གནས་ཡུལ། མདུན་ངོས། ཆོས་སྡེ།
 
 
༄༅།།འབྲུག་བྱང་ཆུབ་ཆོས་གླིང་།
སྤེལ་དུས།2008-03-11   ཡོང་ཁུངས་།   རྩོམ་པ་པོ། ཁོན་ཐར་གྱིས་ཞུ་དག་བྱས།


       གྲུབ་མཐའ། འབྲུག་པ་བཀའ་བརྒྱུད། འདེབས་ལོ། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་། འདེབས་མཁན། གླིང་རས་ཀྱི་ཐུགས་སྲས་འགྲོ་མགོན་གཙང་པ་རྒྱ་རས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་ཁོངས་ཆུ་ཤུར་རྫོང་གནམ་ཕུ། སྣེ་མོ་ཤང་།
     འགྲོ་མགོན་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་གཞོན་ནུ། བོད་རབ་བྱུང་གསུམ་པའི་ལྕགས་སྦྲུལ་ལོ་སྤྱི་ལོ་1161མྱང་སྟོད་ཞུ་ལེ་ཡུལ་ལ་ཡབ་རྒྱ་ཟུར་ཕོ་ཚབ་པེ་དང་ཡུམ་མར་བཟའ་དར་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་ཡུམ་གཤེགས། དགུང་ལོ་བཅུ་གཉིས་ནས་ཉི་ཤུ་རྩ་གཉིས་བར་གསང་སྔགས་གསར་རྙིང་གི་ཆོས་མང་དུ་གསན། དེ་ནས་གྲུབ་ཆེན་གླིང་རས་པའི་དྲུང་དུ་ལོ་ལྔ་ཙམ་རིང་གདམས་ངག་ཐམས་ཅད་གསན་ནས་གླིང་རས་པའི་ཐུགས་སྲས་སུ་གྱུར། དེ་ནས་སྤྱི་ལོ་1194དགུང་ལོ་སོ་གསུམ་ལ། གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པའི་དྲུང་དུ་བྱོན་ནས། བླ་མས་མཁན་པོ་མཛད། རྩི་འདུལ་འཛིན་གྱི་སློབ་དཔོན་མཛད་ནས་རབ་བྱུང་དང་བསྙེན་རྫོགས་སྟབས་ཅིག་ཏུ་མཛད་﹙དེ་ལ་ཚིག་རྫོགས་བསྒྲུབ་ཟེར།﹚ནས་མཚན་ཡེ་ཤེས་རྡོ་རྗེ་ཞེས་གསོལ། བླ་མ་ཞང་གི་ལུང་བསྟན་ལྟར་ཆུ་ཤུར་རྫོང་གནམ་ཕུར་འབྲུག་ཅེས་བྱ་བའི་དགོན་པ་ཕྱག་བཏབ། རྒྱ་རས་ཆོས་རྗེ་དང་སློབ་དཔོན་རྣམས་རྩེ་བོ་ལར་ཕེབས་དུས། ད་ལྟའི་གནས་ཡོད་ས་ལ་འབྲུག་མ་སྨད་དགུ་བབས་ནས་ནམ་མཁར་སོང་སྐབས་འབྲུག་སྒྲ་དྲག་པོ་ཐེངས་འགར་གྲགས་པས་དགོན་མིང་དུ་འབྲུག་དགོན་པ་བཏགས། ལོ་དེ་རང་དུ་དགེ་འདུན་བཞུགས་གནས་ཀྱི་སྤྱིལ་བུ་སྟོང་དུ་ལོངས། དེ་ནས་ཀྱང་རི་སུལ་ཐམས་ཅད་དུ་དར་བས་སློབ་མ་ཁྲི་ལྔ་ཙམ་ཚོགས། དེ་ཐམས་ཅད་ཡང་དག་པའི་གདམས་ངག་བྱིན་ནས་རབ་འབྲིང་གསུམ་དུ་ཕྱེ་སྟེ་འཁོར་འགྱེད་དང་པོ་བཏང་། རབ་རྣམས་ནི་འཇའ་ལུས་བསྙེས། འབྲིང་རྣམས་ཨོ་རྒྱན་ཤཾབྷ་ལ། སིངྒ་ལ། གསེར་གླིང་ཟགས་གླིང་སོགས། མཐའ་མ་རྫ་ལནྡྷེ་ར་ནས། རྒྱ་ནག་པོ་ཚུན་གྱི་རི་བོའི་ཁྲོད་དུ་བརྫངས་པས་ཐམས་ཅད་གང་བར་བྱས། དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཕུར་ཐུབ་པའི་ཚད་བར་ཁྱབ་ཅེས་
