| ཨོཾ་སྭ་སྟི
བདེ་ཆེན་ཀ་དག་དབྱིངས་ཀྱི་ཀློང་ཡངས་ནས།།
བརྗིད་ཆགས་གཟི་ལྡན་པདྨ་ཐོད་ཕྲེང་རྩལ་།།
ཉམ་ཐག་གདོང་དམར་བྷོ་ཊའི་ལུས་ཅན་གྱི།།
དུཿཁའི་མུན་སེལ་སྣང་བྱེད་མཆོག་ཁྱེད་རྒྱལ།།
མ་རུང་འབྱུང་པོའི་གདོན་གྱིས་རབ་མྱོས་པའི།།
སྐྱེ་བོ་ཡ་ང་ཀུན་བྲལ་འདུལ་བའི་ཕྱིར།།
ཞབས་པད་འོད་ཀྱིས་གསལ་མཛད་གནས་རྣམས་ཀྱི།།
ཟུར་ཕྲན་ཕུག་ཆུང་འདི་ཡང་ངོ་མཚར་བརྟས།།
དེའི་ཕྱིར་བཀའ་ཐང་ཙམ་ལས་གཞུང་གཞན་གྱི།།
ལོ་རྒྱུས་མེ་ལོང་ངོས་སུ་ཕུག་འདི་ཡི།།
བྱས་བཞིན་མ་གསལ་རྒན་བཙུན་ཞལ་བབ་ཀྱི།།
དལ་འགྲོའི་ལོག་སྣང་གཟུགས་བརྙན་ཅུང་ཟད་སྤྲོ།།
དེ་ཡང་འདིར་གང་ཞིག་གླེང་བར་བྱ་བ་ནི་རིན་ཆེན་སྟོང་གི་བསྒྲུན་མེད་སྐྱེ་བོ་འདི་ཕྱི་གཉིས་ཀྱི་བདེ་བའི་འཇུག་ངོགས་གཏམ་བཤད་ཙམ་ལ་ངོ་མཚར་དུ་འཛིན་པ་ལས་ལྡོག་པ་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོའི་ཞབས་ཀྱིས་བཅག་པའི་རྟེན་གནས་བྱིན་ཅན་ཡུལ་མིང་ཚིག་ཟུར་ཕུག་པར་ཆགས་པ་སྒོག་ཆུང་ཕུག་འདིའི་བྱུང་ཚུལ་ཅུང་ཟད་བསྡུས་པ་འདིར་དོན་བཞི་སྟེ། གནས་བཀོད་དང་ཐོག་མའི་བྱུང་ཚུལ། བར་དུ་སྐྱེས་བུ་གཞན་བྱོན་ཚུལ་དང་མཛད་པ། དེ་སྔའི་རྟེན་དང་བརྟེན་པའི་སྐོར། ད་ལྟའི་གནས་སྟངས་དང་རྟེན་དང་བརྟེན་པའི་སྐོར་བཅས་ལས།
དང་པོ་ནི་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཡར་འབྲོག་ཁྲི་སྐོར་གཅིག་ཁོངས། དེ་ཡང་བྱང་ཕྱོགས་བོད་གོང་དཀར་རྫོང་གི་མངའ་འོག་སྒོག་པ་ཞེས་པའི་ཡུལ་དེ་ནི་གནས་དེའི་ས་ཚིགས་དངོས་ཡིན། དེ་ཡང་ཨོ་རྒྱན་ཆེན་པོས་གྲགས་པའི་མཚོ་ཆེན་བཞི་རུ་ཕྱག་རྗེས་བཞག་ཅེས་པའི་མཚོ་ཆེན་བཞིའི་ཡ་གྱལ་ཡར་འབྲོག་གཡུ་མཚོའི་ཕྱག་རྗེས་བྱིན་ཅན་གྱི་ཉེ་འདབས།﹙ཡོད་པོ་དོ་﹚བྱང་ངོས་ཀྱི་ཡུལ་སྒོག་པ་ཞེས་པ་དེའི་ཕུ་ནུབ་བྱང་ཕྱོགས་ཀྱི་བྲག་ལྡེབས་སུ་བརྗིད