྱ་གར་ཤར་ལིའི་སྒྲོལ་སྐུ་དང་། སྒོ་གོང་བུམ་པ་སོགས་མུ་ཏིག་གི་དྲ་བས་མཛེས་པར་བྱས་པ་ཐོག་ཚད་གཅིག་མན་ཙམ་དང་། གཞན་གོང་གི་མཆོད་རྟེན་རྣམས་ཚང་མ་ཐོག་ཚད་གཉིས་མ་ཟིན་ཙམ་ཤ་སྟག་གོ།
     གཞན་ཡང་གཡས་གཡོན་གྱི་ཀུན་དགའ་རྭ་བའི་ནང་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བཀའ་འགྱུར། སྐྱབས་མཆོག་པདྨའི་རྒྱལ་མཚན་གྱི་གཟིའི་ཕྱག་བུམ་དང་། ཆུ་ཤེལ་གྱི་ཏིང་། མན་ཆིང་གོང་མས་ཕུལ་བའི་མཆོད་རྗས་དུ་མ། བསེ་རུའི་རྭ་སོགས་ཁྱད་དུ་འཕགས་པའི་ནོར་སྣའང་མང་དུ་མཆིས་སོ།
      17.ཞར་བྱུང་འབྲི་གུང་རྟེན་ཕྱག་ཆེན་མོ་ཞེས་དུར་ཁྲོད་ངོ་མཚར་ཅན་དེ་ཉིད་ཀྱི་བྱུང་བ་ཕྲན་ཙམ་བཀོད་ན། དེ་ཡང་གདན་ས་རིན་པོ་ཆེ་འདི་ནི་དམ་པའི་སྐྱེ་བུ་རྣམས་ཀྱི་གཟིགས་ངོར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སོགས་ཡོད་མོད། འོན་ཀྱང་ཕྱི་རབས་འགྲོ་བ་རྣམས་ངན་སོང་གི་སྐྱེ་སྒོ་ཁེག་པ་སོགས་ཀྱི་ཆེད་ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་དགོངས་གཞི་དགོས་པ་དང་བཅས་ཏེ་ཉིན་ཞིག་རྟ་འཆག་སྟེང་ཞེས་དེང་སྐབས་རྟེན་ཕྱག་ཡོད་པ་དེར། འཁོར་འདུས་པ་རྣམས་ལ་རྫུ་འཕྲུལ་རེ་སྟོན་དགོས་གསུངས་སྐབས། སློབ་མ་ཚོས་སྒྲུབ་རྟགས་སྣ་རེ་བསྟན་ཅིང་ཉེ་གནས་རིན་ཆེན་དཔལ་གྱི་བསྒྲུབ་རྟགས་སྟོན་མ་ཐུབ་པར་ཞལ་སྐྱེང་པའི་ཚུལ་གྱིས་སྐུ་ཚེ་སྟོང་ཉེ་བའི་སྐབས་སྐྱོབ་པ་རིན་པོ་ཆེས་ཕྱག་ཁར་ཉེ་གནས་ཀྱི་སྙིང་ཁར་བཙུགས་ཏེ་མགུར་གསུངས། དེར་ཉེ་གནས་དེ་ཉིད་ཀྱི་སྐུ་ཕུང་རྣམས་རིང་བསྲེལ་ཆར་ལྟར་བསྙིལ་ཞིང་། འཇའ་འོད་འཕྲོ་བ་སོགས་ངོ་མཚར་བའི་བལྟས་དུ་མ་བྱུང་། དེ་སྐབས་རྟེན་རིང་བསྲེལ་ཕྱག་མས་ཕྱག་ནས་རུབ་རུབ་བཟོ་དགོས་པ་བྱུང་བས་ས་དེར་རྟེན་ཕྱག་ཞེས་སྤྱིར་བཏང་དུར་ཁྲོད་དང་མི་འདྲ་བའི་མཚན་དེ་བྱུང་བ་དང་།﹙རྟེན་འཆག་ཞེས་བྲིས་པའང་འདུག་﹚དེའི་སྐབས་རྒྱ་གར་དུར་ཁྲོད་བསིལ་པའི་ཚལ་ནས་མཁའ་འགྲོས་གདན་དྲངས་པའི་དུར་རྡོ་འཇའ་ཟུག་མ་ཞེས་རྡོ་འཇོང་ཞིག་ལ་ཡིག་འབྲུ་གསུམ་མམ་ཡིག་དྲུག་གི་རང་བྱོན་མདོར་ན་མི་སོ་སོར་མཇལ་ཚུལ་མི་འདྲ་བ་རེ་ཡོད་པ་དེ་དུར་ཁྲོད་ཀྱི་དབུས་སུ་བཞུགས། དུར་ཁྲད་དེའི་འོག་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཡོད་སྟབས། རྟེན་ཕྱག་གམ་དུར་ཁྲོད་དེའི་སྟེང་དུ་ཟག་ཕུང་དོར་བ་རྣམས་ངན་སོང་དུ་མི་འགྲོ་བ་གནས་ཀྱི་བྱིན་རླབས་དང་། སྐྱེ་བུ་དམ་པ་བདེན་ཚིགས་གྲུབ་པ་རྣམས་ཀྱིས་ཐུགས་སྐྱེད་རྒྱ་ཆེ་གནང་ཡོད་པས་སྔར་ནས་ད་བར་སྐྱེ་བོ་མང་པོའི་ཕུང་པོ་དེར་སྐྱེལ་བ་དང་། ཐག་རིང་ས་ཁད་འགྱངས་པ་ཚོས་ཀྱང་སྐྲ་རུས་སོགས་གནས་དེར་འཁྱོལ་ཐབས་བྱེད་བཞིན་ཡོད། གཞན་ཡང་རྟེན་ཕྱག་གཡས་གཡོན་དུ་ངོ་མཚར་བའི་རང་བྱོན་སོགས་དུ་མ་ཞིག་ཡོད་པས་ཞིབ་པར་རྟོགས་པ་འདོད་པ་ཚོས་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་མཛད་པའི་རྟེན་ཕྱག་དཀར་ཆག་ཏུ་གཟིགས་པར་འཚལ།
      ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་གདན་ས་བཏབ་པ་ནས་བཟུང་ད་བར་གདན་རབས་སུམ་ཅུ་སོ་བརྒྱད་ཙམ་བྱོན་ཞིང་། དགེ་འདུན་འདུ་ཚོགས་ཤིན་ཏུ་རྒྱས་པ་འཁོར་ཁྲི་ཕྲག་བྱེ་བའི་ཚོགས་པ་བསྐྱང་ཞེས་པ་ལྟར་ཁྲི་ཕྲག་བཅུ་གྲངས་བྱུང་ཡོད། འོན་ཀྱང་འབྲི་གུང་གླིང་ལོག་སོགས་ལོ་རྒྱུས་ཀྱི་དུས་རབས་སོ་སོའི་ནང་འཕེལ་རྒྱས་དང་ཉམས་རྒུད་སྣ་ཚོས་པ་ཞིག་བྱུང་སྟབས་1959ལོར་དགོན་འདིར་སྒྲུབ་གྲྭ་ཤར་ནུབ་གཉིས་ལ་མཚམས་པ་དྲུག་ཅུ་སྐོར་དང་། གྲྭ་ཚང་དུ་གྲྭ་པ་བཞི་བརྒྱ་མ་ཟིན་ཙམ། བླ་བྲང་དྲུག སྤུལ་སྐུ་བརྒྱད་བཅས་ཡོད།
     དགོན་གནས་འདི་ཉིད་ཀྱིས་ཉམས་སུ་བཞེས་པའི་རིམ་པ་ནི་གཙོ་བོ་ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་ཉམས་ལེན་གཅིག་བསྡུས་སུ་མཛད་པའི་ལྔ་ལྡན་དང་། ཟབ་ལམ་ནཱ་རོའི་ཆོས་དྲུག་ལ་སྦྱོང་པ་ཐོན་པ་ཡོང་བའི་ཐེམ་སྤངས་འདག་སྦྱར་གྱིས་སྒྲུབ་པ་སྙིང་པོར་གཞོལ་བ་མཛད་པའི་ཚུལ་ནི་སྔར་གྱི་གོང་མའི་རྣམ་ཐར་སོགས་ལས་རྟོགས་པར་ནུས་ཤིང་། སྔར་ཆོས་རྗེ་སྐྱོབ་པ་རིན་པོ་ཆེའི་སྐབས་དགོན་གནས་འདི་ཉིད་དུ་སྒྲུབ་པ་མཛད་མཁན་ཧ་ཅང་མང་བས་ཐ་ན་བྲག་སྐྱིབ་དང་། གཡམ་ཁང་སོགས་ནང་བཞུགས་ཀྱི་ཡོད་པ་ནི་དེང་སྐབས་ཀྱང་དགོན་པའི་ཉེ་འཁོར་གྱི་རི་སྟེང་དུ་མཇལ་རྒྱུ་ཡོད། དེ་བཞིན་གནས་གསུམ་དུ་རི་པ་ཁྲི་ཕྲག་གཏོང་བར་མཛད་པ་ལོ་རྒྱུས་ཀྱི་ཡིག་ཆར་གསལ། དེ་རྗེས་གདན་ས་འཛིན་པ་རིམ་པས་ཀྱང་སྒྲུབ་པའི་སྡེ་ཆེན་པོ་དར་བ་མཛད་དེ། 1959ལོའི་གོང་བར་འབྲི་གུང་བཀའ་ཆོས་ཆེན་མོའི་སྐབས་སུ་མཚམས་པ་རྣམས་ཀྱིས་རྩ་རླུང་འཁྲུལ་འཁོར་གྱི་སྦྱང་འབྲས་འབྲི་གུང་སྐྱབས་རྗེ་རྣམ་གཉིས་ལ་གཟིགས་འབུལ་ཞུ་དགོས་པ་ཡིན་པས་སྒྲུབ་བརྒྱུད་གཙུག་རྒྱན་རྒྱལ་བ་འབྲི་གུང་པ། ཞེས་པ་ནི་ཚིག་ཙམ་མ་ཡིན་པར་དོན་ལའང་གནས་པར་སེམས།
