གནས་ཡུལ། མདུན་ངོས། རི་བོ།
 
 
༄༅།།སྤྲེལ་ལོའི་སྟོང་རྩེ་རི་བསྐོར།
སྤེལ་དུས།2008-08-29   ཡོང་ཁུངས་།༡༩༩༩ལོའི་དེབ་དང་པོ། 《བོད་ལྗོངས་ནང་བསྟན》 བློ་རྣམ།    རྩོམ་པ་པོ། བློ་རྣམ།

     ལྷུན་གྲུབ་རྫོང་གི་བྱང་ཁ་ཤང་དང་མཚོ་སྟོད་ཤང་གི་བར་སྟོང་རྩེ་རི་ཞེས་པ་ཞིག་ཡོད་པ་དེ་ནི་བདེ་མཆོག་གི་གནས་ཡིན་པས་སྤྲེལ་ལོ་སྤྲེལ་ཟླར་རི་བསྐོར་བརྒྱབ་ན་ཙ་རི་བསྐོར་བ་དང་མཚུངས་ཞེས་ཤོད་སྲོལ་ཡོད་པ་ལྟར་སྤྲེལ་ལོ་ནམ་ཤར་གྱི་བོད་ཟླ་ལྔ་པའི་ནང་རི་བསྐོར་རྒྱག་མཁན་མང་པོ་ཡོད། ས་གནས་དེ་གའི་མང་ཚོགས་མ་ཟད། ལྷ་ས་སོགས་ནས་ཀྱང་ཡོང་མཁན་མང་པོ་ཡོད་ཅིང་། བསྐོར་བ་ཐེངས་གཅིག་རྒྱག་པར་གཞོན་པ་རྣམས་ཆུ་ཚོད་ལྔ་དྲུག་ཙམ་དང་། ལོ་ན་རྒན་པ་རྣམས་ཆུ་ཚོད་བཅུ་ལྷག་ཙམ་འགོར་གྱི་ཡོད། དེའི་རིང་རི་བསྐོར་ལ་འགྲོ་མཁན་བར་མཚམས་ཆད་མེད་དུ་ཡོད་ཐོག ལྷག་པར་ཚེས་བརྒྱད་དང་བཅུ། བཅོ་ལྔ་རྣམས་སུ་མི་ཧ་ཅང་མང་པོ་ཡོད། མང་ཚོགས་ཀྱིས་བཤད་པར་གཞིག་ན་སྟོང་རྩེ་རི་བོའི་ལྷོ་ནུབ་མཚམས་ཀྱི་སྟག་མགོ་རིའི་བྲག་ལྡེབས་ཤིག་ལ་སྟོང་རྩེའི་གནས་ཡུག་ཆ་ཚང་རྡོ་བརྐོས་ཡི་གེ་ཡོད་སྐད་འདུག་ཀྱང་བྲག་བརྐོས་ཡི་གེ་དེ་རིགས་གནས་གསར་བརྗེའི་སྐབས་གཏོར་བ་རེད་ཟེར། རི་བསྐོར་དུ་འགྲོ་བའི་ལམ་བར་དུ་རི་ཆུང་རྡོག་རྡོག་ཁ་ཤས་དང་། ཆུ་མིག མ་ཎི་ལྷ་ཁང་སོགས་འདུག་ལ། བཟའ་དམ་མཁར་ཤུལ་དེ་དང་། བསམ་གཏན་ལྡིང་དགོན་པ་སོགས་སྟོང་རྩེའི་ལྷོ་ངོས་རི་འདབས་སུ་གནས། རི་དེའི་འཁོར་ཡུག་ཏུ་རི་རྩེ་བརྒྱ་དང་རྩ་བརྒྱད་དང་། ཆུ་མིག་བརྒྱ་རྩ་བརྒྱད། དུར་ཁྲོད་བརྒྱ་རྩ་བརྒྱ་སོགས་ཡོད་ཟེར། བྱ་ཤར་གྱི་མཚམས་སུ་ལ་ཉག་གཅིག་གི་རྩེར་ཕ་བོང་ལེབ་མོ་ཞིག་ལ་ཞབས་རྗེས་ཤིག་ཡོད་པ་དེ་ཚར་ཆེན་བློ་གསལ་རྒྱ་མཚོའི་ཞབས་རྗེས་ཡིན་སྐད། རི་རྩེ་གཙོ་བོ་དེའི་ལྷོ་ངོས་སུ་གྱང་རོ་ཞིག་འདུག་པ་དེ་ནི་ཚར་ཆེན་གྱི་སྒྲུབ་ཁང་བྱ་ཚང་རི་ཁྲོད་ཅེས་པ་དེ་ཡིན་འདུག རི་སྟེང་བྲག་ཤུར་ཞིག་ལ་སྙུག་མ་ཚོམ་བུ་ཞིག་ཀྱང་ཡོད་སྐད།།