་ཆགས་པའི་རི་དུང་དཀར་འགྱིང་འདྲའི་ལོགས་སུ་སློབ་དཔོན་སྐུ་དངོས་ཀྱིས་གནས་བཅའ་བར་མཛད་པ་མཐོང་ཐོས་ཙམ་གྱིས་ངན་སོང་སྒོ་གླེགས་ཆེན་པོའི་བྱ་བ་བྱེད་པའི་བྲག་ཕུག་ངོ་མཚར་ཅན་དེ་ལྷམ་མེར་བཞུགས་ཏེ། པདྨ་བཀའ་ཐང་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྒོག་ཆུང་ཕུག་ཏུ་ཟླ་ཕྱེད་བཞུགས་ཏེ་སྒྲུབ་པ་མཛད་ནས་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཞི་བ་ཞེ་གཉིས་དང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་ཞལ་གཟིགས་ཀྱང་ཐོབ་པ། དེ་དུས་སློབ་དཔོན་གྱི་དྲུང་དུ་རི་དྭགས་དགོ་བ་ཞིག་ཀྱང་ཆོས་ཞུ་རུ་ཡོད་པས་ཕུག་པའི་མིང་ལ་དགོ་ཆོས་ཕུག་ཅེས་པའི་མིང་ཆགས་ཚུལ་ཡང་གླེང་། གང་ལྟར་བྲག་ཕུག་རྩ་ཆེན་འདི་དུས་རབས་དགུ་པའི་ནང་བྱུང་བར་ཞིག་མངོན་ནོ། ཕུག་པ་འདི་ཆགས་པའི་ས་དབྱིབས་ལའང་ཁྱད་ཆོས་ཆེ་བ་གསུམ་ལྡན་སྟེ། ༡.ཕུག་པ་ཆགས་པའི་རི་དེ་ནི་དུང་དཀར་དབྱིབས་ལ་གཡས་གཡོན་གྱི་བྲག་རྒྱུད་ཐམས་ཅད་ཆོས་ཀྱི་གླེགས་བམ་བརྩེགས་པ་དང་གཉིས་སུ་མེད་པ་དང་། ༢.སྒྲུབ་ཕུག་སྟེང་གི་བྲག་རྡོའི་རྣམ་པ་ནི་བསོད་ནམས་བསགས་པའི་ཞིང་མཆོག་ཚོགས་ཞིང་གི་དབྱིབས་འདྲ་སྟེ་རྩེ་མོ་རིག་འཛིན་བླ་མས་བསྐོར་བ། བར་དུ་ཡི་དམ་ཞི་ཁྲོས་བསྐོར་བ། འོག་ཏུ་མཁའ་འགྲོ་དམ་ཅན་ཚོགས་ཀྱིས་བསྐོར་བའི་ཚུལ་དང་། ༣.ཕུག་གཤམ་དུ་རྩིགས་པ་འདོད་རྣམ་ཕ་གུ་དྲ་བ་དྲ་ཕྱེད་བཞིན་ལྟ་ན་སྡུག་པ་དང་། ལྷག་པ་ཕྱོགས་བཞིའི་ངོ་མཚར་བཀོད་པ་ནི་གཡོན་ཟུར་ཤར་དུ་ལྷ་ཡི་སྤང་ཞེས་པའི་སྤང་ལྗོངས་ལ་མེ་ཏོག་ཨུཏྤལ་སོགས་ཀྱིས་མཛེས་པ་ལ་བྱ་གོང་མོ་སོགས་ཞི་དུལ་སེམས་ཅན་བག་ཕེབས་པའི་ངང་ནས་སྙན་ཞིང་འཇེབས་པའི་གསུང་དབྱངས་སྒྲུབ་པ་པོའི་རྣ་བར་ལྷུང་ཚེ་ལུས་སེམས་ལ་བདེ་ཆེན་གྱི་དཔལ་གཡོ་ནུས་པ་དང་། ལྷོ་ཕྱོགས་སུ་འབྱོར་ཕྱུག