       དེ་བཞིན་ཐོས་བསམ་གྱི་བྱ་གཞག་ཐད་སྔར་ཆོས་རྗེ་སྐྱོབ་པ་རིན་པོ་ཆེས་དབྱར་ཆོས་དང་། དགུན་ཆོས་ཞེས་མདོ་སྔགས་གང་ཅིའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རིམ་པ་བསྐོར་བ་མཛད་པ་དང་། དེ་རྗེས་གདན་ས་འཛིན་པ་རིམ་པས་བཀའ་ཆོས་གནང་གི་ཡོད་རུང་། ཕྱིས་སུ་དུས་རབས་བཅུ་དགུའི་ཡས་མས་ཙམ་ལ་ཆོ་ག་ཕྱག་ལེན་དང་། དུས་མཆོད། སྒྲུབ་མཆོད། རྩེ་གྲྭ། གཏོར་བཟོ། གར་འཆམ་ལ་སོགས་པའི་བྱེད་སྒོའི་རང་བཞིན་ལ་དང་དོད་ཆེ་ཙམ་བྱེད་པ་ལས་ཐོས་བསམ་གྱི་བྱ་གཞག་ཉག་ཕྲར་གྱུར་པའི་སྐབས་འབྲི་གུང་གདན་རབས་སོ་བཞི་པ་སྐྱབས་རྗེ་ཞི་བའི་བློ་གྲོས་དང་། ཆོས་ཀྱི་འབྱུང་གནས་གཉིས་ཀྱིས་ཉག་སྤྲུལ་འཇམ་དབྱངས་དབང་རྒྱལ་གདན་ཞུས་ཀྱིས་འབྲིགུང་ཉི་ལྕང་བཤད་གྲྭ་འཛུགས་གནང་གིས་རྩ། སྒར། མཐིལ་གསུམ་གཙོས་དགོན་ཁག་ནས་གྲྭ་པ་རྣམས་རེས་མོས་ཐོག་ལོ་ལྔའི་ནང་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་བྱེད་རྒྱུ་གཏན་འབེབས་གནང་ནས་ཐོས་བསམ་གྱི་བྱ་བ་ཡང་གོང་འཕེལ་བྱུང་ཡོད།
        རྒྱུན་ལྡན་རང་བཞིན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ལོ་ལྟར་ཟླ་བ་རེའི་ཚེས་5དང་8. 10. 15. 16. 19. 25. 29 30བཅས་ལ་འཆར་ཅན་རྒྱུན་ཚོགས་ཡོད་པ་དང་། བོད་ཟླ་བཅུ་པ་ནས་བཅུ་གཉིས་པའི་ཚེས་15བར་སྤྱན་རས་གཟིགས་རྒྱལ་ལུགས་ཐུགས་རྗེ་ཆེན་པོའི་སྒོ་ནས་མ་ཎི་བུམ་སྒྲུབ་མཛད་དེ་སྦྱིན་བསྲེག བཀའ་དབང་དང་བཅས་པ་མཛད། བོད་ཟླ་12ཚེས་20ནས་དང་པོའི་ཚེས་གསུམ་བར་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཆོས་སྐོར་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོ་ག་ཚང་འདོན་དང་། བཀའ་བརྒྱད་གཏོར་ཟློག ཞི་ཁྲོའི་སྐོང་བཤགས་བཅས་བྱེད།དེའི་སྐབས་གྲྭ་ཚང་གིས་གྲྭ་པ་དཔེ་ཆ་མ་ཐོན་པ་ཚོར་རྒྱུག་ལེན་བྱེད་པ་དང་། ཟླ་བ་1ནས་ཟླ་3པའི་ཟླ་དཀྱིལ་བར་གར་འཆམ་རྩེ་གྲྭ། རོལ་དབྱངས་སོགས་སློབ་པའི་དུས་དང་། ཟླ་བ་3པའི་ཚེས་13ནས་རྒྱུག་སྤྲོད་བྱེད་དགོས། ཟླ་3པའི་ཚེས་18ནས་རྟགས་བརྒྱད་འདུ་ཁང་དུ་བཀའ་བརྒྱད་དང་། མགོན་པོ། གུར་དྲག་བཅས་ཀྱི་གཏོར་བཟློག་སྒྲུབ་དགོས། ཟླ་3ཚེས་25ཉིན་སྐྱོབ་པ་ཆོས་རྗེ་བླ་མའི་གོས་སྐུ་བཀྲམ་ནས་དགོངས་རྫོགས་ཀྱི་མཆོད་སྤྲིན་འབུལ་རྒྱུ། ཟླ་3ཚེས་26ལ་འཆར་རྩིས། ཚེས་27ལ་འབག་རྩིས། ཚེས་28ལ་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་སྲུང་དམ་ཅན་རྒྱ་མཚོའི་རྡོ་རྗེའི་གར་འཆམ། ཚེས་29ལ་སྒྲུབ་པ་བཀའ་བརྒྱད་ཀྱི་ཡི་དམ་ལྷ་ཚོགས་རྣམས་ཀྱི་གར་འཆམ་བཅས་གནང་སྲོལ་ཡོད་པ་དེར་མཐིལ་སོས་གཏོར་ཞེས་བརྗོད།དགོན་འདིའི་ཆོས་ཁྲིམས་སྲུང་ཕྱོགས་སྐོར་ལ། སྤྱིར་དགེ་འདུན་འདུས་པའི་སྡེ་ཀུན་ལྟར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། དགེ་ཚུལ་དང། དགེ་སློང་སོ་སོའི་བསླབ་པའི་ཁྲིམས་ནི་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལྟར་སྲུང་དགོས་པ་གྲུབ་མཐའ་དང་། དགོན་སྡེ་སུ་ལའང་དམིགས་གསལ་མ་མཆིས་ཤིང་། ཆོས་རྗེ་སྐྱོབ་པ་ཉིད་ཀྱིས་ཀྱང་ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་ཁྱད་ཆོས་ཡིན་ཞེས་ལྟ་བ་ཕྱག་རྒྱ་ཆེན་པོ་དང་སྤྱོད་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཉིས་ལྟ་སྤྱོད་ཡ་བྲལ་དུ་མི་འགྲོ་བར་ནན་གྱིས་འདོམས་པར་མཛད། དེ་རྗེས་གདན་ས་སྐྱོང་མཁན་རིམ་པས་ཀྱང་བཅད་པ་ནན་པོ་མཛད་ཡོད། ཆོས་རྗེ་སྐྱོབ་པའི་ཐུགས་སྲས་གཙོ་བོར་གྱུར་པ་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་བཀའ་འབུམ་ནང་གསལ་བ་འདི་ལྟར་﹙བཀའ་འབུམ་ཤོག་གྲངས་204མདུན་﹚“མ་གྷ་ངྷ་རྡོ་རྗེ་གདན་འབྲི་གུང་བྱང་ཆུབ་གླིང་གི་བཅའ་ཁྲིམས། ཨོཾ་སྭ་སྟི་རྗེ་རིན་པོ་ཆེ་ལ་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ང་འབུ་ན་སོ་རྒས་ལུས་ཀྱི་ནུས་པ་ཟད་པ་དང་། ཆོས་རྗེའི་གསུང་ཡོད་པས་ད་ལོ་གདན་ས་རིན་པོ་ཆེར་འགྲོ་བར་བརྩམས་པ་ཡིན་པ་ལ། སློབ་དཔོན་གཅུང་པོས་དབུ་མཛད་པ་མཁན་སློབ་རྣམ་པ། སྒོམ་པ་བ། ཆོས་རྗེའི་ཉེ་གནས་ཀྱིས་དབུ་མཛད་ཉེ་གནས་ཡག་གསུམ་སྒོམ་པ་ཤཱཀྱ་དཔལ། དཔོན་བྱང་ཤེ། སྤྱི་དཔོན་རྣམ་པ་དང་བཅས་པ་དགེ་འདུན་གྲ་ནང་སྤྱི་སྒོ་ཡོན་མཆོད་ཐམས་ཅད་ཀྱིས་གནད་གཅུད་ཆེན་པོ་ལ་བླངས་ནས་ཅི་ལྟར་གྱུར་ཀྱང་ཕར་ལ་གནང་བ་མ་བྱུང་། ད་ཅི་འོས་སྡོད་པའི་ངོས་ནས་ང་འབུམ་ཇི་ལྟར་གསུང་བ་དེ་དགེ་འདུན་སྤྱིས་བསྒྲུབ་པ་དང་། སྒོམ་པ་བས་དབུ་མཛད་པ་དཔོན་ལས་ཉི་ཤུ་བོ་དང་བཅས་པས་བསྒྲུབ་པར་ཞུ། ཕུན་སུམ་འཚོགས་པའི་དགེ་འདུན་སྐྱོང་བ་རྗེ་རིན་པོ་ཆེའི་ཐུགས་དགོངས་ལགས་པས་སྐྱོང་བ་དང་། སྤེལ་བའི་ཐབས་དགེ་འདུན་གཉུག་མར་ཐེལ་ལ་བཞུགས་པ། རྗེ་རིན་པོ་ཆེའི་བུ་རྒན་རྣམས་ཀྱིས་དབུ་མཛད་པ། ཡབ་སྲས་གོང་མ་རྣམས་དགེ་འདུན་སྤྱིས་བསྐུར་བ་དང་། མོས་གུས་བྱེད་པར་ཞུ་བ་དང་། ཕལ་ཆེར་སྐུ་འཚམས་སུ་བཞུགས་ནས་ཐུགས་དམ་འབའ་ཞིག་མཛད་པར་ཞུ་བ་དང་། ཁྲིད་མ་ཚར་བ་རྣམས་ཀྱིས་ཁྲིད་མ་ཆག་པར་མཛད་པར་ཞུ་བ་དང་། མཁན་སློབ་རྣམ་པས་བན་རྒྱུ་རབ་ཏུ་འབྱིན་པའི་ངོས་ནས། དབྱར་དགུན་གཅིག་ཚུན་ཆད་ཀྱི་བརྒྱགས་ཡོད་པ་དང་། སོ་སོའི་ལས་ཚན་གྱིས་བདག་བྱེད་པ་མ་གཏོགས་པ། བན་གཉེན་བས་མཁན་སློབ་ལ་ཞུ་མ་འབུལ། ལས་ཚན་གྱི་མིས་ཀྱང་ངོས་ཕུལ་ནས་མཁན་སློབ་ལ་ཞུར་མ་འཇུག ཞུས་ཀྱང་དེའི་རིགས་དེ་མཁན་སློབ་རྣམ་པས་ཀྱང་རབ་ཏུ་མི་འབྱིན་པར་ཞུ། སྤྲང་པོ་དང་མི་ལོག་བཟའ་མེད་ཐམས་ཅད་རབ་ཏུ་ཕྱུང་བས་བསྟན་པ་བསྣུབ་པར་འདུག དེ་འདྲ་བ་རྣམས་ཀྱིས་དབུ་རུ་ཀླུངས་ཆེན་འདིར་ཆོས་དང་མི་མཐུན་པ་སྣ་ཚོགས་བྱེད། སུན་འདོན། ཞབས་འདྲེན་རྣམས་བྱེད་པར་འདུག་པས། དེའི་རིགས་རྣམས་ད་ཕྱིན་ཆད་རབ་ཏུ་མི་འབྱིན་པར་ཞུ། དེ་འདྲ་བ་རྣམས་རབ་ཏུ་ཕྱུང་ན་བཅའ་ཁྲིམས་ཅི་བྱས་ཀྱང་། བ་རྒན་མ་ཤི་ན་རྙི་སླན་རྒྱུན་མི་འཆད་ཀྱི་ཚུལ་དུ་འོང་བར་འདུག བཅའ་ཁྲིམས་བྱས་མ་བྱས་མི་འདུག རྩ་བ་འདིར་ཐུག་ནས་འདུག སློབ་དཔོན་ལྷ་འདུལ་བ་འཛིན་པ་ལ་བན་སར་རྣམས་འདུལ་བ་ཉན་པ་ལ་ཁྱེད་བན་གཉེར་བ་རྣམས་ཀྱིས་བསྐུལ། བསླབ་བསུང་ངོ་མི་ཤེས་པས་ཐམས་ཅད་སུན་འདོན་པར་འདུག སློབ་དཔོན་ཆོས་སྒོ་བས་བན་སར་རྣམས་ལ་དམ་ཚིག་གི་ཆོས་དང་། གཏོར་མ་གཏོང་བ་ལ་སོགས་པ་གསུང་བར་ཞུ། བན་གཉེར་བས་ཀྱང་བསྐུལ། གཏོར་མ་ཐེ་ཀྱུ་རེ་བསྔོ་ཤེས་པ་ཡང་དཀའ་བར་ཡོད་པར་གདའ། གླིང་རིན་པོ་ཆེར་བཞུགས་པའི་དགེ་འདུན་རྣམས་འདུན་པ་ཅིག་ཏུ་མཛད་པ་དང་། མདུན་མ་རྒྱུན་མིག་ཅིག་ནས་འདོན་པ། དེ་དང་འདྲ་བར་རི་ཁྲོད་དང་ཕྱོགས་ཐམས་ཅད་ན་བཞུགས་པའི་དགེ་འདུན་རྣམས་འདུན་པ་ཅིག་ཏུ་མཛད་ནས་བསྒྲུབ་པ་དང་། ཆོས་དང་མཐུན་པ་མཛད་ཅིང་ཆོས་དང་མི་མཐུན་པ་མེད་པ། ལུང་ཐམས་ཅད་འབྲི་གུང་ཐེལ་ནས་བླ་མ་དགེ་འདུན་རྣམས་ཀྱིས་ཇི་ལྟར་བཏང་བ་བསྒྲུབ་པ་མ་གཏོགས་པ་བཅད་པ་མི་མཛད་པ་ཞུ། སྒྲུབ་པ་མི་ནུས་པའི་མི་རྣམས་རང་གི་ཚེ་ཕྱིད་ཐབས་ཀྱི་བྱ་བྱེད་འབྲི་གུང་ཐེལ་ལ་ཤ་ཚ་བཏང་བ་མང་པོ་མི་མཛད་པ་ཞུ། ནང་པའི་གཞིས་ཀ་བ་དཀོན་རྐྱ་དབུས་ཁམས་ན་ཡོད་པ་རྣམས་ཀྱིས་ཀྱང་ཆོས་དང་མཐུན་པས་གླིང་རིན་པོ་ཆེའི་ཞབས་ཏོག་མཛད་པ་དང་། ཆོས་དང་མི་མཐུན་པ་མེད་པ་དང་། ཁ་སྨྲས་དང་ཁ་མཆུའི་རྩ་བ་མང་པོས་རང་གཞན་ཐམས་ཅད་ཕུང་བར་མི་མཛད་པར་མཁན་པོ་བྱང་མགོན་པ་དང་། དཔོན་ཆེན་པོ་བྱང་ཤེའི་མཛད་པ་འདི་ལ་ལྟོས་ལ་དེའི་རྗེས་སུ་འབྲོངས། ངེད་ཡབ་སྲས་ཀྱིས་ཅི་ལྟར་གསུངས་པའི་གོང་འོག་ནས་མ་འབྱིན། ཕྱོགས་ཐམས་ཅད་ཀྱི་ཡོན་བདག་སྡེ་རིས་རྣམས་སྐྱོངས་ལ་བྱམས་པར་གྱིས། ལར་རྣམ་སྨྱིན་ལ་འཛེམས། ཆོས་དང་མི་མཐུན་པ་ཞབས་འདྲེན་ཡིན། ཆོས་དང་མཐུན་པའི་བྱ་བ་རྣམས་སྒྲུབ་པར་ཞུ། སྐྱི་ཤོད་དང་གཡོར་པོ་དེ་ཕྱོགས་རྣམས་སུ་ཚོང་དང་བསོད་སྙོམས་ལ་སྙད་བཏགས་པའི་བན་དེ་ཆང་འཐུང་བ་བྱུང་ན་བསྟན་པའི་དགྲ་བོ་ཡིན་པས་ཆད་པས་ཆོད། ཕྱིས་ཐེལ་ལ་མ་བཏང་། དབུ་རུའི་ཀླུང་ཆེན་ན་ཐེལ་པ་ལྟར་བྱེད་པའི་སེར་ཁྱིམ་པ་རྣམས་སྡོམ་པ་སྐྱོར་དུ་ཆུག མི་སྐྱོར་ན་ཐེལ་པའི་ཁོག་ཏུ་མ་འཇུག ཐེལ་རིན་པོ་ཆེ་འདི་འགྲོ་མགོན་གྱི་ཕོ་བྲང་ཆེན་པོ་ཡིན་པས། བན་མོ་དང་སྒོམ་མ་དང་ནག་ཆགས་ཞག་ཏུ་ལོངས་པར་ཐེལ་ལ་མ་འཇོག མི་སྐྱས་སྤྱིལ་པོ་ཉོས་ནས་བཟའ་ཚང་འཁོར་བཅས་སྡོད་པ་ཡོད་པར་འདུག་པས་ཞག་གསུམ་ཚུན་ཆད་ལ་ཐམས་ཅད་ཕུད། ཐེལ་ལ་མ་འཇོག བན་དེས་རལ་གུ་གོན་པ་དང་། ལྷམ་ནག་དང་། གླག་པ་དང་། ཞྭ་ཆོ་རུ་མོ་རུ་ལ་སོགས་པ་ཆོས་དང་མི་མཐུན་པའི་གོས་རྣམས་ཉི་ཤུ་བོས་ཤུས། ཕྱིན་ཆད་མ་གོན། ཙོག་སྣ་ཡན་ཆད་ནས་སྐྱེར་རུ་འཕྲང་ཕྱིན་ཆད་ལ་བན་རྡེས་རལ་གྲི་དང་མཚོན་ཐོགས་པ་རྣམས་ཕྲོགས། ཕྱིས་མ་འཛིན། ཆང་གི་འདྲིམ་འདྲུལ་མ་བྱེད། བྱེད་པ་མཐོང་ན་ཆད་པས་ཆོད། གླིབ་གསེབ་ཏུ་འཐབ་མོ་དང་རྐུན་མ་མ་བྱེད། བྱས་ན་ཆད་པས་ཆོད། སོག་ཞིང་སར་པ་རྣམས་ཕྱིན་ཆད་མི་འདེབས་པར་ཞུ། དགེ་བ་དྲི་མེད་ཟླ་འདྲ་འདིས། འཇིག་རྟེན་མགོན་པོ་རིན་ཆེན་གྱི། ཐུགས་ཀྱི་དགོངས་པ་རྫོགས་པ་དང་། བྱང་ཆུབ་དམ་པ་ཐོབ་པར་ཤོག
     སྤྱན་སྔ་གྲགས་པ་འབྱུང་གནས་གང་ཉིད་ཀྱིས་ཕག་གྲུའི་གདན་ས་ཐེལ་ནས་འབྲི་གུང་མཐིལ་ལ་བསྐུར་གནང་བའི་བཅའ་ཡིག་འདིའི་ཐོག་ནས་སྔར་གྱི་དགོན་པའི་བཅའ་ཁྲིམས་དང་། དགེ་འདུན་རྣམས་ཀྱིས་སྒྲུབ་དགོས་པའི་ཚུལ་ལོ་རྒྱུས་ཡིག་རིགས་ཀྱི་ཐོག་ནས་ཀློག་པ་པོ་མཁྱེན་ལྡན་ཚོས་རྟོགས་ཐུབ། རྒྱས་པ་རྟོགས་པར་འདོད་ན་འབྲི་གུང་གདན་རབས་ཉེར་དགུ་པ་བསྟན་འཛིན་པདྨའི་རྒྱལ་མཚན་གྱི་མཛད་པའི་

བཅའ་ཡིག་ཐར་པའི་གྲུ་རྫིང་ལས་ཤེས་པར་བྱའོ།

པདྨའི་ཚལ་ལྟར་རྒྱས་པའི་འདུས་སྡེ་དེ།།
འདྲེ་བཞིའི་དུག་ཆང་བཏུངས་པའི་གླང་སྨྱོན་འགས།།
གདུག་པའི་སྣ་ཆས་ཡུད་ཙམ་གྱིས་བཅོམ་པའི།།
ཚུལ་འདི་བརྗོད་ལ་སྐྱོ་བའི་རྒྱུ་རུ་ཟད།།

      ལུང་རྟོགས་བསྟན་པའི་པདྨའི་ཚལ་ཆེན་ཡོངས་སུ་རྒྱས་པ་དང་། ཆོས་མཚུངས་པའི་འདུས་པའི་སྡེ་འདི་ཉིད། མི་བསུན་ངན་ཚོགས་གདོན་འདྲེ་བཞིའི་དུག་གི་ཆང་བཏུངས་ནས་བླང་དོར་གྱི་གནས་ལ་རྟོགས་དཔྱོད་ཀྱི་ནུས་པ་དང་བྲལ་བའི་གླང་ཆེན་སྨྱོས་པ་ལྟ་བུ་འགས་གདུག་པའི་སྣ་ཡི་མཚོན་ཆའི་འཁོར་ལོ་ལྟ་བུ་དག་ལ་རྟེན་ནས་ཡུད་ཙམ་གྱིས་པདྨ་ཚལ་ཏེ་དགོན་གནས་འདི་ཉིད་མིང་གི་ལྷག་མར་བཏང་བའི་ངང་ཚུལ་ཇི་བཞིན་བརྗོད་པ་ནི་ཡིད་སྐྱོ་བའི་རྒྱུ་ཙམ་དུ་ཟད་པས་འདིར་བརྗོད་པར་བྱ་བ་མ་ཡིན་ནོ།
      ལོ་བཅུའི་གོད་ཆག་ནང་རྒྱལ་ཡོངས་དང་འདྲ་བར་དགོན་པ་འདི་ཡང་མིང་གི་ལྷག་མ་ཙམ་དུ་གྱུར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུའུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། མི་རིགས་དང་། ཆོས་ལུགས་ཀྱི་སྲིད་ཇུས་གང་ཅིར་སླར་གསོ་བྱུང་ནས། རང་ལྗོངས་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་ཚང་མར་ལྟེ་གནས་སླར་གསོ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ།1980ལོར་སྔར་གདན་སའི་ཆོས་འཆད་སེམས་ཁྲིད་ཀྱི་སློབ་དཔོན་ཆེན་པོ་གྲུབ་དབང་དཀོན་མཆོག་འཕྲིན་ལས་﹙དཔའ་ཆུང་﹚རིང་པོ་ཆེ་གདན་སར་ཞབས་སོར་འཁོད། སྔར་འབྲི་གུང་དགོན་པའི་གྲྭ་པ་དང་། དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཀྱང་དགོན་པ་སླར་གསོའི་རེ་བ་སྐོམ་པ་ཆུ་འདོད་ལྟ་བུ་ཡོད་པར་རིམ་པ་ཁག་གི་སྲིད་གཞུང་གིས་ཆོག་མཆན་གནང་བ་མ་ཟད་གྲོན་དངུལ་སྒོར་ཁྲི་20ལྷག་སྩལ་ནས་གང་ཅིའི་ཐུགས་འཁུར་གནང་བ་མ་ཟད། ལྷག་དོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཀྱང་དགོན་པ་ཉམས་གསོ་བྱེད་རྒྱུ་དེ་ཉིད་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་བྱེད་པའི་ཞིབ་ཕྲའི་གནད་དོན་ཞིག་ལ་རྩིས་ནས་འགོ་ཁྲིད་དང་རོགས་སྐྱོར་གང་ཟབ་གནང་སྟབས། དེ་སྔ་ཤུལ་མེད་རྩ་བརླག་ཏུ་སོང་བ་དང་། རི་མཐོ་གཡང་ཟར་ཆེ་ཞིང་འཛུགས་སྐྲུན་གྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་ས་དེར་རླངས་འཁོར་འགྲོ་ལམ་གསར་བཟོ། བླ་གཡེལ་ཆོས་རྭ་ཆེན་མོ་དང་། གསེར་ཁང་གཙུག་ལག་ཁང་། ཨ་ཕྱི་ཁང་། སྒོ་མང་གཙུག་ལག་ཁང་བཅས་བཞེངས་པ་དང་། མཚམས་པ་དང་། གྲྭ་པ་སྒེར་གྱིས་རྒྱབ་པའི་བསམ་གཏན་གྱི་ཁང་བུ་བརྒྱ་སྐོར་ལེགས་པར་བསྐྲུན་ཟིན།
