གནས་ཡུལ། མདུན་ངོས། ཕོ་བྲང་།
 
 
༄༅༎ཙ་རི་ཡེ་ཤེས་ཀྱི་འཁོར་ལོའི་ཐུགས་ཀྱི་ཕོ་བྲང་ལ་བསྟོད་པ་ཟབ་གསང་གི་འཇུག་ངོགས་ཞེས་བྱ་བ།
སྤེལ་དུས།2008-04-02   ཡོང་ཁུངས་།   རྩོམ་པ་པོ།

       དཔལ་ཙ་རི་ཏྲ་ཐུགས་ཀྱི་ཕོ་བྲང་གསང་བའི་མཛོད་ཆེན་པོ་བླ་ན་མ་མཆིས་པ་ལ་ཁྱད་པར་དུ་བསྔགས་པ། རིགས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་གྲུབ་པ་རྩ་བརྒྱུད་ཀྱི་བླ་མ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ།། དཔལ་ལྡན་ལྷན་ཅིག་སྐྱེས་པའི་དངོས་པོ་ཀུན་ནས་ཀུན་ཏུ་བཟང་པོར་རབ་སྒྲུབ་པ།། བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་ཡེ་ཤེས་བླ་མེད་གོ་འཕང་ཀུན་གྱི་སླར།། སྲིད་ཞིའི་དངོས་ཀུན་བཟོད་ནས་རྣམ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་བརྙེས་པ་གང་།། རྡོ་རྗེ་རིན་ཆེན་ཆུ་སྐྱེས་རལ་གྲི་འཁོར་ལོ་གྲི་གུག་མ་ལུས་ཅིག་འཛིན་པ།། ཁྱབ་བདག་སྙིང་པོ་དེ་ནི་ཆགས་དང་ཆགས་བྲལ་སྒྱུ་འཕྲུལ་གྱི།། ཞིང་ཁམས་ཀུན་རོལ་དཔལ་ལྡན་འདུས་པ་ཧེ་རུ་ཀ་དང་དུས་ཀྱི་འཁོར་ལོ་སོགས།། བགྲང་ཡས་མཚན་གྱིས་རབ་ཏུ་བརྗོད་དེ་རྡོ་རྗེའི་བདེ་ལེགས་མཆོག་གི་དངོས་པོ་ཡིས།། འགྲོ་འདི་མ་ལུས་ཀུན་ནས་སྲུང་ཞིང་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཉིད་དུ་མཛོད།། དཔལ་ལྡན་རྡོ་རྗེ་ཐེག་པ་བླ་མེད་པའི།། བཟོད་ནས་རང་བཞིན་གྱིས་གྲུབ་རྡོ་རྗེའི་ཞིང་།། ཡུལ་ཆེན་སུམ་ཅུ་རྩ་གཉིས་ལ་སོགས་པ།། རྒྱུད་སྡེ་རྣམ་པ་རྒྱ་ཆེར་བསྟན་པ་རྣམས།། ཀུན་ཀྱང་ཡེ་ཤེས་གཅིག་གི་ངོ་བོ་སྟེ།། རང་བཞིན་རྣམ་པར་དབྱེ་བ་ཡོད་མ་ཡིན།། དེ་ལྟ་མོད་ཀྱི་འཕྲིན་ལས་སྣ་ཚོགས་ཀྱིས།། གདོད་ནས་གང་དུ་དངོས་སུ་གྲུབ་འགྱུར་པའི།། རྟེན་འབྲེལ་ནུས་པ་ཟ་འོག་བཞིན་དུ་བཀྲ།།རྣམ་དབྱེར་མེད་ཀྱང་གང་གང་གིས་འདུལ་ལ།། དེ་དེའི་རྣམ་པར་དབྱེ་བ་མཐའ་ཡས་སྣང།། དེ་བས་གྲུབ་པའི་ཡུལ་ཆེན་རེ་རེ་ཡང་།། སྐུ་གསུམ་ཞིང་ཁམས་མ་ལུས་དབྱེར་མེད་པ།། ཡུལ་ཆེན་བཞི་བཅུ་རྩ་བརྒྱད་ཐམས་ཅད་ཀྱི།། སྙིང་པོ་གཅིག་ཏུ་གྱུར་བའི་ངོ་བོ་ཡིན།། ཚངས་སོགས་བྱེད་པོར་རློམ་རྣམས་སྐྱོ་བྱེད་ཅིང།། རྟག་པར་འཛིན་པའི་ལྷ་རྣམས་གདུལ་བའི་སླད།། མེ་ཆུ་རླུང་གི་འཇིག་རྟེན་འཇིག་སྟོན་མོད།། འོན་ཀྱང་རྡོ་རྗེ་ཐེག་པའི་གྲུབ་ཞིང་རྣམས།། ནམ་ཡང་འཇིག་པར་གྱུར་བ་མ་ཡིན་ཏེ།། རྒྱལ་བའི་སྐུར་རེག་རྡུལ་ཕྲན་ཙམ་ཞིག་ཀྱང་།། བསྐལ་བའི་རླུང་གིས་གཞིག་པར་མི་ནུས་ཞེས།། མདོ་ལས་གསུངས་ཤིང་རྡོ་རྗེ་ཐེག་པ་འདིར།། ཆོས་ཀུན་མི་གཞིག་མི་ཕྱེད་རྡོ་རྗེས་གསུངས།། རྒྱལ་བའི་དགྱེས་པ་རྡོ་རྗེས་རྒྱུད་ཆེན་ལ།། ཡུལ་ཆེན་སུམ་ཅུ་རྩ་གཉིས་གང་གསུངས་པ།། དེ་ལས་ཉེ་བའི་འཐུང་སྤྱོད་ཙ་རི་ཏྲ།། འདི་ནི་རབ་དཀར་སེམས་སུ་སྙིང་དབུས་ཀྱི།། མི་བཤིག་ཐིག་ལེར་དབྱེར་མེད་བསྟན་པ་ཉིད།། གཞན་ངོར་ཞིང་གི་རྣམ་པར་སྣང་བ་སྟེ།། རྡོ་རྗེ་ཐེག་པའི་ལྷ་མིག་ཐོབ་རྣམས་ལ།། རང་བཞིན་གྱིས་གྲུབ་དཀྱིལ་འཁོར་འཁོར་ལོར་གནས།། འདི་ནི་ངེས་པར་ལྷ་ཡི་ཕོ་བྲང་ཞེས།། བྱིས་རྣམས་མཐར་གཅིག་ཁོ་ནར་འཛིན་མོད་ཀྱང་།། ངེས་པའི་དོན་དུ་དེ་ལྟར་མ་ཡིན་ཏེ།། ཇི་ལྟར་ཕྱི་རོལ་ལྟར་སྣང་ཐམས་ཅད་ཀྱང།། རང་གི་སེམས་ཉིད་ལས་གཞན་མ་ཡིན་ཕྱིར།། ནང་གི་རྟེན་འབྲེལ་ཚོགས་པའི་སྣང་ཆ་ལས།། སྣ་ཚོགས་ལྷ་དང་ཞིང་དུ་སྣང་བ་སྟེ།། རེ་འགའ་སྤྲུལ་སྐུ་རེ་འགའ་ལོངས་སྐུའི་ཞིང་།། རེ་འགའ་བྱ་སྤྱོད་རེ་འགའ་རྣལ་འབྱོར་ལྷ།། རེ་འགའ་རྣལ་འབྱོར་ཕ་རྒྱུད་མ་རྒྱུད་སོགས།། རྣལ་འབྱོར་ལྡན་པ་གཅིག་གིས་མཐོང་བ་ཡང།། བསམ་མི་ཁྱབ་སྟེ་ངོས་བཟུང་ག་ལ་ཡོད།། དེ་ཕྱིར་བསམ་མི་ཁྱབ་པ་གནས་རྣམས་ལ།། བྱིས་ལས་བྱས་པས་ཤེས་པའི་ཚད་བཟུང་སྟེ།། སྒྲོ་བཀུར་ཚད་མར་བྱེད་རྣམས་ཆོས་ཉིད་ལས།། རང་བཞིན་རྣམ་པར་ཐག་སྲིང་ཉིད་དུ་འགྱུར།། དེ་ལྟ་མོད་ཀྱི་དང་པོའི་ལས་ཅན་རྣམས།། དད་པ་སྤེལ་དང་དགའ་བ་སྐྱེད་པའི་སླད།། བྱིས་པས་མཐོང་བ་ཙམ་དང་སྦྱར་བ་ཡིས།། ཡུལ་གྱི་གནས་ཚུལ་བརྗོད་པའང་མི་འགལ་སྟེ།། རྒྱལ་བའི་ཆོས་ཀུན་གདུལ་བྱ་འདུལ་ཐབས་ཉིད།། དེ་བས་བདག་གིས་ཀྱང་ནི་སྒྲུབ་པའི་ཞིང་།། འདི་ཡི་ཡོན་ཏན་ཆ་ཤས་ཙམ་ཞིག་བསྟོད།། དཔལ་ལྡན་མཁའ་སྤྱོད་གྲུབ་པའི་གནས།། སེམས་དག་ཐུགས་ཀྱི་རྡོ་རྗེའི་མཛོད།། ཆོས་ཀྱི་སྐུ་ཡི་ཕོ་བྲང་སྟེ།། ཨ་ཝ་དྷུ་ཏི་རྣམ་དག་པ།། སྒྲ་ཅན་རླུང་དང་ཆོས་ཉིད་ཀྱི།། ཐེག་ལེ་བཟོད་ནས་དག་པ་ཡི།། ཡེ་ཤེས་ཆེན་མོ་མི་བཤིག་པ།། ཡུལ་གྱི་རྣམ་པར་སྣང་བ་སྟེ།། གངས་རི་དཔལ་དང་ལྡན་པ་ནི།། རང་བྱུང་མཆོད་རྟེན་ཉིད་དུ་གྲུབ།། ལྷ་ཚོགས་དུ་མ་གྲངས་ལས་འདས།། དབུས་སུ་རྣམ་སྣང་ཧེ་རུ་ཀ།། རིགས་ཀུན་དབྱེར་མེད་བདག་པོར་བཞུགས།། ཕྱོགས་བཞི་རྒྱལ་བ་རིགས་བཞི་ཡི།། ཕོ་བྲང་སྒོ་བཞི་ཚུལ་དུ་གནས།། མཚམས་དང་ཕྱོགས་ཀྱི་སྟོད་སྨད་རྣམས།། མ་ངེས་རིགས་དང་ལས་ཕྲན་ཚེགས།། འགྲུབ་པའི་གནས་ཀྱི་ཀུན་ཏུ་གཏམས།། ཀུན་ནའང་རང་རིགས་ཡི་དམ་ལྷ།། དཔའ་བོ་མཁའ་འགྲོ་བ་བགྲང་ལས་འདས།། ཏིལ་གྱི་གང་བུ་བཞིན་དུ་བཞུགས།། ཁྱད་པར་རིན་ཆེན་མཁའ་འགྲོའི་སྒོ།། ལྷོ་ཕྱོགས་དཔལ་ལྡན་མཚོ་དཀར་ནི།། གྲུབ་པའི་ཞིང་མཆོག་དེ་ཀུན་གྱི།། སྙིང་པོ་དམ་པར་གྱུར་པ་ནི།། གངས་རི་མཆོད་རྟེན་རྩེ་མོ་ཡང་།། རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ།། ཕན་ཚུན་དར་རྐྱང་བརྐྱང་བའི་ཚུལ།། སྣ་ཚོགས་རྒྱན་གྱི་བཀོད་པ་བཀྲ།། ཕོ་བྲང་དངོས་ཀྱི་རིགས་བདག་གི། ཚུལ་དུ་གནས་པའི་རྩེ་མོ་ནི།། མཆོད་རྟེན་ཟླུམ་བུ་དབྱིབས་ཅན་ལ།། རྣམ་པར་སྣང་མཛད་ཀུན་ཏུ་ཞལ།། ཕྱོགས་བཞིའི་ངོས་སུ་རེ་རེ་བཞུགས།། འོག་ནས་རྟ་མཆོག་ཉལ་འདྲའི་སྟེང།། ཡེ་ཤེས་མགོན་པོ་བེར་ནག་ཅན།། བསྟན་པ་སྲུང་བའི་ལས་མཛད་བཞུགས།། དེ་བཞིན་ཐུབ་པའི་དབང་པོ་ནི།། འཕགས་པ་ཀུན་དགའ་བོ་དང་བཅས།། གྲོང་ཁྱེར་མ་ཡི་ཚུལ་དུ་བཞུགས།། ཕོ་བྲང་གཡོན་གྱི་རི་བོའི་ངོས།། སྤྲུལ་སྐུ་སངས་རྒྱས་རབས་བདུན་དང་།། ལོངས་སྐུ་རྒྱལ་བ་རིགས་ལྔ་པོ།། འགྲོ་བའི་དོན་ལ་གཡེལ་བ་མེད།། བར་གྱི་གངས་རི་པདྨ་ལུང་།། ཡི་གེ་ཧཾ་དང་ཧཿ་ཡིས་སྤྲས།། ཕུར་པ་རྡོ་རྗེ་གཞོན་ནུ་ནི།། ཡུམ་བཅས་རབ་ཏུ་གསལ་བར་སྣང་།། གཞན་ཡང་ཡི་དམ་ལྷ་ཡི་གཟུགས།། དེ་དག་རྣམས་ནི་བགྲང་མི་ལངས།། ཕོ་བྲང་དམ་པ་འདི་ཉིད་ནི།། ཕྱི་ལྟར་སྐྱེ་བོ་ཕལ་རྣམས་ཀྱི།། ཡན་ལག་བརྒྱད་ལྡན་ཆུས་གང་བ།། དྭངས་ཤིང་གསལ་ལ་རྙོག་པ་མེད།། ཨཎྜ་རྙིལ་གྱི་མེ་ལོང་ལ།། ཟླ་འོད་རེག་པའི་ཁ་དོག་བཞིན།། ཕྱོགས་བཞིར་རང་རང་སྒོ་དང་ལྡན།། འདི་ནི་དགུན་དུས་ཟླ་བ་ཡིས།། དཀྱིལ་འཁོར་ལྟ་བུར་གྱུར་པའི་ཚེ།། སྒོ་བཞི་མཚོ་མཐོངས་ལྟ་བུར་གསལ།། ཕྱོགས་ཀུན་སྨན་ལྗོངས་ནགས་ཀྱི་ཚལ།། མེ་ཏོག་འབྲས་བུ་ལྡན་པའི་ཤིང་།། མཛེས་པའི་རི་བྲན་དུ་མར་བཅས།། ཆེད་དུ་བཀོད་ལས་ཆེས་རྨད་བྱུང་།། ལྷ་ཡི་དགའ་ཚལ་ཉམས་དགའ་བ།། ས་སྟེང་མངོན་སུམ་གསལ་བ་བཞིན།། ཤར་ངོས་རི་བོའི་སྤོ་ལ་ཡང་།། ཁྲོ་བོ་མི་གཡོ་དཀར་པོ་དང་།། སེང་གེའི་སྟེང་དུ་བཞེངས་པ་ཡིས།།  ཐུབ་དབང་མཆོག་གི་སྤྲུལ་སྐུ་དང་།། ཡི་དམ་སྒྲོལ་མ་དཀར་མོ་དང་།། ཕག་མོ་དབུ་བཅད་མ་ལ་སོགས།། གཡའ་ནགས་སྤང་དུ་སྣང་བ་ཡིས།། ལྷ་ཚོགས་དུ་མ་གྲངས་ལས་འདས།།  ཤར་ལྷོའི་ངོས་སུ་ཁྲོ་བོ་ཡི།།
        རྡོ་རྗེ་རྩེ་ལྔ་བསླང་འདྲའི་རི།། རྟ་མགྲིན་བཞུགས་པའི་གནས་སུ་གྲགས།། ཁ་དོག་དུ་མའི་མཚོ་ཡིས་སྤྲས།། དེ་ལས་ཅུང་ཟད་ལྷོ་ཡི་ངོས།། བྱ་རྒོད་གཤོག་པ་བརྐྱང་འདྲ་ཡི།། རི་ངོས་དབུས་ན་མཁའ་འགྲོའི་གཙོ།། རྡོ་རྗེ་ཕག་མོ་བཞུགས་པ་སྟེ།། སྤང་པོ་ཁ་སེར་གྱུར་བའི་ཚེ།། དེ་ཉིད་དམར་བའི་མདོག་ཏུ་གསལ།། དེ་འོག་དུར་ཁྲོད་གཅིག་གིས་ནི།། མཚན་ཉིད་ཡོངས་སུ་རྫོགས་པ་སྟེ།། འདི་ནི་དཔྱིད་དུས་ཁ་བ་རྣམས།། ཁོལ་བུ་ཞུ་ཚེ་རབ་ཏུ་གསལ།། བྱམས་པ་བཞུགས་པའི་རྒྱབ་ངོས་ཀྱི།། བྲག་ལོགས་ཐུགས་རྗེ་ཆེན་པོ་ནི།། ཞལ་གཅིག་ཕྱག་བཞི་ལྡན་པར་གསལ།། མདུན་ན་ཐུབ་པའི་དབང་པོ་ནི།། གཙོ་འཁོར་གསུམ་པ་ཉིད་དུ་བཞུགས།། བཀྲ་ཤིས་དོ་བོ་ཞེས་བྱ་བ།། གླང་ཆེན་ཉལ་བ་ལྟ་བུ་ནི།། གནས་ཀྱི་སྙིང་པོ་དམ་པ་སྟེ།། ཡུལ་འདི་པདྨ་འདབ་མ་བརྒྱད།། ཕྱེ་བའི་ཚུལ་དུ་གནས་པ་ལས།། རི་འདི་པདྨའི་ཟེའུ་འབྲུ་ཡིན།། འདི་ནི་རང་བཞིན་གྱིས་གྲུབ་པའི།། དཔའ་བོ་རྣལ་འབྱོར་མ་ལུས་ཀུན།། ལྷན་ཅིག་སྐྱེས་པའི་བདེ་བ་ཡིས།། བརྩོན་ཅིང་རོལ་གར་མཛད་པའི་གནས།། དེ་ཕྱིར་མཉམ་སྦྱོར་རྟགས་ཀྱི་མཚན།། འདི་ཡི་ཕྱོགས་ཀུན་སྨན་ལྗོངས་རྣམས།། ཕྱག་མཚན་དང་ནི་ཆོས་འབྱུང་དང་།། ཞིང་ལྤགས་རྒྱངས་པ་ལྟ་བུ་སོགས།། ངོ་མཚར་མཛེས་པ་དཔག་ལས་འདས།། ཁྱད་པར་ཆོས་སྐུའི་རྟེན་གྱི་གཙོ།། རང་བྱུང་མཆོད་རྟེན་གཙོ་བོ་ནི།། བུམ་པ་མན་ཆད་འདོད་པའི་ཁམས།། རྣམ་པར་དག་པ་སྤྲུལ་སྐུ་ཡི།། ངོ་བོར་བཞུགས་ཕྱིར་དངོས་སུ་གསལ།། བྲེ་དང་གདུགས་སོགས་ཁམས་གོང་མ།། དག་པ་ལོངས་སྤྱོད་རང་བཞིན་ཕྱིར།། སོ་སོའི་སྐྱེ་བོས་ལྟར་མི་མངོན།། ལྷ་ཚོགས་གྲངས་ལས་འདས་པའི་གནས།། མཁའ་འགྲོའི་སྲོག་སྙིང་གཅིག་གྱུར་པ།། གྲུབ་པའི་ནོར་བུས་བརྟེན་པ་ཉིད།། གཞན་ཡང་རང་བྱུང་མཆོད་རྟེན་ཚོགས།། ངེས་དང་མ་ངེས་དབྱིབས་ལྡན་པ།། མང་ཞིག་ཕྱོགས་ཀུན་ཁྱབ་པ་སྟེ།། ཕལ་ཆེར་ས་འོག་ཉིད་དུ་གནས།། རིམ་གྱིས་འབྱུང་ཞིང་སྣང་བར་གྱུར།། མདོར་ན་རི་བྲག་ནགས་ཚལ་དང་།། གཡའ་དང་སྤང་ལྗོངས་ཐམས་ཅད་ལྷ།། རྡོ་ཀུན་རང་བཞིན་མཆོད་རྟེན་སྟེ།། ཆུ་ཀུན་བདུད་རྩི་འོ་མའི་ཆུ།། ཡན་ལག་བརྒྱད་ལྡན་སྔགས་སྒྲ་སྒྲོགས།། ཆུ་རྒྱུན་འཁྱིལ་ཞིང་བབ་པ་ཡང་།། དབྱངས་གསལ་ཡི་གེ་དུ་མར་སྣང་།། བཅུད་ལྡན་དཀའ་ཐུབ་ཅན་གྱི་ཟས།། ལྡུམ་བུའི་ཟས་ཀྱིས་བར་མེད་ཁྱབ།། ནུས་ལྡན་སྨན་རྣམས་གཟི་འོད་འབར།། སྡོད་ན་བག་ཕེབས་བལྟ་ན་མཛེས།། ཟས་སྐོམ་སྲེད་པ་ངང་གིས་ཆུང་།། སྲིས་རྨེ་བཅུད་དང་ལྡན་པ་སྟེ།། ཁྱད་པར་ལོངས་སྤྱོད་འཕེལ་བའི་གནས།། རྒྱས་པའི་དངོས་གྲུབ་རབ་ཏུ་མྱུར།། ཁྱུང་རྫོང་ཞེས་བྱ་འདི་ཉིད་ཀྱང་།། བདག་ཉོད་ཆེན་པོ་པདྨ་ཡིས།། སྔོན་ཚེ་ཉེ་བར་བསྟན་པའི་ཚེ།། གཏེར་སྦས་མཚན་མའང་གསལ་བར་སྣང་།། འདི་ནི་ཐུགས་རྗེ་ཆེན་པོའི་སྐུ།། ཕྱག་གཉིས་མཆོད་སྦྱིན་བསྐྱངས་བ་ལས།། གཡས་གཡོན་བདུད་རྩི་འབབ་བའི་ཚུལ།། ཅུང་ཟད་ནུབ་ཀྱི་ངོས་ན་ནི།། རྒྱལ་བ་བྱམས་པ་བྲམ་ཟེའི་ཚུལ།། དཀར་ཞིང་ཆོས་འཆད་ཕྱག་རྒྱ་ཅན།། བཟང་པོའི་སྟབས་ཀྱིས་བཞུགས་པ་ཉིད།། མཁའ་རྫོང་ཞེས་བྱ་མདུན་ངོས་ཀྱི།། རི་བོའི་ངོས་ཀྱི་ལྷ་སྐུ་དང་།། མཆོད་པའི་ལྷ་མོ་གར་བྱེད་ཚུལ།། དུ་མ་རབ་ཏུ་གསལ་བར་སྣང་།། བཀྲ་ཤིང་སྒང་ཞེས་བྱ་བ་ཡི།། གཡས་ངོས་ཆུ་རྒྱུན་འབབ་པའི་འགོ།། བྲག་གི་ངོས་ལ་སྤྱན་རས་གཟིགས།། བྱམས་པ་དང་བཅས་རབ་ཏུ་བཀྲ།། དེ་ངོས་ཆུ་རྒྱུན་འབབ་པ་ཡི།། འབྲེལ་ཚད་སྐྱེ་འགྲོའི་སྡུག་བསྔལ་སེལ།། དེ་ལ་སོགས་པ་རེ་རེ་བཞིན།། མ་ལུས་བརྗོད་པ་ག་ལ་ནུས།། རྣལ་འབྱོར་