་དཔལ་གྱིས་བརྒྱན་པའི་གྲོང་ཚོ་མཎྚལ་མཛེས་བཤམས་དང་མཚུངས་ཤིང་དྭངས་བསིལ་སོགས་ཡན་ལག་བརྒྱད་ལྡན་མཚེའུ་ཡོན་ཆབ་ཀྱི་ཚུལ་དུ་མཛེས་པ། ནུབ་ཕྱོགས་སུ་མཆོད་རྟེན་རང་བྱོན་གྲངས་ཡས་དང་རྟོ་དཀར་ངོས་ལ་མ་ནི་རང་བྱོན་ཡོད་ལ་རྗེ་འབངས་ཉེར་ལྔའི་རང་བྱོན་ཡང་ཡོད། བྱང་ཕྱོགས་རྒྱབ་རི་ཤིན་ཏུ་མཐོ་ཞིང་བརྗིད་ཆགས་པས་ཡོལ་བ་བཏང་བ་དང་མཚུངས་པར་ཡོད་པས། དེ་ལྟའི་དབུས་དཀྱིལ་དུ་ཨོ་རྒྱན་སྒྲུབ་ཕུག དེའི་སྟེང་དུ་མཚོ་རྒྱལ་སྒྲུབ་ཕུག གཡོན་ཟུར་དུ་གཟིམ་ཕུག་བཅས་གསུམ་ཡོད་དོ།།
གཉིས་པ་བར་དུ་སྐྱེས་བུ་གཞན་བྱོན་ཚུལ། དེ་ལྟར་ངོ་མཚར་ཁྱད་དུ་འཕགས་པའི་སྒྲུབ་གནས་འདིར་ཐར་པའི་བཙན་ས་ཟིན་འདོད་པའི་སྐྱེས་བུའི་བབ་གནས་འདི་ཉིད་ལའང་རྒྱང་དཀར་﹙ད་ལྟའི་ཕུག་འདིའི་ཉེ་འདབས་སུ་དེང་སང་ཤུལ་ཙམ་ལས་མེད་དོ་﹚ཞེས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད་པ་དེར་ལོ་ཙྰ་བ་ཞིག་འཁྲུངས་﹙འགའ་ཞིག་གིས་འབྲོག་མི་དང་ལ་ལས་བ་རི་བ་ཡིན་ཚུལ་བཤད་﹚པས་དེས་ཀྱང་ཕུག་པ་འདིར་སྒྲུབ་པ་མཛད་སྐབས་གོང་གསལ་བྲག་ཕུག་གསུམ་ལས་གཟིམ་ཕུག་ནང་ནས་ཞི་མི་ཞིག་བཏོན་གནང་མཛད། ཕྱིས་ཞི་མི་དེ་ཕུག་པའི་བྱང་ངོས་ཀྱི་ཁུང་བུ་ཞིག་ནས་ཐོན་ཞེས་བཤད་ལ། ད་ལྟ་ཁུལ་དེའི་མིང་ལ་ཞིམ་ཚང་བྲག་དང་ཕུག་པ་དེར་གཟིམ་ཕུག་ཅེས་འབོད་དོ།། དེའི་ཕྱིར་ད་ལྟ་གནས་འདིར་བརྗོད་ཚུལ་མིང་གསུམ་ཡོད་དེ་འགས་སློབ་དཔོན་སྒྲུབ་ཕུག་དང་། སྒོག་ཆུང་ཕུག ལ་ལས་གཟིམ་ཕུག་ཅེས་བརྗོད། དེ་རྗེས་གནས་འདིར་སྒྲུབ་ཕུག་དང་དགོན་པ་ཡང་བཞེངས་ཡོད་པ་དེ་ཡང་སྔར་འདིའི་སྐོར་ལོ་རྒྱུས་དཔེ་རྙིང་ཞིག་ཡོད་ཀྱང་ད་ལྟ་མིང་ཡང་སྟོང་པའི་གནས་སུ་གྱུར་ཏོ།། དེ་རྗེས་འབྲུག་ཡུལ་ཕྱོགས་ནས་གཏེར་སྟོན་ཞུ་བའི་བླ་མ་ཞིག་བྱོན་པ་མ་ཟད། སློབ་དཔོན་སྒྲུབ་ཕུག་ཏུ་ལོ་མང་སྒོམ་སྒྲུབ་མཛད་ལ་སྒྲུབ་ཕུག་ནང་ནས་ཕུར་པ་ཞིག་གཏེར་བཞེས་ཏེ་དེ་སྔོན་མཇལ་རྒྱུ་ཡོད་ཀྱང་ད་ལྟ་མིང་གི་ལྷག་མར་གྱུར་ཟིན། ཕུར་པ་བཞེས་རྗེས་མཚན་ལ་གཏེར་སྟོན་ཕུར་པ་འགྲོ་འདུལ་ཞེས་གསོལ། དེ་ན་ཡུལ་དེའི་མཐུན་རྐྱེན་དང་གོང་མ་བྱོན་པ་རྣམས་ཀྱི་ཐུགས་རྗེའི་སྨོན་ལམ་གྱིས་དགོན་པའི་ཁང་པ་དང་སྐུ་གསུང་ཐུགས་རྟེན་རྣམས་རྒྱ་ཆེར་སོང་ཡང་སྒྲུང་གྲྭ་རྒྱུན་འཛིན་དང་བཙུན་པའི་གྲངས་འབོར་འདི་འདྲ་ཡོད་ཅེས་པའི་གསུང་སྙན་མ་ཐོས་པས་ལྷ་ཁང་ཙམ་དུ་ལུས་པ་འདྲའོ།།
གསུམ་པ་དེ་སྔའི་རྟེན་དང་བརྟེན་པའི་སྐོར། སྤྱི་ལོ་1959ལོའི་སྔོན་དུ་དགོན་པའི་རྒྱ་ཁྱོན་ནི་ཐོག་རྩེགས་གཉིས་ལྡན་ཡིན་པ་དང་། སྟེང་དུ་འདུལ་ཁང་ཀ་བ་བཞི་དང་མཚམས་ཁང་ཀ་བ་གཉིས། འོག་ཐོག་ཚང་མ་གྲྭ་པའི་གཟིམ་ཤག་ཡིན། རྟེན་གཙོ་བོ་གསེར་ཟངས་ཀྱི་གུ་རུ་གཙོ་འཁོར་གསུམ་དང་མ་གཟའ་རྡོ་གསུམ་གྱི་སྐུ་བརྙན་དང་རྩ་གསུམ་གྱི་འདྲ་སྐུ། སྟོན་པའི་སྐུ་དང་ལྷག་པར་ཞལ་ཐང་བྱིན་ཅན་མང་པོ་ཡོད། ད་དུང་མཆོད་རྫས་རྔ་སྦུག་དུང་རྒྱ་གླིང་སིལ་སྙན་མཆོད་ཀོང་དངུལ་ཏིང་མཎྚལ་ཆ་ཚང་ཁལ་སོགས་བརྗོད་ཀྱིས་མི་ལངས་པ་ཡིད། དགོན་པའི་ནང་བྱང་ཆུབ་མཆོད་རྟེན་དང་ཕྱི་རུ་སེམས་བསྐྱེད་མཆོད་རྟེན་སོགས་མཆོད་རྟེན་དང་། སློབ་དཔོན་སྒྲུབ་ཕུག་ནང་སློབ་དཔོན་གྱི་ཕྱག་རྗེས་དང་ཞབས་རྗེས་ཆིབས་དྲེལ་གྱི་རྨིག་རྗེས་སོགས་དང་། མཚོ་རྒྱལ་སྒྲུབ་ཕུག་ཏུ་དུང་དཀར་ཁ་སྤྲོད་རང་བྱོན་དང་། རི་དྭགས་དགོན་བའི་རྨིག་རྗེས་རང་བྱོན་སོགས་ཡོད། དགོན་པའི་གཤམ་གྱི་ལྷོ་ནུབ་ཏུ་དུར་ཁྲོད་ཁྱད་པར་ཅན་ཞིག་ཡོད་པ་དེའི་དབུས་ཀྱི་རྡོ་གཙོ་བོ་ནི་སློབ་དཔོན་གྱིས་བྱ་རྒོད་དུ་སྤྲུལ་པ་བཞེས་ནས་རྒྱ་གར་བསིལ་པའི་ཚལ་གྱི་དུར་ཁྲོད་ནས་སྤྱན་དྲངས་ལ། ལྷག་པར་གོང་གི་དགོན་གཤམ་གྱི་རྩིགས་པ་འདོད་རྣམ་ཕ་གུ་དྲ་བ་དྲ་ཕྱེད་དེ་དག་དུར་ཁྲོད་དང་དགོན་པའི་བར་ན་གནས་ཡོད་པ་དེ་ཡང་དགོན་ཕྱོགས་ལ་སྒྲིབ་འགོག་པའི་ཆེད་དུ་ཡིན་ཚུལ་བཤད། དེའི་ཕྱིར་སྒྲུབ་ཕུག་ངོ་མཚར་མཐོང་བ་དོན་ལྡན་འདི་ཤིན་ཏུ་བྱིན་རླབས་ཆེ་བའི་གནས་ཤིག་ཡིན་པས་བོད་ལྗོངས་སྤྱི་དང་ལྷག་པར་ཁམས་ཕྱོགས་སུ་སྙན་གྲགས་དེ་བས་ཆེ་བ་ནི་ལོ་ཙྰ་བ་དེས་ཁམས་སུ་ཕེབས་པའི་འབྲས་རྟགས་སུ་ཕེབས་སོ།།
བཞི་པ་ད་ལྟའི་གནས་སྟངས་བརྗོད་པ། དེ་ལྟར་ལོ་རྒྱུས་རིང་ཞིང་ཁྱད་དུ་འཕགས་པའི་སྒྲུབ་ཕུག་འདི་ཉིད་རིག་གནས་གསར་བརྗེའི་སྐབས་སུ་རྐུ་འཕྲོག་གཏོར་བ་སོགས་བྱས་ཤིང་ཐ་ན་ཁང་རྡོ་ལེགས་པ་རྣམས་ཀྱང་རྩ་མེད་དུ་སོང་ནས་ད་ལྟ་བསོད་ནམས་རྟེན་དུ་ལུས་པ་ནི་སྒྲུབ་ཕུག་ནང་གི་རང་བྱོན་ཙམ་དུ་ཟད། སླར་རྒྱལ་ཡོངས་སུ་ཆོས་དད་རང་མོས་ཀྱི་དཔྱིད་དཔལ་བཞད་པའི་དུས་དེར་ཡུལ་འདིའི་མི་རྒན་ཉམས་མྱོང་ཅན་རྣམས་ཀྱིས་གྲོས་འགོ་བརྩམས་པ་ཇི་བཞིན་དགོན་པ་སླར་བཞེངས་ཞུ་རྒྱུར་མཉམ་མཐུན་བྱུང་སྟེ་མང་ཚོགས་ཀྱི་རང་འགུལ་ཞལ་འདེབས་ལ་བརྟེན་ནས་1985ལོའི་ཟླ་3ཚེས་1དུས་འཁོར་བའི་ལོ་འགོའི་དུས་བཟང་དེའི་ཉིན་ཚེས་ཆ་སོགས་གང་ས་ནས་ཤིན་ཏུ་ལེགས་པས་དངོས་སུ་བཞེངས་འགོ་བཙུགས། ད་ལྟའི་རྒྱ་ཁྱོན་ནི་འདུ་ཁང་ཀ་གཉིས། རུང་ཁང་གཉིས། རུང་ཁང་ཀ་གཅིག མཆོད་གདུང་ཁང་ཀ་གཅིག གཟིམ་ཆུང་ཀ་གཉིས། སློབ་དཔོན་སྒྲུབ་ཕུག་དང་གཟིམ་ཕུག་གཉིས་ལ་སྒོ་གཡབ་ལྕམ་ཁག་རེ་བཅས་དང་། རྟེན་རྙིང་བསོད་སྐལ་དུ་ལྷག་པ་དུང་དཀར་གཅིག སྦུབ་ཆལ་གཅིག མཎྚལ་ཆ་ཚང་གཅིག རྡོར་སེམས་སྐུ་གཅིག བ་སོའི་མཁན་སྤྱོད་མའི་སྐུ་གཅིག རང་ཏིང་ཆ་ཚང་གཅིག་བཅས་དང་། གསར་བཞེངས་ནི་1985ལོའི་དཀྱིལ་ནས་ད་ལྟ་བར་དགོན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་སོགས་གྲྭ་བཙུན་རྣམས་ཀྱིས་ཁ་བསགས་སྣ་བསགས་བྱས་པའི་དངོས་པོ་དང་ལྷག་པར་མང་ཚོགས་ཀྱིས་ཞལ་འདེམས་