གནས་ཡུལ། མདུན་ངོས། རི་བོ།
 
 
༄༅།། རྨ་རྒྱལ་སྤོམ་རའི་སྐོར་བསྐྱར་གླེང་།
སྤེལ་དུས།2014-11-27   ཡོང་ཁུངས་།ཞིན་ཧྭའི་དྲ་བ།   རྩོམ་པ་པོ། ཀླུ་དབང་། རིན་ཆེན་གྱིས་བསྒྲིགས།

        ནང་དོན་གནད་བསྡུས།
       
འདིར་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་དང་བོད་མིའུ་གདོང་དྲུག་གི་གྲོལ་ཚུལ་སོགས་དང་འབྲེལ་ཏེ། མདོ་ཁམས་ཡུལ་གྱི་གཞི་བདག་རྨ་རྒྱལ་སྤོམ་རའམ་ཨ་མྱེས་རྨ་རྒྱལ་གྱི་འབྱུང་ཁུངས་སྐོར་བསྐྱར་དུ་གླེང་ཡོད་ལ། སྔོན་བྱོན་མཁས་པས་རྨ་གཉན་སྤོམ་ར་ཞེས་འབོད་པ་ལྟར་རྨ་རྒྱལ་སྤོམ་རའང་སྲིད་པ་གཉན་གྱི་རིགས་ཤིག་དང་། གཉན་ཞེས་པའང་བོད་ཀྱི་གདོད་མའི་རུས་ཤིག་ཡིན་པའི་སྐོར་ལ་རང་གི་ལྟ་ཚུལ་བརྗོད་ཡོད།
       
བརྡ་ཆད་གཙོ་བོ།
       
རྨ་རྒྱལ་སྤོམ་ར། ལྷ་དགུ བོད་མིའུ་གདོང་དྲུག བསང་ཡིག
       
བོད་ལ་སྐམ་ས་དང་པོར་ཆགས་པ་དང་མཉམ་དུ་བྱུང་ཞིང་བོད་ཡུལ་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་དགུ་ཡོད་པར་བཤད་ལ། ཤར་གྱི་རྨ་ཆེན་སྤོམ་རའང་དེའི་གྲས་ཡིན་པར་བཤད། བོད་རིགས་དམངས་ཁྲོད་དུའང་བཤད་རྒྱུན་དེའི་རྗེས་སུ་འབྲངས་ཏེ། རྨ་རྒྱལ་སྤོམ་ར་ཐད་ཀར་འོ་དེ་གུང་རྒྱལ་གྱི་བུ་རུ་བགྲང་འདུག་ལ། དེང་སང་རྨ་རྒྱལ་སྤོམ་རར་ཞིབ་འཇུག་བྱེད་མཁན་མང་པོས་ཀྱང་འདིའི་སྐོར་ལ་ཐུགས་མཉམ་དེ་ཙམ་གནང་མི་འདུག་སྟེ། ཕལ་ཆེ་བས་ངག་རྒྱུན་ཙམ་དུ་ཟད་པས་ཞིབ་འཇུག་གི་རིན་ཐང་ཆེར་མེད་པར་སྙམ་པ་ཡིན་ཡང་སྲིད་མོད། བདག་གིས་ནི་འདི་ཉིད་མ་དོར་བར་རང་གི་ལྟ་ཚུལ་ཙམ་བརྗོད་པའང་སྲིད་པའི་ལྷ་རབས་ཀྱི་འཕེལ་འགྱུར་འདི་ལས་དབུ་ནག་མིའི་ལོ་རྒྱུས་ཀྱི་ས་བོན་རྙེད་པར་རློམ་པས་ཡིན།
       
དང་པོ། སྲིད་པ་ཆགས་པའི་ལྷ་དགུ་དང་འབྲེལ་ནས་བཤད་པ།
       
ལྡེའུ་ཆོས་འབྱུངལས། འོ་དེ་གུང་རྒྱལ་གྱི་སྲས་ལའང་། ཁུ་བཟའ་ཁུ་མ་དང་བཤོས་པའི་སྲས། ཡར་ལྷ་ཤམ་པོ་དང་གཅིག་འཆིམས་ཡུག་ནག་པོ་དགུ་སུལ་དུ་བྱོན་ནས། ཁབ་ཁ་བའ་ཧོར་སྨན་དང་བཤོས་པའི་སྲས་འཆིམས་ལྷ་ཐན་ཚོ་དང་གཉིས། ཁབ་ཕྱི་མོ་གཡག་སྔོ་མ་དོན་བཤོས་པའི་སྲས། གཅེན་དབྱེ་ལྷ་སྤྱི་དཀར། གཅུང་གྲོ་ལ་གང་བུ། ཁབ་བྱ་བཟའ་སྨོན་དང་བཤོས་པའི་སྲས་གཅེན་རྩ་ལྷ་དར། གཅུང་རྩ་ལྷ་བྱེའུ། ཁབ་ཐང་ང་ཐང་དང་བཤོས་པའི་སྲས། དྭགས་ལྷ་སྒམ་པོ། སྲིན་ཡུལ་དུ་གཤེགས་ནས་སྲིན་བཟའ་སྦྱར་ལྕམ་མ་དང་བཤོས་པའི་སྲས་ཐང་ལ་ཡར་བཞུར། ཀོང་ཡུལ་དུ་གཤེགས་ནས་ཐང་ང་ཀོང་མོ་ཐར་དང་བཤོས་པའི་སྲས་ཀོང་ལ་དེ་ཡག་དེ་ནས་ཆབ་མ་སྨོན་མོ་ཐང་དང་བཤོས་པའི་སྲས་སྒམ་ལྷའི་ལྷ་སྲས་སོ། །ཞེས་པ་ལས་རྨ་རྒྱལ་སྤོམ་ར་མི་འབྱུང་ལ། ཡང་འོ་དེ་གུང་རྒྱལ་གནམ་གྱི་ཟངས་ང་དགུ་དང་བཤོས་པར་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ་ཞེས་པར་རྨ་རྒྱལ་སྤོར་ར་མི་འདུ་ཞེས་བཤད་དཀའ་མོད། སྲིད་པ་ཆགས་པའི་ལྷ་དགུ་ཞེས་དམིགས་ཀྱིས་བཀར་ཏེ་གོ་གནས་གཞན་ལས་འཕགས་པའི་གཞི་བདག་གཙོ་བོ་འདི་ལྟ་བུ་ཅིས་ཀྱང་འདྲེན་འོས་པ་ཞིག་མ་ཡིན་ནམ། གཞན་ཡང་རྨ་རྒྱལ་སྤོམ་ར་ལ་ཨ་མྱེས་རྨ་རྒྱལ་དང་རྨ་པོམ་ར་སོགས་མཚན་གྱི་རྣམས་གྲངས་སུམ་ཅུ་ལྷག་འདུག་པ་ལས་གཅིག་ཀྱང་འདིར་མ་མཐོང་ལ། བོན་པོའི་ཡིག་རྙིང་དང་ཏུན་ཧོང་གཏེར་ཡིག་ལས་ཀྱང་རྨ་རྒྱལ་སྤོམ་ར་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་བཞག་པ་མ་མཐོང་བས། འདི་ཉིད་སྲིད་པ་ཆགས་པའི་ལྷ་དགུ་དང་། དེ་ལས་ཀྱང་འོ་དེ་གུང་རྒྱལ་གྱི་སྲས་སུ་ཚུད་པའི་བརྒྱུད་རིམ་ལའང་བསམ་གཞིགས་བྱེད་རིན་མེད་པ་ཞིག་མིན་པར་འདོད།
       
ཁུ་བྱུག་སྔོན་མོའི་གསུང་སྙནལས། པོམ་ར་སྲིད་པ་གཉན་གྱིས་ལྷཞེས་དང་། བསྟན་སྲུང་པོམ་རའི་བསྟོད་བསྐུལ་བཞུགས་སོཞེས་པ་ལས། དམ་ཅན་རྨ་གཉན་པོམ་ར་ནི།།རི་ཕྲན་འབུམ་གྱི་དབུས་ན་འགྱིང་།།ཞེས་དང་།གཏེར་སྲུང་ནོར་ལྷ་རྨ་ཆེན་སྦོམ་རའི་གསོལ་མཆོད་བསམ་འཕེལ་ནོར་བུ ཞེས་པ་ལས། གཉན་ཆེན་རྨ་གཉན་པོམ་ར་དངཿ རྨ་རི་རབ་འབྱམས་དྲག་མོ་རྒྱལ༔ ཞེས་པ་སོགས་ལས་རྨ་རྒྱལ་སྦོམ་ར་འདི་གཉན་གྱི་རིགས་ཤིག་ཏུ་ངོས་བཟུང་འདུག་ལ། ཡངདབུ་ནག་མིའི་འདྲ་ཆགསཞེས་པར། རང་རེ་དབུ་ནག་མི་ཞེས་པ་འདི། དང་པོ་བྱུང་བའི་ཕུག་བཙུན་ཏེ། འོད་གསལ་ལྷའི་གདུང་ལས་གྲོལ། བར་དུ་སྲིད་པའི་བརྒྱུད་འཕེལ་ཏེ། ཕྱྭ་དམུ་གཙུག་གསུམ་གཉན་དང་བཞི། ཡེ་ངམ་གཉིས་དང་དྲུག་དུ་སྲིད། ཅེས་པ་ལྟར་ན། གཉན་ཞེས་པ་འདིའང་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་ཞིག་དང་། སྟེང་གཉན་ལྷ་དང་བར་གཉན་བཙན། འོག་གཉན་ཀླུ་ཞེས་ལྷ་ཀླུ་བཙན་པོའི་རིགས་ལ་གོ་བར་མ་ཟད། གཉན་པོ་གསང་བ་དང་གཉན་ཆེན་སྡེ་བཞི། གཉན་རྗེ་སོགས་ནུས་མཐུ་དང་སྟོབས་ཤུགས་ལྡན་པའི་རིགས་ལའང་གོ་རྒྱུ་ཡོད་ལ། གཉན་ལ་དད་པ་ཡོད་པའམ་གཉན་མཆོད་པའི་རིགས་ཤིག་གམ་གཉན་རིགས་ཀྱི་མི་སྡེ་མདོ་ཁམས་ཕྱོགས་སུ་ཡོད་པ་མངོན་སུམ་གྲུབ་པས། གཉན་ཞེས་པ་འདི་སྲིད་པ་སྔ་མོའི་དུས་ཀྱི་རུས་རྒྱུད་ཅིག་ཡིན་པའང་བསྙོན་དུ་མེད་པར་འདོད། དེ་ལ་ཡང་ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་དེ་གཉན་མོ་དང་བསྡེབས་པ་ལས། གཉན་ཚ་ལྷང་ལྷང་སྲིད། ཅེས་པས་གཉན་ཞེས་པ་འདི་ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་ཡར་སྔོན་ནས་ཡོད་པར་གསལ་ན། ཡང་པོམ་ར་སྲིད་པ་གཉན་གྱི་ལྷ་ཞེས་གཉན་དང་ཕྱྭ་དང་དམུ་སོགས་ནི་རུས་རྒྱུད་ཚོ་ཁག་ཆེ་གྲས་ཤིག་གི་རྣམ་པར་མཐོང་སྟེ། ཡང་དེ་ལས། སྲིད་པ་སངས་པོ་འབུམ་ཁྲི་ལ། ཡེ་མོན་རྒྱལ་པོ་ཞེས་ཀྱང་བྱ། སྲིད་པ་ཡེ་སྨོན་རྒྱལ་པོ་དེས། གཡས་སུ་གསེར་དང་གཡུ་བཞག་ནས་སྨོན་ལམ་བཏབས་པས། གསེར་རི་གཡུ་ལུང་གཉིས་སུ་སྲིད། ཕྱྭ་བརྒྱུད་ཐམས་ཅད་དེ་ལས་གྲོལ། གཡོན་དུ་དུང་དང་མཆོང་བཞག་ནས་སྨོན་ལམ་བཏབས་པས། དུང་རི་མཆོང་ལུང་གཉིས་སུ་སྲིད། དམུ་བརྒྱུད་ཐམས་ཅད་དེ་ལས་གྲོལ། ཐད་དུ་ཤེལ་དང་རག་འོད་བཞག་ནས་སྨོན་ལམ་བཏབས་པས། ཤེལ་བྲག་དང་འོད་མཚོ་གཉིས་སུ་སྲིད། གཙུག་བརྒྱུད་ཐམས་ཅད་དེ་ལས་གྲོལ། ཞེས་པས་རུས་རྒྱུད་ཚོ་ཁག་དུ་མའི་གྱེས་རིམ་གསལ་ན། རྗེས་སོར་གདོད་མའི་རུས་རྒྱུད་ཚོ་ཁག་དེ་དག་གི་འཕེལ་འགྲིབ་ཁྲོད་ནས་མཐར་འོ་དེ་གུང་རྒྱལ་ལྷ་བྲན་ཀུན་གྱི་ཡབ་མཛད་པར་མ་ཟད། ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས་པ་ཡིན་ལ། ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་གི་བུ་འོ་དེ་གུང་རྒྱལ་བྱ་བས་མཐའ་འཁོར་གྱི་སིལ་བུར་གནས་པའི་མི་སྡེ་ཀུན་གྱི་བདག་པོ་མཛད་པའི་ལོ་རྒྱུས་ཀྱི་ས་བོན་དངོས་ཤིག་ཡིན་པར་འདོད། དེ་ལྟར་ན་ཕྱྭ་དང་གཉན་སོགས་ཐོག་མའི་འབྱུང་ཁུངས་གཅིག་ཡིན་ཡང་། དུས་ཀྱི་འཕེལ་རིམ་ལས་རུས་རྒྱུད་ཚོ་ཁག་མི་འདྲ་བ་དུ་མར་གྱུར་ལ། ཡང་སྲིད་པ་ཆགས་པའི་ལྷའམ་སྔར་གྱི་ཚོ་བའི་མེས་པོ་ལྟ་བུར་བགྲང་བས་ན་རྗེས་རབས་པས་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་བཞག་པའམ། ཕྱྭ་དང་གཉན་སོགས་གཉེན་འབྲེལ་དང་གཡུལ་འཁྲུག་སོགས་ཞི་དྲག་གང་རུང་གིས་ཕན་ཚུན་གཅིག་ཏུ་འདྲེས་པའི་གོ་རིམ་ཞིག་སྟེ། རྨ་རྒྱལ་སྤོམ་ར་ནི་འོ་དེ་གུང་རྒྱལ་གྱི་སྲས་ཡིན་པར་བཤད་དཀའ་མོད། དེའི་རྗེས་ཀྱི་དུས་རིམ་ཁྲོད་འོ་དེ་གུང་རྒྱལ་ལམ་འོ་དེ་གུང་རྒྱལ་གྱི་བུ་ལྟར་སྙན་པའམ་སྟོབས་ཤུགས་ཅན་གྱི་སྐྱེས་བུ་ཞིག་བྱུང་བ་དེར་རྗེས་དྲན་དང་བསྟོད་པ་འབུལ་ཆེད་སྲིད་པའི་ལྷ་དགུའམ་འོ་དེ་གུང་རྒྱལ་ཕ་བུའི་གྲས་སུ་བགྲང་བར་འདོད། དེ་བས་ན་བོད་མིའུ་གདུང་དྲུག་སོགས་ཀྱང་ཐོག་མའི་གཅིག་གྱུར་གྱི་ཚོ་ཁག་གམ་རུས་རྒྱུད་དུ་མ་སླར་ཡང་ཚོ་ཁག་ཆེན་པོ་དྲུག་ཏུ་གྲོལ་ཏེ། རུས་རྒྱུད་གཅིག་ཏུ་འདྲེས་པའི་གོ་རིམ་ལས་སྔར་གྱི་མེས་པོ་དག་ནི་དད་པའི་ཡུལ་ལམ་གཙུག་གི་བླར་བཀུར་བས་རུས་རྒྱུད་ཚོ་ཁག་དེའི་ཐུན་མོང་གི་མཆོད་གནས་སུ་གྱུར་ལ། བོད་མིའུ་གདུང་དྲུག་མདོ་ཁམས་དབུས་གཙང་དང་བཅས་པར་མཆེད་དེ་མངའ་དབང་བསྒྱུར་བས། རང་རང་གང་དེའི་སྔར་གྱི་དད་པའི་ཡུལ་ལམ་མཆོད་པའི་ལྷ་དེ་ཡུལ་སོ་སོར་རྒྱུན་འཛིན་བྱས་པས་ན། ད་ལྟའི་བར་གཉན་དང་འབྲེལ་བའི་དད་མོས་དང་གོམས་སྲོལ་སོགས་མང་དུ་ཡོད་པ་དེའོ། །
       
དེས་ན་དམངས་ཁྲོད་ངག་རྒྱུན་དུ་རྨ་རྒྱལ་སྤོམ་ར་ནི་འོ་དེ་གུང་རྒྱལ་གྱིས་མདོ་སྨད་ཀྱི་བདག་པོར་མངགས་པ་དེའང་ཁུངས་མེད་པ་ཞིག་མིན་ཏེ། ལོ་རྒྱུས་ཀྱི་ས་བོན་དེ་ལས་རྨ་རྒྱལ་སྤོམ་ར་ནི་འོ་དེ་གུང་རྒྱལ་གྱི་ཡུལ་ནས་མདོ་སྨད་དུ་འབྱོར་བའི་ཚོ་ཁག་ཅིག་གམ་གནའ་བོའི་མི་རབས་སམ་རུས་རྒྱུད་ཅིག་གི་ཁུངས་བསྟན་པ་གསལ་ལ། ངག་རྒྱུན་གཞན་ཞིག་ནི་ཡུལ་དེར་གདོད་ནས་གནས་པའི་མེས་པོ་ཕྱིང་ཞྭ་ཅན་ཞིག་ཏུ་འདོད་པ་སྟེ། གཅིག་ནི་གདོད་མ་ནས་རང་གི་མེས་པོ་ཡུལ་དེར་གནས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རུ་འདོད་པ་དང་། གཞན་ཞིག་ནི་འོ་དེ་གུང་རྒྱལ་གྱི་བརྒྱུད་པ་ཞིག་གནས་འདིར་དམངས་ཀྱི་མགོན་དུ་ཕེབས་པ་གཉིས་ཡིན་པས། ཁོ་བོས་བལྟས་ན་འདི་གཉིས་ནི་རྒྱུན་ཐག་གཅིག་ཏུ་འབྲེལ་བའི་ལོ་རྒྱུས་ཀྱི་ས་བོན་ཞིག་ཡིན་པ་ལས་ནང་དོན་འགལ་བའི་བཤད་ཡམས་ཙམ་དུ་མི་མཐོང་ངོ་། །དེའང་གཉན་རིགས་ཀྱི་བརྒྱུད་པས་ཡུལ་དེ་བདག་ཏུ་བཟུང་བ་ལ། ཆེས་སྔ་མའི་དད་པའམ་ཡང་ན་དུས་སྐབས་དེ་ཙམ་གྱི་རང་གི་མེས་པོ་གང་ཞིག་གི་དཔའ་མཛངས་རྟུལ་ཕོད་ཀྱི་ཡོན་ཏན་གང་དེ་རྔམ་བརྗིད་ཀྱི་རི་བོའི་གཏོས་དང་སྦྱར་ཏེ་བླར་མཆོད་ལ། ཕྱིས་སུ་དུས་ཀྱི་འགྱུར་ལྡོག་ཁྲོད་ཡུལ་མིའི་ཁྱད་ཆོས་དང་སྔ་མའི་ལོ་རྒྱུས་ཀྱི་ས་བོན་ཟུང་དུ་འབྲེལ་ཏེ་སྤོམ་རའི་སྣང་བརྙན་ལའང་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་ཀྱང་སྲིད་མོད། ལོ་རྒྱུས་ཀྱི་ས་བོན་དངོས་ཙམ་ད་ལྟའི་བར་མ་ཉམས་པར་གནས་ཐུབ་སོང་བར་འདོད། འགའ་ཞིག་རྨ་རྒྱལ་སྤོམ་རའི་མ་ཡུམ་རྡོ་རྗེ་དྲག་རྒྱལ་མའི་རུས་དམུ་ཡིན་ཟེར་ལ། དེ་དང་འབྲེལ་ཏེ་དམུ་རྒྱལ་སྤོམ་ར་ཟེར་བར་ཚོད་དཔག་བྱེད་ཀྱིན་འདུག་པ་ལའང་རྒྱུ་མཚན་ཡོད་ཀྱང་སྲིད་མོད། ཁོ་བོའི་བསམ་ཚོད་ལ་གཉན་རིགས་ཀྱི་མེས་པོ་མཚན་ལ་སྤོམ་ར་ཟེར་བ་ཞིག་བོད་མིའུ་གདུང་དྲུག་གི་ཡར་སྔོན་ནས་རྨ་རུས་སམ་རྨ་རིགས་ཀྱི་ཚོ་བ་ཞིག་གི་རྗེ་བོའམ་རྒྱལ་པོར་བཀུར་ལ། འོད་གསལ་ལྷ་ལས་ཆད་པས་ལྷ་བཙན་པོར་ཡང་བཀུར་བ། མེས་རུས་གཉན་ཡིན་པས་ལྷ་གཉན་སྤོམ་རར་གྲགས་པར་འདོད། རྨ་རུས་སམ་རྨ་རིགས་ཀྱི་ཚོ་བའང་བྱེ་བྲག་ཚོ་ཆུང་ཞིག་གི་མིང་མ་ཡིན་པར། འོ་དེ་གུང་རྒྱལ་གྱི་ཡུལ་ལས་བལྟོས་བཅས་ཀྱིས་ས་ཁད་དམའ་བའི་ཡུལ་ལ་གོ་དགོས་པར་འདོད་དེ། འོད་གསལ་ལྷའི་རིགས་ཀྱི་བརྒྱུད་པ་འོ་དེ་གུང་རྒྱལ་གྱི་ཡུལ་ནི་རི་མཐོ་ས་གཙང་བ་ཡུལ་གཞན་ལས་ཁྱད་དུ་འཕགས་ལ། མདོ་ཁམས་ཀྱི་ཡུལ་འདི་ནི་དེ་ལས་དམའ་བས་ན་དམའ་བའི་ཡུལ་གྱི་རྗེ་བོར་ཐོགས་ཤིང་། དམའ་དང་སྨ། རྨ་སོགས་བརྗེས་པ་ཡིག་རྙིང་དུའང་མཐོང་རྒྱུ་ཡོད་དེ། མཐོ་ལ་ཡོགས་ཀྱི་མངའ་བདག སྨ་བྱིངས་ཀྱི་རྒྱན་རྐྱེན།ཞེས་དང་། སྨད་ཀྱི་དཔའ་སྡེ་ནི། དམའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་རྩེས་ཡར་བཅད། བོད་ཀྱི་ཡུལ་དུ་ཕྱག་ཕེབས་ནས། སྨ་རྒྱལ་སྤོམ་རས་ཞུས་པ་ལ།ཞེས་པ་ལྟ་བུ་སོགས་འདུག དེས་ན་དམའ་རིགས་ཟེར་བ་དེའང་རུས་རྒྱུད་གཅིག་ཙམ་མ་ཡིན་པར་དུ་མ་ཡོད་སྲིད་ལ། དེའང་རྒྱུ་རྐྱེན་གང་རུང་གིས་ཡུལ་འདིར་འོངས་པའི་གཉན་རིགས་ཀྱི་དབང་དུ་སོང་བས་གཙོ་བོས་དབང་དུ་བྱས་པའང་ཡིན་སྲིད་དོ། །
       
ཡང་རྨ་རྒྱལ་སྤོམ་ར་སྲིད་པ་ཆགས་པའི་ལྷ་དགུ་དང་། རྗེའི་མགུར་ལྷ་བཅུ་གསུམ་གྱི་གྲས་སུ་རང་ཤུགས་ཀྱིས་ཚུད་པའི་གོ་རིམ་འདིའང་གདོད་མའི་ཚོ་བ་དུ་མའི་མངའ་ཐང་གི་འགྱུར་ལྡོག་དང་འབྲེལ་བ་ཡོད་དེ། ཕྱྭ་དང་གཉན་གཉིས་ནི་བོད་ཀྱི་གདོད་མའི་རུས་ཆེན་གྱི་རིགས་ཤིག་ཡིན་པ་གོང་དུ་སོང་ལ། གཉན་གྱི་རིགས་འདི་རྗེས་སུའང་མང་དུ་འདུག་ཚུལ་ལ། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ཞེས་དང་། མ་སངས་རུས་བརྒྱད་ནི། གཉན་མ་སངས་གཡའ་སྤང་སྐྱེས་གཅིག་དང་གཅིག་གཉན་མ་སངས་ངན་ལམ་རྩང་སྐྱེས་དང་གསུམ། ཞེས་པ་ལྟར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལས་དབང་མཛད་བཅུ་གཉིས་ཀྱི་སྐབས་སུའང་ཡང་ཡང་འབྱུང་བ་འདིས། གཉན་རིགས་འདི་སྤྱིར་བཏང་རྟོག་བཏགས་ཀྱི་ལྷ་འདྲེ་ཙམ་ཞིག་མ་ཡིན་པར། བོད་ཀྱི་གདོད་མིའི་རུས་རྒྱུད་ཅིག་གི་འབོད་སྟངས་ཡིན་པ་གསལ་ལ། སྐབས་དེ་ཙམ་ལ་ཏག་ཏག་གཉན་རིགས་འདིས་ཡུལ་ཡར་ལུང་གི་མིའི་ཚོགས་པ་དག་གཅིག་གྱུར་གྱི་བྱ་ལས་མང་དུ་མཛད་མྱོང་རྐྱེན། ཡུལ་མིའི་དྲན་པར་ཕྱྭ་གཉན་གྱི་ངོ་བོ་དབྱེར་མེད་གཅིག་ཏུ་འདྲེས་པའི་རྣམ་པ་ཞིག་གི་ངོས་ཐད་ནས་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་བཞག་པར་འདོད། དེས་ན་གཉན་རིགས་སམ་གཉན་ལ་དད་པའི་ཚོ་ཁག་དེ་ཕྱིས་སུ་ཡུན་གྱིས་མདོ་ཁམས་ཡུལ་དུ་མཆེད་པ་ནི་ཡུལ་མདོ་ཁམས་ཀྱི་ཡུལ་གྲུ་ཀུན་ན་ད་ལྟའི་བར་དུའང་གཉན་རིགས་ཀྱི་གཞི་བདག་དང་ཚོ་སྡེ་ཤིན་ཏུ་མང་བས་ཀྱང་བདེན་དཔང་བྱེད་ཐུབ་པར་འདོད། གང་ལྟར་གཉན་རིགས་ཀྱི་བདག་པོའམ་སྲིད་པའི་གཉན་ལྷ་ཡི་གདུང་སྲས་གང་ཞིག་རྨ་རིགས་ཀྱི་བདག་པོར་གྱུར་ལ། རྨ་ཡུལ་བདག་ཏུ་བཟུང་སྟེ་གཞིས་ཆགས་ཤིང་སླར་ཡུལ་དེའི་བརྗིད་ལྡན་གྱི་གངས་རིའི་ངོ་བོར་གཤེགས་པ་ཞིག་སྟེ། གངས་རིའི་གཟི་བྱིན་དང་མེས་པོའི་དུངས་པ་གཅིག་ཏུ་བསྡེབས་པ་ལས་སྐྱེས་པའི་དད་མོས་ཀྱི་མྱུ་གུ་རྒྱུན་རིང་བ་དེའོ། །ཡང་གཅིག་བསམ་ན། ལྷ་མི་གཅིག་ཏུ་བལྟ་བའི་ལྷ་རབས་སྲིད་པའི་ཐ་ཆུང་དེ། མི་ཡུལ་གྱི་སྲིད་པའི་མགོ་བོ་ཡིན་པ་ལྟ་བུའི་སྲིད་པའི་མེས་པོར་དད་པའི་རི་ལྷར་དད་པའི་ཐོག་མའི་རིགས་ཤིག་ཏུ་བརྗོད་ཆོག་ལ། དེ་ལྟར་ན་རྨ་རྒྱལ་སྤོམ་རའི་འབྱུང་ཁུངས་དང་འབྲེལ་བའི་ངག་རྒྱུན་གཉིས་ཀྱང་ལྷག་ཏུ་མི་འགལ་ཏེ། གཉན་རིགས་རྨ་ཡུལ་གྱི་བདག་པོར་གྱུར་ཅིང་གཙུག་ཏུ་བཀུར་བའི་གཉན་རིགས་དེ་ལྷའམ་གངས་རིའི་ངོ་བོར་གཤེགས་ཤིང་། རྗེས་རབས་པས་རང་གི་མེས་པོའམ་ལྷ་དེ་གངས་རི་ལ་གནས་པར་འདོད་པས་རང་ཉིད་ཀྱི་ཁུངས་ཀྱང་དེར་གཏུགས་པ་རྒྱུན་ལྡན་ནོ། །དེ་ཙམ་མ་ཟད། ཡུལ་དེར་གནས་པའི་མི་སྡེ་དག་ཀྱང་རང་བྱུང་གི་གངས་དཀར་ལྷུན་པོ་གཞན་ལས་ཁྱད་དུ་འཕགས་ཤིང་གཏོས་ཆེ་བའི་གཟི་བྱིན་མིག་ལམ་དུ་བསྟར་བར། དེ་ལ་ཡིད་སྨོན་དང་དད་འདུན། ཡང་