གནས་ཡུལ། མདུན་ངོས། དབེན་གནས།
 
 
༄༅།།ཕ་བོང་ཁ།
སྤེལ་དུས།2009-02-05   ཡོང་ཁུངས་།ཁམས་པའི་ཚགས་པར།   རྩོམ་པ་པོ། ལྷ་མཚོས་བསྒྲིགས།རྡེའུ་དཀར་ནག་གིས་ཞུས།

    ཕོ་བོང་ཁའམ་སྐུ་མཁར་མ་རུ་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་སུ་སྤྱི་ལེ་བརྒྱད་ཙམ་གྱིས་ཆོད་པའི་དབུ་གདུགས་རིའི་ལྷོ་འདབས་ན་ཡོད།   མཐའ་འཁོར་གདུགས་དང་རྒྱལ་མཚན་སོགས་ས་བྱད་བཟང་པོ་རྣམ་པར་མཛེས་ཤིང་།    གཙོ་བོའི་འཛུགས་སྐྲུན་སྐུ་མཁར་མ་རུ་ནི་ཤིན་ཏུ་ཆེ་བའི་རུས་སྦལ་མོའི་དབྱིབས་ཅན་གྱི་རྡོ་ཕ་བོང་གི་སྟེང་དུ་འགྱིང་ངེར་གནས།    རྡོ་ཕ་བོང་དེ་ནི་ས་ངོས་ལས་སྨི་ཉི་ཤུ་ཙམ་གྱིས་མཐོ་ཞིང་།    རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་བརྒྱ་ཙམ་ཡོད།  ཕ་བོང་ཁའི་འཛུགས་སྐྲུན་གྱི་བཟོ་དབྱིབས་ནི་ལྷོ་ངོས་སྒོར་སྒོར་དང་།   བྱང་ངོས་གྲུ་བཞི།   སྒོ་མདུན་དུ་རྡོ་སྐས་སོགས་ཡོད་པས།    གནའ་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་འདུག    ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཡབ་ཡུམ་བློན་འབངས་རྣམས་ཀྱི་གནས་འདིར་བཞུགས་ནས་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་གཏོད་དེ་བོད་འབངས་རྣམས་ཆོས་ལ་བསྐུལ་བ་དང་།   མདོ་རྒྱུད་ཉེར་གཅིག་སོགས་བསྒྱུར།    སྒྲ་མདོ་གསུམ་དང་ཀུན་ཏུ་བཟང་པོའི་བསྟན་བཅོས་བརྒྱད་བཅས་བརྩམས།   བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སད་མི་དབུན་རབ་ཏུ་བྱུང་བ་ནས་གནས་འདིར་དགེ་འདུན་གྱི་སྡེ་ཆགས།   དུས་དེ་ནས་བཟུང་རབ་བྱུང་བ་མང་པོ་རྒྱུན་དུ་བཞུགས་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར།   དེང་སང་ལོ་རྒྱུས་སུ་བཀོད་པའི་ཐོག་རྩེག་དགུ་ཅན་གྱི་ཕོ་བྲང་དེ་མཐོང་རྒྱུ་མེད་རུང་།    རུས་སྦལ་མོའི་དབྱིབས་ཅན་གྱི་རྡོ་ནག་སྟེང་གི་གྱང་རོ་ལས་སྐུ་མཁར་མ་རུ་ཞེས་པ་ལོ་རྒྱུས་དངོས་ཡིན་པ་མཚོན།    གནས་ཁྱད་པར་ཅན་འདི་ནི་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་མཚམས་བཞུགས་ས་དང་།   ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་ས།   ཆོས་སྒྱུར་གྱི་གནས་དང་པོ།    བོད་རྗེ་བློན་འབངས་ཡོངས་ཀྱི་ཡི་གེ་སློབ་འགོ་ཚུགས་ས།   པུར་རྒྱལ་སྐབས་དགུ་ཐོག་གི་ཨར་ལས་འཛུགས་སྐྲུན་སྤེལ་ཡུལ་དང་པོ་བཅས་ཡིན་པར་མ་ཟད།   རྒྱལ་པོའི་ཕོ་བྲང་ཡིན་ལ་ལྷ་ཁང་ཡང་ཡིན་པ་བཅས་ཀྱི་དབང་གིས་ད་ལྟའང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྐྱེ་འགྲོ་མི་ཉུང་བ་ཞིག་གནས་དེར་གནས་མཇལ་བྱེད་དུ་ཡོང་བཞིན་ཡོད་དོ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060