རྣམས་ཀྱིས་1990ལོའི་ནང་ཡོད་པོ་དོ་ནས་བཞེངས་ཏེ་བླུས་པའི་གུ་རུ་བདེ་བ་ཆེན་པོའི་འཇིམ་སྐུ་མི་ཚད་མ་གཟུངས་བསམ་ཡས་ནས་གདན་དྲངས་ཏེ་ཕུལ་བའི་བྱིན་ཅན་གཅིག་དང་། ཡང་ཁོང་དང་ཆོས་དད་མང་ཚོགས་ཀྱིས་ཐུགས་རེ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཞིག་བཞེངས་པའམ་བླུ་རྒྱུ་གནང་རུང་དེ་ནི་ཡུལ་དེའི་བསོད་ནམས་དང་སློབ་དཔོན་གྱི་ཐུགས་རྗེ་ལས་1992ལོའི་སྔ་རྗེས་སུ་རྒན་བསྟན་ཕུན་མཆོག་བསམ་ཡང་སུ་ཐེངས་འགའ་ཕེབས་སྐབས་བསམ་ཡས་དགོན་པའི་དབུ་འཛིན་གྱི་བཀའ་གནང་ལྟར་ལྷོ་སྒོ་རྟ་མགྲིན་གླིང་ཐོག་བརྩེགསགཉིས་པ་ཨོ་རྒྱན་པད་གླིང་ནས་གདན་དྲངས་པའི་གུ་རུ་སྣང་སྲིད་ཟིལ་གནོན་འཇིམ་སྐུ་ཞིག་དང་། སླར་1995ལོའི་ཟླ9ཚེས་4ཉིན་བསམ་ཡས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་འཇིལ་སྐུ་ཞིག་དང་། མཁན་འགྲོ་བདེ་ཆེན་རྒྱལ་མོའི་འཇིམ་སྐུ། སྐུ་ཞབས་རིག་འཛིན་ལགས་ནས་ཕུལ་བའི་སྒྲོལ་མའི་འཇིམ་སྐུ་ཞིག་དང་། རྒན་བསྟན་ཕུན་རང་གིས་རྔ་གཅིག ཞག་འདེབས་ཀྱིས་བླུས་པའི་རག་གི་རྒྱ་གླིང་གཅིག ད་དུང་ཉེ་འཁོར་ནས་ཏིང་འགའ་སོགས་ཕུལ་ཡོད། དེ་ན་སྐབས་འདིར་གནའ་ཡོད་ལོ་རྒྱུས་ཕྲན་བུ་ཡོད་པ་རྣམས་ཉམས། ད་ལྟ་དགོན་འདིར་སྐུ་ཞབས་རྒན་པ་ཡང་མེད་པས། ཡུལ་མི་རྒན་པ་འགའ་དང་སྐུ་ཞབས་བསྟན་ཕུན་ལགས་ཀྱིས་ཅི་མཁྱེན་རྣམས་ཕྱིས་སུ་རྩ་སྟོང་མི་འགྲོ་བའི་ཆེད་དུ་གང་ནུས་ཀྱིས་བསྡུས་པ་དེ་ལ་དོགས་པ་དང་རྨོངས་དད་ཀྱི་གཏམ་ཚབས་ཆེན་པོ་ཡོད་པ་རྣམས་དོར་ནས་སྙིགས་དོར་བ ཅུད་ལེན་བྱས་ནས་བྲིས་པ་ཡིན་པས། འདིས་ཀྱང་ཕན་པ་རྒྱ་ཆེན་པོར་གྱུར་ཅིག།
དགེ་བའི་ཤིང་རྟ་བཟང་པོ་འདི་བགྱིས་ལས།།
ལེགས་ཐོབ་བསོད་ནམས་རྟ་ཕོས་ལེགས་དྲངས་ཏེ།།
བདག་སོགས་འགྲོ་ཀུན་པད་མ་བཀོད་པའི་སར།།
ཁྱིམ་གཅིག་འགྲོད་ནས་བཙན་ས་ཟིན་པར་ཤོག།།།
|