    རི་བོ་དེ་གནས་རིར་རྩི་བའི་རྒྱུ་མཚན་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་ས་སྐྱའི་བླ་མ་ཚར་ཆེན་བློ་གསལ་རྒྱ་མཚོ་རོང་བྱམས་ཆེན་དུ་ཕེབས་བཞུགས་སྐབས་སྨྱོན་མ་ཞིག་གིས་རྟག་པར་བརྙས་བསྐོ་བྱས་ཤིང་ཚར་ཆེན་གྱི་ཐུགས་ལ་སྨྱོན་མ་རང་འགའ་བ་ཞིག་ཡིན་པར་དགོངས་ནས་ཐུགས་སྣང་མ་མཛད་སྟབས་ཉིན་གཅིག་སྨྱོན་མ་དེས་མཆེ་བ་གཙིགས་པ་སོགས་འཇིགས་བསྐུལ་གྱི་རྣམ་པ་བསྟན་པར་ཚར་ཆེན་གྱིས་གདོན་བགེགས་ཡིན་པར་དགོངས་ནས་བགེགས་སྐྲད་མཛད་པས་སྨྱོན་མ་དེ་སྔར་བས་གཟི་བརྗིད་ཆེ་བར་སོང་ནས་གླུ་བླངས་པར། མོས་ཀྱི་དག་སྣང་མ་མཆིས་ཀྱང་།། ཚེ་སྔོན་གྱི་ལས་འབྲེལ་བཟློག་ཐབས་མེད།། ཁྲག་འཐུང་སྲིན་པོ་རི་ནས་འོངས།། བྱིན་རླབས་འཕན་དཀར་རི་ནས་བྱེད།། ཅེས་བརྗོད་པས་སྨྱོན་མའི་ཚུལ་བསྟན་་པ་མ་གཏོགས་དོན་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ཡིན་པར་ངེས་པ་བརྙེད་ནས་འཕན་དཀར་རི་ཞེས་པ་དེ་སྟོང་རྩེ་རི་དེ་ཡིན་སྟབས་དེ་གར་ཕེབས་ཏེ་སྒྲུབ་པ་མཛད་པས་རྡོ་རྗེ་རྣལ་འབྱོར་མའི་ཞལ་དངོས་སུ་གཟིགས་ཤིང་། ཚར་ཆེན་གྱིས་མཁའ་སྤྱོད་ཞལ་བཟང་བལྟ་བའི་ཐེམ་སྐས་ཞེས་པའི་སྨོན་ལམ་བརྩམས། རི་རྩེའི་བྲག་ཕུག་དང་། བྲག་ངོས་སུ་རང་བྱོན་མང་པོ་ཡོད་སྐད། རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་མཛད་མཁན་མང་པོ་དེ་གར་གནས་བསྐོར་དུ་ཕེབས་ཀྱི་ཡོད་སྐད། གོང་གསལ་ཚར་ཆེན་གྱི་སྐོར་རྣམས་གནས་བཤད་རྒྱག་མཁན་གྱི་ངག་ལས་ཐོས་པ་ལས་ཚར་ཆེན་གྱི་རྣམ་ཐར་དང་། སྟོང་རྩེ་﹙འཕན་དཀར་﹚རིའི་གནས་ཡིག་དངོས་སུ་མ་མཇལ་སྟབས་ཇི་བཞིན་ཡིན་མིན་དཔྱད་པར་འཚལ།།

                                                                                            འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060