| གྲུབ་མཐའ། འབྲི་གུང་བཀའ་བརྒྱུད། འདེབས་ལོ། བོད་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྤྱི་ལོ་1760 འདེབས་མཁན། འབྲི་གུང་གདན་རབས་ཉེར་དྲུག་པ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་། འབྲི་གུང་རེབ་མདོ་སྒང་ཤང་། སྒྲུབ་སྡེ་འདི་ཐོག་མར་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་གཟིམ་སྤྱིལ་བཏབ་ནས་དེར་སྒྲུབ་པ་མཛད། དེ་ནས་གདན་རབས་ཉེར་གཅིག་འཕགས་ཡུལ་སྒྲུབ་པའི་དབང་ཕྱུག་ནཱ་རོ་པའི་རྣམ་འཕྲུལ་རྩོད་མེད་གྲགས་པ་བཀྲ་ཤིས་ཕུན་ཚོགས་ཉིད་ཀྱིས་གཡབ་ལས་བསམ་གཏན་གྱི་ཁང་བུ་རང་གཤོང་ཞིག་བཏབ་སྟེ་སྒྲུབ་པ་ཡུན་རིང་མཛད། དེ་རྗེས་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་གྱིས་གཟིམ་སྤྱིལ་གཡས་གཡོན་ཕྱི་ནང་ཚང་མ་རྒྱ་བསྐྱེད་མཛད་དེ། གུ་རུ་མཚན་བརྒྱད་ཀྱི་གཙོས་སྐུ་གསུང་ཐུགས་རྟེན་བསམ་གྱི་མི་ཁྱབ་པ་བཞེངས་ཡོད་པ་དང་། སྒྲུབ་སྡེའི་གཡས་རི་གཡོན་རི་དབུ་རྩེ་སོགས་ལ་ཚེ་རིང་མཆེད་ལྔའི་ཕོ་བྲང་། བཀའ་བརྒྱུད་ཕོ་བྲང་། བདེ་མཆོག་ལྷ་ལྔའི་ཕོ་བྲང་། ཨ་ཕྱི་ཆོས་སྒྲོན་གྱི་ཕོ་བྲང་སོགས་རང་བྱོན་གནས་བཤད་མང་པོ་སྐྱོན་རྒྱུ་ཡོད་པ་རེད། སྒྲུབ་སྡེ་འདི་ལ་འབྲོང་ངུར་བླ་མ་ཞེས་འབྲི་གུང་རྫོང་ནས་ཆེད་བཀོད་ལས་སྣེས་བདག་གཉེར་མཛད་ཀྱི་ཡོད་པ་དང་། འབྲི་གུང་སྤྲེལ་ལོ་བཀའ་ཆོས་ཆེན་མོ་ཟེར་བ་དེ་ཡང་གནས་དེར་ཚོགས་ཀྱི་ཡོད་པ་རེད། སྤྱི་ལོ་1988ལོར་སྒྲུབ་སྡེ་ཉམས་གསོ་ཞུས་ནས་ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་བཞི་བཞུགས་སོ། ། |