ལྡན་པ་རྣམས་ཀྱིས་ནི།། ཡུལ་སྟེང་མཉམ་པར་བཞག་པ་ལས།། ལྷ་དང་ཡིག་འབྲུ་ཕྱག་མཚན་སོགས།། ངེས་དང་མ་ངེས་སྣ་ཚོགས་ཀྱི།། འཆར་ཚུལ་རྟོགས་པའི་སྤྱོད་ཡུལ་མིན།། ཕོ་བྲང་ཆེན་པོ་དང་དངོས་འདི་ཡང་།། པདྨ་འདབ་བཞི་འདབ་བརྒྱད་དང་།། ཤར་ནུབ་འདབ་ཆུང་གཉིས་ལྡན་པ།། བདེ་ལེགས་ལྷ་མོ་བཅོ་ལྔ་ཡིས།། དཀྱིལ་འཁོར་གྱིས་ནི་ལྟེ་བའི་ཚུལ།། རབ་ཏུ་གསལ་བར་གནས་པ་ནི།། མཁའ་འགྲོ་ཕལ་གྱི་སྣང་བ་སྟེ།། འདི་ནི་ཕྱི་ལྟར་དངོས་དོན་ལ།། ཅུང་ཟད་ཉེ་བའི་མཐོང་ཚུལ་ཡིན།། འདི་ཡང་དཔྱིད་དུས་ཆབ་རོམ་རྣམས།། འཇུ་བར་རྩོམ་ཚེ་མཐོང་བར་སྲིད།། གང་ལྟར་གཞལ་ཡས་ཁང་ཆེན་པོ།། གྲུ་བཞི་སྒོ་བཞི་ལྡན་པ་སྟེ།། ལྷ་ཚོགས་མ་ངེས་དུ་མར་འཆར།། རྣལ་འབྱོར་ལྡན་པ་རྣམས་ཀྱིས་ནི།། ཕལ་ཆེར་རྨི་ལམ་ནང་དུ་མཐོང།། གསང་བ་དུས་ཀྱི་འཁོར་ལོ་ཡི།། དཀྱིལ་འཁོར་ཆེན་པོར་གནས་པ་སྟེ།། བླ་ཡིས་བླངས་བའི་རྣམ་པ་ཡིས།། སྐུ་ཡི་སྟེགས་བུས་མཚོ་མཐའི་ཚད།། རྣམ་པར་ནོན་པའི་རྒྱ་ཚད་དེ།། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི།། གཞལ་ཡས་རིམ་གྱིས་གོང་དུ་བརྩེགས།། ལྷ་ཚོགས་མ་ལུས་བཞུགས་པ་སྟེ།། མ་འོང་དུས་ཀྱི་འཁོར་ལོ་ཡི།། བསྟན་པ་དར་བའི་གནས་ཡིན་སྙམ།། འདི་ཡང་རྣལ་འབྱོར་ཅན་རྣམས་ཀྱིས།། དངོས་ཉམས་རྨི་ལམ་དག་ཏུ་མཐོང་།། མདོར་ན་གྲུབ་པའི་གནས་འདི་ནི།། བདེ་བ་ངང་གིས་འཆར་བ་སྟེ།། བླ་མེད་ཐེག་ཆེན་སྒྲུབ་པའི་གནས།། ན་བུན་སྤྲིན་གྱིས་ལང་ལོང་གཡོ།། སྒྱུ་མའི་རང་བཞིན་ཤུགས་ཀྱིས་འཆར།། ཞིང་སྐྱོང་གནས་སྲུང་ཚོགས་རྣམས་ཀྱིས།། རྨི་ལམ་བཟང་ངན་སྣ་ཚོགས་སྟོན།། ཉམས་ཀྱི་དྲོད་ཚད་ཉུལ་བར་བྱེད།། དེ་ཕྱིར་རྨི་ལམ་སྦྱོང་བའི་གནས།། དབང་རྣོན་རྟོགས་པ་མཐོ་བ་རྣམས།། འོད་གསལ་ཉིན་མཚན་གསལ་བ་དང་།། རྟེན་འབྲེལ་མཁྱེན་པའི་འཆར་སྒོ་རྣམས།། གྲུབ་པའི་གནས་ལ་འདི་རྨད་བྱུང་།། འདི་དག་རང་གིས་གོ་བ་ཙམ།། བརྗོད་ཀྱིས་སྔ་མའི་ཡིག་ཆ་དང་།། ལུང་ལ་བརྟེན་པ་མ་ཡིན་ནོ།། དེ་ལྟར་སྒྲུབ་བའི་བསྟི་གནས་འདིར་།། གནས་པར་འདོད་པ་དེ་དག་ཀྱང་།། ཚེ་འདིའི་བྱ་བ་བློ་ཡིས་ཐོངས་།། གཞན་དུ་དབེན་པའི་དགོས་པ་ཅི།། ཟིན་མེད་ལས་ལ་ཕྱི་ཕྱག་འཚོལ།། གཞན་དུ་ལྷ་ཡིས་བྱིན་མི་རློབས།། ཉམས་ལེན་ཁ་ཞེ་རྡོ་རུས་སྲེས།། སྙིང་ནས་དམ་ཆོས་ཁོ་ནར་དྲིལ།། སྐྱེ་རྫོགས་སྙིང་པོ་རྩེ་གཅིག་སྒོམ།། སྣ་ཚོགས་སྐད་དང་མཐོང་སྣང་དང་།། བདེ་སྡུག་སེམས་ཀྱི་མཐོ་དམན་སོགས།། སྣ་ཚོགས་འཆར་སྟེ་དངོད་གྲུབ་ཡིན།། གང་ལའང་རེ་དོགས་མི་བྱེད་པར།། རིག་པའི་རྩ་བ་ཆོས་ལ་ཞོགས།། དེ་ཚེ་འདི་དང་གཞན་གྱིས་ཀྱང་།། ཡོན་ཏན་རང་གིས་མཐོང་བར་འགྱུར།། དེ་ལྟར་གྲུབ་པའི་གནས་འདི་ལ།། ཅུང་ཟད་བསྔགས་བྱ་འདི་ཡིས་ཀྱང་།། འགྲོ་ཀུན་རྡོ་རྗེ་ཐེག་པ་ཡིས།། ཟབ་མོའི་སྣོད་དུ་སྨིན་གྱུར་ཅིག། ཅེས་པ་རྣལ་འབྱོར་གཙུག་ལག་ཕྲེང་བའི་གྲུབ་པའི་གནས་མཆོག་མཚོ་དཀར་གྱི་ཡང་དབེན་ཁྱུང་རྫོང་རྒྱལ་བའི་ཕོ་བྲང་དུ་ས་ཕོ་སྤྲེའུའི་ལོ་ཟླ་བ་བདུན་པའི་ཉེར་བཞི་ལ་སྦྱར་བའོ།། དེ་ཡང་སྔོན་གྱི་དུས་དུ་ཀརྨ་པ་ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དང་།། རས་དཀར་བ་ཐུགས་རྗེ་རྒྱལ་མཚན་དཔོན་སློབ་གཉིས་ཀྱིས་མཚོ་དཀར་འདི་ཉིད་ཀྱི་ཤར་ཕྱོགས་བདེ་ཆེན་སྨེ་མོ་ལ་ནས་བྱོན་ཏེ་གནས་ཀྱི་སྒོ་ཕྱེས།། ཆོས་ཀྱི་ལུང་བསྟན།། གཟིགས་སྣང་ཐམས་ཅད་གཏན་ལ་ཕབ།། ཚོགས་ཁང་གཟིམ་ཁང་སྤྱིལ་ཕྲན་དང་བཅས་པ་བརྒྱབ་ནས་བསྟན་པ་དར་རྒྱས་སུ་མཛད་དེ་ནུབ་སྒོ་ལྟར་ཡར་བྱོན་ནོ།། དེ་ཡང་སྔོན་དུ་གཏེར་སྟོན་གུ་རུ་ཆོས་དབང་དེ་ཉིད་ཀྱིས་ཆོས་འབྱུང་ཐང་ནས་ཡར་བྱོན་པས་བྲག་ཁྲ་རིང་ཡང་ཟེར། སྟག་རི་ཞེས་བྱ་བ་ལ་དཔལ་ལྡན་ལྷ་མོའི་ཕོ་བྲང་གཟིགས།། བྲག་སྣ་དེར་ཚེ་དཔག་མེད་ཀྱི་སྐུ་དང་ཚེ་ཆུ་གཟིགས།། ཕུག་པའི་ནང་དུ་ཆོས་རྗེ་གཙུག་ལག་ཕྲེང་བས་ཕག་མོ་དབུ་བཅད་མའི་སྐུ་གཟིགས། དེའི་གན་དུ་སྤྲུལ་སྐུ་ནོར་བུ་རྒྱན་པས་ཕག་མོའི་དཀྱིལ་འཁོར་སུམ་བརྩེགས་སུ་གཟིགས།། གཏེར་སྟོན་རཏྣ་གླིང་པས་རྡོ་རྗེ་འཇིགས་བྱེད་དང་།། དབང་ཆེན་ཟིལ་གནོན།། གཤིན་རྗེ་གཤེད་དམར།། འཇམ་དཔལ་གདོང་དྲུག་ལ་སོགས་པ་ཨོ་རྒྱན་ལམ་ཡིག་ནས་གསུངས་པ་ལྟར་ཞལ་གཟིགས།། དེ་ནས་ཡར་ཕྱིན་པས་སྟེང་དེར་ཞྭ་དམར་བ་དྲུག་པའི་མཁའ་འགྲོ་ཁྲུས་ཀྱི་རྫིང་བུ་ཆུ་བབ་པ་གོང་འོག་གཉིས་ཡོད།། དེར་ཁྲུས་བྱས་ན་བསྐལ་བ་སྟོང་གི་སྡིག་སྒྲིབ་དག་པར་གསུངས་སོ།།

        དེ་ནས་ཡར་ཕྱིན་པའི་གོང་དེར་ཞྭ་དམར་ཆོས་ཀྱི་གྲགས་པས་སྒོ་སྲུང་ངང་པའི་གདོང་ཅན་གཟིགས།  དེ་ནས་ཡར་ཕྱིན་པའི་ནམ་འཕང་སྟེང་གི་ཆུ་འགྲམ་དེར་ཞྭ་དམར་ཆོས་ཀྱི་གྲགས་པས་དུར་ཁྲོད་བསིལ་བ་ཚལ་དང་།། མཁའ་འགྲོ་མ་སུ་ཀ་པ་ཏིའི་ཞབས་རྗེས་གཟིགས། དེར་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་བཞུགས་ཁྲི་ཡོད།། དེ་ནས་ཡར་ཕྱིན་པ་ན་ཞྭ་དམར་ཆོས་ཀྱི་གྲགས་པས་གཤིན་རྗེ་གཤེད་ཀྱི་སྐུ་གཟིགས། དེའི་གཡས་གཡོན་དུ་ཕ་ཝཾ་གསེར་སྒྲོམ་གཡུ་སྒྲོམ། མགོན་པོ་བརྟེན་མཁར་ལ་སོགས་པ་དང་།། བྲག་སྦྲུལ་ཐུར་དུ་རྒྱུགས་པ་འདྲ་བ་ཡོད་ཅེས་ཨོ་རྒྱན་ལམ་ཡིག་ཏུ་གསུངས་པ་འདི་རྣམས་ཡིན།། དེ་ནས་ཡར་ཕྱིན་པའི་སྟེང་དེར་ཀློ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཆོས་འབྱུང་དང་སྐྱེམས་གཡག་གི་ཞབས་རྗེས་གསལ་བར་ཡོད།