     ཨ་ཕྱི་ཁང་ནང་བཞུགས་སུ་གསོལ་བ་ཐུགས་སྐྱེད་ཟླ་བ་ཡར་ངོ་ལྟར་འདྲེན་པ་འབྲི་གུང་རྩ་བ་དགོན་གྱི་དགེ་སློང་དོན་འགྲུབ་བདེ་ཆེན་གྱིས་བཞེངས་པའི་མཉམ་མེད་རིན་ཆེན་དཔལ་གྱི་འདྲ་སྐུ་སྨན་འཇིམ་ལས་གྲུབ་པ་མི་ཚད་ཆེ་བ་ཞིག། གཟུངས་ཞུགས་སུ་འགྲོན་མགོན་ཕག་གྲུའི་དབུ་ཐོད་ཨ་ཡིག་གི་རང་བྱོན་ཤིན་ཏུ་གསལ་བ་ཡོད་པ་དེས་གཙོས་དམ་རྫས་ཁྱད་འཕགས་དུ་མ་བཞུགས་པ་དང་། གཞན་ཡང་དཔལ་མགོན་ཀླུ་སྒྲུབ་དང་། ཐུབ་དབང་། སློབ་དཔོན། བསྟན་སྲུང་ཆོས་ཀྱི་སྒྲོན་མ་བཅས་ཀྱི་འཇིམ་སྐུ་དང་། སྔར་གྱི་འབྲི་རྭ་ཁང་ནང་ཡོད་པའི་སྤྲུལ་པའི་འབྲི་ཡི་རྭ་ཅོ་ཡང་ཡོད།
      གསེར་ཁང་གཙུག་ལག་ཁང་གི་རྟེན་གཙོར་སྒྲུབ་དབང་དཔའ་ཆུང་རིན་པོ་ཆེས་བཞེངས་གནང་མཛད་པའི་སྐྱོབ་པ་ཆོས་རྗེ་བླ་མའི་དངུལ་སྐུ་མཐོང་བ་རང་གྲོལ་མི་ཚད་ཆེ་བ་ཞིག་ལ་སྐྱོབ་པ་རིན་པོ་ཆེའི་ཐུགས་མེ་ཐུབ་མ་གཟུངས་སུ་བཞུགས་པ་དེ་དང་། དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཐོག་ཚད་མ། གཞན་ཡང་གསེར་ཟངས། ལི་ཁར་སོགས་ཀྱི་སྐུ་སྣ་ཚོགས་བརྒྱ་ཕྲག་དང་། སྨན་འཇིམ་ལས་གྲུབ་པའི་སྐུ་བཅུ་ཕྲག ཞལ་ཐང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་གསུང་རབས་གླེགས་བམ་རྣམས་དང་། སྔར་གྱི་དགོན་པའི་ནང་རྟེན་འགའ་ཤས་ཀྱང་དད་ལྡན་ཁག་གིས་ཕུལ་སྦྱོར་ཞུས་ཡོད། ད་ལྟ་དགེ་འདུན་ཞལ་གྲངས་བརྒྱ་ལྷག་དང་། སྒྲུབ་བརྒྱུད་རིན་པོ་ཆེའི་ཕྱག་རྒྱུན་ཉམས་བཞེས་མཛད་མཁན་སྤོང་བ་བསམ་གཏན་པ་བཅུ་ཕྲག་འགའ་ཤས་ཀྱང་ཡོད་པ་དང་། གྲུབ་དབང་དཀོན་མཆོག་འཕྲིན་ལས་དཔལ་བཟང་པོའི་སྐུའི་གསང་གསུམ་གྱི་མཛད་འཕྲིན་དར་ཞིང་རྒྱས་པར་བཞུགས་སོ།             

རྫུན་ཚིག་གཡོ་རྒྱུའི་ར་རིས་མ་འགོས་ཤིང་།།
བབ་ཅོལ་ཚིག་གི་སྤྲིན་གྱིས་དབེན་བྱས་པ།།
ཇི་བཞིན་གསལ་བ་བདུད་རྩིའི་ཟེགས་མ་འདི།།
དད་ལྡན་ཀུནྡའི་གྲོགས་སུ་འགྱུར་བར་སྨོན།།
སྐྱེ་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ།།
འཇིག་རྟེན་མགོན་པོ་འབྲི་གུང་རིན་ཆེན་གྱི།།
ཞབས་རྡུལ་གཙུག་གི་ནོར་བུར་རྟག་བརྩེན་ནས།།
འགྲོ་ཁམས་སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག།
འཇིག་རྟེན་མགོན་དང་དེ་ཡི་གདན་ས་ཆེའི།།
མཚན་ཙམ་འཛིན་པའི་སྐྱེ་བོ་དེ་དག་ཀྱང་།།
བྱིན་རླབས་བདུད་རྩི་བརླན་གྱིས་རྒྱུད་སྨིན་ནས།།
མཐར་ཐུག་བྱང་ཆེན་མཆོག་ལ་རེག་གྱུར་ཅིག།
                                             1987ལོའི་དེབ་ལས་བདམས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060