གྲགས་སོ། །  
      དེ་ལྟར་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དགུང་ལོ་ལྔ་བཅུ་རྩ་གཅིག་ལ་འགྲོ་དོན་གྱི་འཕྲིན་ལས་ཐམས་ཅད་རྫོགས་ནས་རབ་བྱུང་བཞི་པའི་ལྕགས་མོ་ལུག སྤྱི་ལོ1211དབྱར་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བཅུའི་ཐོ་རངས་ལ་འབྲུག་དགོན་པར་སྐུ་གཤེགས། དཔལ་འབྲུག་པ་བཀའ་བརྒྱུད་པའི་གདན་སའི་གཙོ་བོ་ནི་གོང་དུ་སྨྲས་ཟིན་པའི་འབྲུག་དགོན་དང་། གཙང་མྱང་སྟོད་ས་ཆར་གླིང་རས་ཀྱི་ལུང་བསྟན་པ་བཞིན་གཙང་པ་རྒྱ་རས་ཀྱི་ཕྱག་བཏབ་པའི་ར་ལུང་དགོན་དེ་གཉིས་ཡིན། སྤྱིར་ན་མི་ཕྱེད་འབྲུག་དང་། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཟེར་བ་འབྲུག་ཆོས་འབྱུང་དུ་གསལ་བ་དང་། བྱེ་བྲག་འབྲུག་པ་བཀའ་བརྒྱུད་ཀྱི་སློབ་མའི་ཚོགས་མང་དུ་མཆིས་ནས་གཙང་པ་རྒྱ་རས་ཀྱི་ཐུགས་སྲས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་སྟོད་འབྲུག་བྱུང་བའི་ཡུལ་ནི། ལ་དྭགས། བལ་ཡུལ། སྐྱིད་རོང་། གཉའ་ནམ། མངའ་རིས་དང་། རྒྱལ་བ་ལོ་རས་དར་མ་དབང་ཕྱུག་ལས་སྨད་འབྲུག་བྱུང་བ་དེ་དག་གི་ཡུལ་ནི། མདོ་ཁམས་སྡེ་དགེའི་ཁུལ་གླིང་ཚང་། རྫ་རྒྱུད། འགོ་ལོག ཡུན་ནན་གྱི་འཇང་ཡུལ་སོགས་སུ་ཁྱབ། བར་འབྲུག་ནི། དབུས་གཙང་གཉིས་སུ་ཡོད་པའི་གདན་ས་གནམ་འབྲུག་དགོན་དང་། ར་ལུང་དགོན་གཙོ་བྱས་པའི་ཕྱོགས་དེར་ཟེར། གཞན་ཡང་། གཙང་སྨྱོན་དང་། དབུས་སྨྱོན། འབྲུག་སྨྱོན་ཟེར་བའི་གྲུབ་ཐོབ་ངོ་མཚར་ཅན་མང་དུ་བྱོན་པ་ཡིན་ནོ། །
    དགོན་གནས་དེ་རིག་གནས་གསར་བརྗེ་ཟེར་བའི་སྐབས་རྩ་གཏོར་སོང་ནས་ཉེ་དུས་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་སྐོར་བཞུགས་ཡོད་པ་ལགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060