       དེ་ནས་ཡར་ཕྱིན་པའི་ལ་ཁ་དེར་ཆོས་རྗེ་རོལ་པའི་རྡོ་རྗེས་གཡོན་གྱི་དོ་བོ་ལ་ལྷོ་བཙན་ནག་པོ། གཡས་ཀྱི་བྲག་ལ་རྡོ་རྗེ་གཡུ་སྒྲོན་མའི་ཕོ་བྲང་གཟིགས། དེར་གཏོར་མ་ཕུལ་གསོལ་འདེབས་ཀྱང་བྱའོ།། དེ་ནས་ཕར་བལྟས་པས་ཙ་རི་རྙིང་མའི་དྭགས་པ་ཤེལ་རིས་གཙོ་བྱས་པའི་རྙིང་མའི་རི་ཕལ་ཆེར་མཐོང་ངོ།། དེར་ཕྱག་འཚལ་རང་རང་གི་སྨོན་ལམ་རྒྱས་པར་བཏབ་བོ།། དེ་ནས་མར་ཕྱིན་པས་ཇོ་བོ་ཁ་སར་པ་ནི་མཆེད་གཉིས་ཀྱི་སྐུ་ཡོད། རྫ་རི་དེ་རྣམ་སྲས་ཀྱི་སྐུར་གཟིགས། ཚུར་ངོས་ཀྱི་བྲག་དཀར་དེ་སྒྲོལ་མའི་ཕོ་བྲང་གཟིགས། དེ་ནས་མར་ཕྱིན་པ་ན་འབྲང་ནི་གཡུ་ཐང་བདེ་བའི་སྟོད་ན་གངས་སེང་ཎ་ཞེས་བྱ་བ་ལ་མཁའ་འགྲོ་གསང་བའི་སྒོ་སྲུང་གནས་སོ།། དེའི་འོག་ཕྱོགས་ཀྱི་རི་ལྡེབས་དེར་གཏེར་སྟོན་གུ་རུ་ཆོས་དབང་གིས་རྣམ་པར་སྣང་མཛད་ལ་སེམས་དཔའ་སེམས་མ་བཅུ་དྲུག་གིས་བསྐོར་བ་ཞལ་གཟིགས། དེའི་གཡས་གཡོན་དུ་སྒྲོལ་མ་སྔོན་ལྗང་གི་སྐུ་ཞལ་གཟིགས། དེར་གཏོར་མ་དང་མཎྜལ་ཕུལ། ཆུ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིན། འཐུང་ཞིང་ཁྲུས་བྱས་ན་ཚེ་རིང་བ་དང་སྒྲིབ་པ་དག་པར་གསུངས་སོ།། དེ་ནས་མར་ཕྱིན་པས་རྫ་ལམ་གྱི་ཆུ་རྡོལ་བ་དེར་ཀླུ་སྦྲུལ་མགོ་བདུན་པ་གནས་སོ།། གོང་ཕྱོགས་དེར་ཞྭ་དམར་དྲུག་པའི་ཨོ་རྒྱན་ཟ་ཧོར་མའི་སྐུ་གཟིགས། དེ་ནས་ཕར་ཕྱིན་པ་ན་མགོན་པོ་སྟག་བཞོན་ཅན་གྱི་སྐུ་ཡོད། དེར་སྟག་ཕུག་ཅེས་བྱ་སྟེ་འདི་ན་སྔོན་ཀློ་མི་བདུན་གནས་ཀྱི་རི་དྭགས་དང་སྒྲུབ་པ་སོགས་ལ་གནོད་པ་བྱེད་དུ་འོང་བ་ལ། ཀློ་མི་དྲུག་ཕུག་པའི་ཞབས་སུ་བསྡད་ཅིང་གཅིག་ཆུ་ལེན་དུ་ཕྱིན་པས་མཐོང་བ་ལ། བེན་དེ་སྟག་ལ་བཞོན་པ་གཅིག་གིས་ཕུག་པའི་ཐོད་གྲིས་གཅོད་པ་མཐོང་བ་དང་། མི་དྲུག་པོ་ཕུག་པའི་ཞབས་སུ་བརྡིབས་པས་ཤིན་ཏུ་སྐྲག་སྟེ་བྲོས་ནས་ཀློ་ཡུལ་དུ་སླེབས་པ་དང་ཤིའོ།། ཕུག་པའི་བྲག་ལོགས་ན་མགོན་པོ་སྟག་བཞོན་ཅན་གྱི་སྐུ་གསལ་བར་ཡོད་དོ།། དེ་ནས་ཕྱིན་པ་དང་མགོན་སྤྲེལ་གདོང་ཅན་གྱི་སྐུ་ཡོད། དེ་ནས་རི་ལྡེབས་ན་ཡར་བལྟས་པས་བྲག་མདུང་རྩེ་གཟིང་པ་འདྲ་བ་ལ་ཨེ་ཀ་ཛ་ཏི་མ་མོ་རྒྱུད་ཀྱི་ཆོས་སྐྱོང་གིས་བསྐོར་བ་ཡོད། དེ་ནི་ཨོ་རྒྱན་དང་བི་མ་ལའི་ལམ་ཡིག་དུ་ཡང་གསུངས་སོ།།

       དེ་ནས་མར་ཕྱིན་པ་དང་རྟ་མཆོག་གི་ཁ་ནས་ཆུ་བབ་པ་ཡོད།  དེའི་འོག་ཕར་ངོས་སུ་མགོན་པོ་བེར་ནག་ཅན་གྱི་སྐུ་ཡོད། དེ་ནས་ཕར་ཕྱིན་སྟེ་ནགས་ལའི་ལ་རྩེ་དེར་རྡོ་རྗེ་གཡུ་སྒྲོན་མ་ལ་གཏོར་མ་འབུལ། དེའི་སྟོད་བྱང་ཆུབ་ཆེན་པོའི་མཆོད་རྟེན། དེའི་རི་རྒྱུད་དེ་བསྟན་མ་བཅུ་གཉིས་ཀྱི་ཕོ་བྲང་། སྤང་ལའི་གོང་གི་རི་ནག་པོ་དེ་མགོན་པོ་ཏྲག་བཤད་ཀྱི་ཕོ་བྲང་གཟིགས། ཚུལ་ཁང་འགྲམ་དེར་དངོས་གྲུབ་ཀྱི་བམ་རོ་གཟིགས། ཡན་ལག་བརྒྱད་ལྡན་གྱི་ཆུ་དང་། འཛམ་སེར་གྱི་ཕོ་བྲང་གཟིགས། དེ་ནས་ནགས་ལའི་རྩེ་ནས་མར་ཕྱིན་པས་ཚེ་དཔག་མེད་གཙོ་འཁོར་གསུམ་དང་རྣམ་རྒྱལ་མཆོད་རྟེན། རི་དྭགས་ཤྭ་བ་ར་ཎ་ཞལ་གཟིགས། དེར་ཚེ་ཆུ་ཡོད་པས་ཚེ་ཆུ་ཕུག་ཏུ་གྲགས། དེའི་འོག་ཕྱོགས་དེར་ཀླུ་མོ་སྟག་གི་གདོང་ཅན་གྱི་སྐུ་ཤིན་ཏུ་གསལ་བ་ཡོད།  དེ་ནས་མར་ཕྱིན་པ་ན་ཀློ་བོ་ཞེས་པའི་གྲོང་ཁྱེར་ཡོད། བི་མ་ལའི་ལམ་ཡིག་ནས་ཀྱང་གསུངས་ཏེ། ཆོས་རྗེ་རོལ་པའི་རྡོ་རྗེས་ཀྱང་རྡོ་རྗེ་ཕག་མོའི་གནས་གནམ་ས་ཐམས་ཅད་གྲུ་གསུམ་དུ་ཡོད་པ། རི་ཐམས་ཅད་གིང་ཕོ་མོ་ཁྲོས་པ་འདྲ་བ། བྱང་ཕྱོགས་སུ་བྲག་ལྡུམ་ཞིང་འདུམ་པ་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་བཞུགས་པ། དེའི་འོག་ཕྱོགས་དེར་ཨོ་རྒྱན་གྱི་སྒྲུབ་ཕུག་ཏུ་མཁའ་འགྲོའི་ཚོགས་ཁང་དང་འཁར་རྔ་ལ་སོགས་པ་ཡོད། གནས་དེ་ནི་དཔའ་བོ་དང་མཁའ་འགྲོའི་གྲོང་ཁྱེར་ཡིན་ཏེ། རིགས་ལྡན་གྱི་ཕོ་མོ་གཉིས་ཀྱང་རྒྱུན་མ་ཆད་པར་འོང་ངོ་། །དེར་རྣལ་འབྱོར་པའི་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཟས་འབྲེལ་ཀྱང་སློང་ངོ་། །དེ་ནས་ཀློ་བོ་ན་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཆོས་རྒྱལ་རོང་ལྟར་ཡར་བྱོན་དུས་ལམ་འདི་ནི་བླ་མ་མཁའ་སྤྱོད་བཟང་པོ་དང་། ཕྱག་ཆེན་པ་འཇམ་དཔལ་བཤེས་གཉེན་དཔོན་སློབ་གཉིས་ཀྱིས་ཕྱེས་པའོ།། གཟིགས་སྣང་ནི་ཞྭ་དམར་ཆོས་ཀྱི་གྲགས་པ་དཔལ་ཡེ་ཤེས་བཟང་པོས་ཕྱེས་སོ། །འདིར་ནི་མ་བྲིས། རྒྱས་པ་ལམ་ཡིག་གསལ་སྒྲོན་དུ་བལྟ་བར་བྱའོ། །དེ་ལྟར་ཙ་རི་མཚོ་དཀར་སྤྲུལ་པའི་ཕོ་བྲང་གི་གནས་ཡིག་སྔོན་ནས་དཔེ་རྒྱལ་བའི་དབང་པོས་ཕྱག་དམ་སྦྱར་བ་ཡོད་ཀྱང་བར་སྐབས་སེམས་ཅན་གྱིས་ཟོས་ནས་མེད་པ་དང་། དེ་རྒྱབ་ཕྱག་ཆེན་བསོད་ནམས་འབྱོར་རྒྱལ་གྱིས་གསར་པ་གཅིག་བྲིས་འདུག་རུང་ལོ་མང་སོང་བའི་སྟབས་ཀྱིས་འཁྲུལ་སྐྱོན་སོང་འདུག་པར་བརྟེན། ཕྱག་ཆེན་འགྱུར་མེད་ཀྱིས་གསར་བཤུས་གཏོང་དགོས་པའི་བཀའ་ཕེབས་ལྟར། ལམ་ཡིག་ཁུངས་བཙུན་རྣམས་དང་ཁྱད་པར་མཚོ་དཀར་རང་གི་གནས་ཡིག་རྒད་པོ་དེ་རང་ལ་དཔེ་བྱས་ཏེ་ཀློ་བོ་ཟམ་སྣེས་སྒྲུབ་མིང་སྤྲུང་འཁྱམ་པ་བསྟན་འཛིན་བཟང་པོས་མེ་སྟག་ཟླ་བདུན་པའི་ཚེས་ཉེར་གསུམ་ནས་དབུ་བརྩམས་ཏེ་ཉེར་བརྒྱད་ཉིན་ལེགས་པར་གྲུབ་པ་ལགས། ཤོག་བུ་བཅུ་ཕྲག་གསུམ་དང་མཚལ་གྱི་འབྲེལ་བ་ཕྱག་ཆེན་བསོད་ནམས་འབྱོར་རྒྱལ་གྱིས་བྱས། དགེ་བས་འགྲོ་ཀུན་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག།།།
                                                           དབང་འདུས་ཀྱིས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060