ན་འཇིགས་སྣང་གི་སེམས་པས་དབང་མེད་གུས་ཤིང་བཀུར་བའང་འགྲོ་མིའི་གཉུག་གཤིས་ཀྱི་གཤིན་སར་མ་བཏབ་རང་ཤུགས་སུ་གྲུབ་པས་དེ་ལ་གུས་བཀུར་མི་བྱེད་པའང་ཤིན་ཏུ་དཀའ་བའི་གནས་སུ་ཟད་པ་འདྲ། དེ་ལབོད་ཀྱི་གནའ་རབས་ཀྱི་ལོ་རྒྱུསལས། བོད་མིས་རི་ཀླུང་ལ་མཆོད་པའི་སྲོལ་མཆིས་ཏེ། གནའ་བོའི་དུས་སུ་ཚོ་བའི་མགོ་དཔོན་དགུང་དུ་གཤེགས་པའི་ཚེ། རི་ཀླུང་ལ་དུར་དུ་སྦས་ཏེ་མཆོད་ཅིང་། དེའི་མཆོད་སྟངས་ནི་མདའ་གྲི་མདུང་གསུམ་ལ་གཡང་དཀར་ལུག་གི་བལ་གྱིས་བརྒྱན་ནས་མཆོད་པ་དང་། དུས་ཕྱིས་སུ་དུར་མཆོད་དེ་ཉིད་ལབ་བཙས་བསྟོད་པའི་སྲོལ་དུ་གྱུར་ནས་དེང་སང་གི་བར་དུ་འགྱུར་མེད་ལ། དེང་སང་རི་ག་གེ་མོ་ལ་གཞི་བདག་ག་གེ་མོ་གནས་ཞེས་བརྗོད་པའང་རི་དེ་དག་ལ་གནའ་བོའི་དུས་ཀྱི་ཚོ་དཔོན་དང་དམག་དཔོན་སྙན་གྲགས་ལྡན་པ་རྣམས་གནས་པར་འདོད་པ་དང་། གཞི་བདག་ལ་མཆོད་པ་ནི་རང་གི་མེས་པོར་མཆོད་པའི་སྲོལ་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་པས་ཀྱང་ཤིན་ཏུ་གསལ་བའོ། །
       
གཉིས་པ། བོད་མིའུ་གདུང་དྲུག་གི་གྲོལ་ཚུལ་དང་འབྲེལ་ནས་བཤད་པ།
       
རླངས་ཀྱི་པོ་ཏི་བསེ་རུལས། མཆེད་གསུམ་གྱི་ཆུང་བ་ཕྱང་རྗེ་སྟག་ཆ་འལ་འོལ་ཡིན། ལྷ་རབས་སྲིད་པའི་ཐ་ཆུང་དེ། མི་རབས་སྲིད་པའི་མགོ་བོ་ཡིན། ཞེས་པ་ལྟར། ལྷ་དང་མི་གཉིས་ངོ་བོ་གཅིག་ཙམ་དུ་གྲུབ་པས་ཀྱང་བོད་ཀྱི་མེས་པོའི་ཤུལ་རྗེས་འཚོལ་བ་ལ་བདེན་དཔང་བྱེད་པར་མ་ཟད། འོ་དེ་གུང་རྒྱལ་དང་ཡབ་ལྷ་བརྡལ་དྲུག་སོགས་ནི་སྟག་ཆ་འལ་འོལ་གྱི་སྲས་སུ་བགྲང་འདུག་རྐྱེན། འདི་དག་ནི་སྔ་རབས་མེས་པོ་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དང་ལྡན་པ་ཤ་སྟག་ཡིན་པ་གོར་མ་ཆག་པར་འདོད་ཡོད། དེ་ལྟར་ན་འོ་དེ་གུང་རྒྱལ་གྱི་སྲས་སུ་བགྲང་བའི་ལྷ་དགུ་དང་བཅས་པའི་རྨ་རྒྱལ་སྤོམ་ར་སོགས་ལའང་ངེས་ཤེས་རྙེད་ཐུབ་པར་མ་ཟད། ཆོས་འབྱུང་མཁས་པའི་དགའ་སྟོནལས། མི་རྗེ་ལྷས་མཛད་འཛམ་གླིང་ཡུལ་གཞན་ལས། །ཁྱད་དུ་འཕགས་པར་འཆད་ཕྱིར་སྨད་མི་བྱ། །ཞེས་པ་འདིས་ཀྱང་སྔོན་གྱི་སྲིད་པའི་ལྷ་རབས་ནི་རིགས་རུས་ཁྱད་དུ་འཕགས་པར་སྟོན་པ་ལས་དོན་དུ་ལྷ་མིའི་ངོ་བོ་གཅིག་འདུས་སུ་བསྟན་ཡོད་པར་འདོད་ལ། མི་སྡེ་གང་གི་རྗེ་བོའམ་མེས་པོ་ལྷ་རུ་བཀུར་བ་ནི་བཀུར་གཟོ་དང་དྲན་གདུང་གི་བསམ་པ་མཚོན་བྱེད་ཅིག་ཏུའང་འགྲོ་བས། དེ་ཉིད་རྨོངས་དད་དང་ལྷ་སྒྲུང་ཙམ་དུ་གོ་ནས་ལོགས་སུ་འཇོག་པ་ནི་ག་ལ་རུང་། དེས་ན་བོད་མིའུ་གདོང་དྲུག་མ་གྲུབ་པའི་ཡར་སྔོན་དུ་བོད་ལ་མི་སྡེའམ་གདུང་རུས་མི་འདུག་པའང་མ་ཡིན་ཏེ། འོད་གསལ་ལྷ་ཡི་རིགས་ནས་ཕྱྭ་དམུ་གཙུག་གཉན་སོགས་ཀྱི་རུས་རྒྱུད་ཚོ་ཁག་མང་དུ་བྱུང་ཚུལ་ཡིག་རྙིང་ལས་གསལ་ན། སྤྲེལ་ཕྲུག་ཙམ་ནས་ཐད་ཀར་རུས་ཆེན་དྲུག་ཏུ་དགར་བའང་མ་ཡིན་ཏེ། སྤྲ་དང་སྤྲེའུ་ལས་སམ། འོད་གསལ་ལྷ་ལས། ཡང་ན་སྲིད་པའི་དུང་སྒོང་གང་ཞིག་ལས་གྲོལ་ཅིང་དུས་ཡུན་ཧ་ཅང་རིང་ཙམ་ལོན་པ་ན་རུས་རྒྱུད་ཚོ་ཁག་དུ་མར་གྱེས་པ་ལ་ཕྱྭ་དམུ་གཙུག་གཉན་སོགས་བྱུང་ཞིང་། སླར་ཡང་དུས་ཡུན་རིང་ཙམ་ཕྱིན་ཅིང་ཚོ་བའི་འཕེལ་འགྱུར་ལས་རུས་ཆེན་དྲུག་སོགས་གྲུབ་པ་ཞིག་ཡིན་འོས་ཏེ། ཁུ་བྱུག་སྔོན་མོའི་གསུང་སྙན ལས་ཀྱང་རྒྱལ་རིགས་དྲ་མ་ཆེན་པོ་ལས་བྱུང་། ཞེས་པ་ལྟར་རུས་རྒྱུད་ཚོ་ཁག་གཡུལ་འཐབ་ཀྱིས་ཕན་ཚུན་དབང་དུ་བསྡུས་ཤིང་རྗེ་བོ་བྱུང་ལ། སླར་རྒྱལ་སྲིད་བཅད་བཟུང་གིས་ཚོ་ཁག་གམ་རུ་ཆེན་དུ་མ། ཡང་ན་རྗེས་ཀྱི་རུས་ཆེན་དྲུག་སོགས་ཀྱི་རྣམ་པར་གྱེས་པར་འདོད་དོ། །དེས་ན་ཐོག་མའི་གཡུལ་འཁྲུག་གི་རྒྱལ་ཁ་ལོན་དགོས་ན་ཚོ་བ་མཉམ་འབྲེལ་ལམ་བུ་སྤུན་ཉིས་འགྲིག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་མཆོག་ཏུ་སྨྲ་ཞིང་། དེ་ལྟར་རྒྱལ་མཁན་གྱིས་གཡུལ་ཟས་ཁྱད་མེད་དུ་བགོ་བའང་རང་གཞན་གཉིས་ཀའི་ཁེ་ཕན་དང་མཐུན་ལ། གནའ་དེང་གི་གཡུལ་འཁྲུག་མང་པོའི་ཆོས་ཉིད་དང་ཡང་འཚམ་པར་འདོད། དེ་ལྟར་ན་དང་པོ་དབུ་ནག་མི་ཡི་གྲོལ་ལུགས་ནས་ཕྱྭ་དམུ་གཙུག་གཉན་སོགས་ཚོ་སྡེའམ་རུས་རྒྱུད་ཚོ་ཁག་ཆེན་པོ་དུ་མར་གྱེས་པ་ལ་མི་ལོ་རིང་ཙམ་ཟད་དགོས་པ་གདོད་མའི་སྤྱི་ཚོགས་ཀྱི་འགྲོས་རིམ་ལས་རྟོགས་ལ། དེ་ཡང་དུས་ཡུན་རིང་ཙམ་ཕྱིན་རྗེས་རྒྱུ་རྐྱེན་གང་རུང་གིས་ཁ་འཐོར་ཅིང་སླར་ཡང་གཅིག་ཏུ་འདུས་ཤིང་ཅུང་རྒྱ་ཆེ་བའི་རུས་རྒྱུད་ཚོ་ཁག་གམ་མི་སྡེ་དུ་མར་གྱེས་པ་ནི་བོད་མིའུ་གདོང་དྲུག་སོགས་ཨེ་ཡིན་སྙམ་སྟེ། ཡིག་རྙིང་ལ་ལར་ནང་བཅུད་ཀྱི་སེམས་ཅན་གྲོལ་ལུགས་ནི་དང་པོ་ཡེ་མེད་སྟོང་བ་ལ་འོད་ཟེར་དང་སྨག་སྨྲིག བསེར་བུ་དང་བ་མོ། ཟིལ་བ་སོགས་ཀྱི་འཁོར་སྐྱོད་ལས་མཚོ་གྲུབ་པ་དང་། དེ་ལ་མཚོ་ཞགས་ཆགས་པ་ཡིས་སྒོ་ང་དཀར་ནག་ཁྲ་གསུམ་གྲུབ་པའི་ནང་ཤེད་ནས་རིམ་བཞིན་ལྷ་མི་འདྲེ་སོགས་ཀྱི་འགྲོ་བ་བྱུང་ཚུལ་བཤད་ལ། སྒོ་ང་ཁྲ་བོ་ལས་བརྡོལ་བའི་སྨོན་མི་ལམ་ལུམ་མམ་སྲིད་པ་སངས་པོ་འབུམ་ཁྲི་སྟེ། ཡེ་སྨོན་རྒྱལ་བོར་གྲགས་པ་འདིའི་རྒྱུད་ལས་ཕྱྭ་དམུ་གཙུག་གཉན་སོགས་བྱུང་ལ། དེ་ལས་ཀྱང་ཕྱྭ་ཡི་རིགས་སུ་གྱུར་པ་ཕྱྭ་བུ་སྤྱི་གཙུག་རྒྱལ་བའི་གདུང་རྒྱུད་ལས་ཕྱྭ་རབས་ཟམ་མ་ཆད་པར་བྱུང་ཞིང་། རྗེས་ཀྱི་དུས་རབས་རིམ་བྱུང་ལས་ཀྱང་བོད་ཀྱི་ཆབ་སྲིད་ལ་ཁ་ལོ་བསྒྱུར་བའི་རིགས་རུས་གཙོ་བོར་གྱུར་པ་ཡིན།
        ཡང་བོད་མིའུ་གདོང་དྲུག་གི་གྲོལ་ཚུལ་ལ། དང་པོ་སྲིད་པ་སངས་པོ་འབུམ་ཁྲི་ནས་རིམ་པར་སྲིད་པའི་ཕྱྭ་རབས་མཆེད་བཞི། དེ་ལས་ཀྱང་ཡབ་ལྷ་བརྡལ་དྲུག་གི་སྲས་ཆུང་བ་སྲིད་པ་སྣེ་ཕྲོམ་ལ་ཁྲ་འདི། ཡབ་ཀྱི་བཀའ་ལྟར་དགུང་ནས་མི་བརྒྱུད་སྤེལ་དུ་བཏང་ཞེས་པའང་མདོ་ཁམས་ཕྱོགས་སུ་མངགས་པ་འདྲ་སྟེ། སྣེ་ཕྲོམ་ལ་ཁྲས་རྨ་ཁ་བཞུར་ཡང་བཞུར་གྱི་གོང་ཁར་ས་བཟུང་ལ། སྲས་གསུམ་འཁྲུངས་པ་ལས་ཆེ་བ་གཉིས་གྲི་ཤིར་སོང་བའི་གཏམ་ཡང་འདུག་པས་གཡུལ་འཁྲུག་གང་མང་བྱས་སམ་ཀྱང་སྙམ་ལ། སྲས་ཆུང་བ་སྲིད་པ་རྒྱལ་བུ་མཐིང་གེ་དང་། རྒྱལ་བུ་མཐིང་གེ་ལ་སྲས་བོད་འཛོམ་ལ་ཕྲོམ། རྒྱལ་ཁྲི་ལ་བཞེས། ཁྲི་ཕྲུག་ཧོར་བཅས་ཡིན་ལ། དེ་གསུམ་ནང་མ་འཆམ་པར་ས་བགོས་ཤིང་མཐར་ཁམས་ཀྱི་ར་རྒྱ་གྲུ་སོ་ནས། རྒྱ་ངུ་ཞིང་ཐུར་དུ་ཐལ། བོད་རྒོད་ཞིང་ཡར་ལ་འོང12ཞེས་པ་ལྟར་སོ་སོར་གྱེས་སོ། །བོད་འཛོམ་ལ་ཕྲོམ་གྱི་སྲས་ཁྲི་ཐོག་ཆེན་པོས་གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ། བུ་ཆེ་བ་ལྡོང་། འབྲིང་བ་དབྲ། ཆུང་བ་འབྲུ་གསུམ་སྲིད། དམུ་ཟ་ཁབ་ཏུ་བཞེས་པ་ལ་དམུ་ཚ་སྒ་སྲིད། སྲིན་བཟའ་ཁབ་ཏུ་བཞེས་པ་ལ་ཆེ་བ་དབའ་དང་ཆུང་བ་ཟླའམ་ལྡ་གཉིས་བཅས་ལ་བོད་མ་གསུམ་བུ་དྲུག་གམ་བོད་མིའུ་གདོང་དྲུག་བྱའོ། །དེས་ན་བོད་མི་ཁྲི་ཐོག་ཆེན་པོའམ་ཁྲི་དོ་ཆེན་པོས་མཐའ་འཁོར་གྱི་ཚོ་བ་གཞན་དང་གཉེན་འབྲེལ་བྱས་ཤིང་། བོད་མིའུ་གདོང་དྲུག་གིས་མཉམ་འབྲེལ་གྱིས་བདུད་སྡེ་བཅོམ་ལ་ཡུལ་ཁམས་སླར་ཡང་གཅིག་ཏུ་བསྡུས་པར་བཤད་དེ། དེ་ཡང་བོད་མིའུ་གདོང་དྲུག་གི་ཕ་རྒན་བོད་མི་ཁྲི་ཐོག་ཆེན་པོ་བདུད་ཀྱི་ར་མདར་འགྲོ་སྐབས་གཉན་གྱིས་བཀྲོངས་རྐྱེན། བོད་མིའུ་གདོང་དྲུག་གིས་གཉན་ལ་སྟོང་འདེད་བྱས་ཤིང་། བདུད་ལ་ཕ་ཤ་བླངས་པའི་གཏམ་ཀྱང་འདུག་པས། ཚོ་སྡེ་གཞན་དང་གཡུལ་འཁྲུག་ཟམ་མ་ཆད་པ་རྟོགས་ལ། བོད་མིའུ་གདོང་དྲུག་གིས་སྔར་གྱི་ཚོ་སྡེ་སྟོབས་ཤུགས་ཅན་དུ་མར་ཁ་ལོ་བསྒྱུར་བའང་ཤུགས་ལ་རྟོགས་ཐུབ་པར་འདོད། དེ་ལྟར་སོ་སོའི་བདག་ཏུ་བཟུང་བའི་ཡུལ་གྲུ་ལ་བསམ་སྟེ་རུས་ཆེན་དྲུག་ཏུ་རྒྱ་ཆེ་བའི་དབང་དུ་བྱས་ཏེ་དགར་ལ། རྗེས་སོར་ཚོ་སྡེ་གང་དེའི་རུས་ལྟ་བུར་གྱུར་པས། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཀུན་དུ་བོད་མིའུ་གདོང་དྲུག་གིས་ཁྱབ་སོང་བར་འདོད་དོ། །
       
བོད་མིའུ་གདོང་དྲུག་གི་གྲོལ་ཚུལ་ལམ་བོད་ཀྱི་གདོད་མའི་རུས་རྒྱུད་ཚོ་བའི་འཕེལ་འགྱུར་རགས་པ་འདི་ལས། ཞི་བ་གཉེན་དང་དྲག་པོ་གཡུལ་གྱི་སྦྱོར་བས་རང་གི་མངའ་ཁོངས་རྒྱ་བསྐྱེད་ལ་མི་རྒྱུད་མང་དུ་སྤེལ་བ་གསལ་ལ། དེར་གདོད་མའི་རུས་རྒྱུད་ཕྱྭ་དམུ་གཙུག་གཉན་གྱི་མི་སྡེའི་དར་རྒུད་དང་འཕེལ་འགྱུར་གྱི་ས་བོན་རྙེད་ཅིང་། ལྷ་གཉན་ཞེས་པའང་ཐོག་མ་ནས་ལྐོག་གྱུར་གྱི་གནས་ལུགས་གང་ཞིག་མ་ཡིན་པར། བོད་རིགས་ཀྱི་གདོད་མའི་རུས་རྒྱུད་ཚོ་ཁག་ཅིག་གི་མཚན་དུ་ངེས་ཤིང་། རྗེས་ཀྱི་དུས་རིམ་ཁྲོད་མེས་པོའི་དད་འདུན་རི་ལ་བཅོལ་ཏེ་མཆོད་བཀུར་བྱས་པར་འཁུམས་པས། གཉན་རིགས་ཀྱིས་གནས་འདི་བདག་ཏུ་བཟུང་བའི་དུས་ཡུན་ཧ་ཅང་སྔ་བ་རྟོགས་ཐུབ། དེས་ན་གོང་དུ་སོང་བ་ལྟར་རྨ་གཉན་སྦོམ་ར་འདིའང་དུས་དེ་ཙམ་ན་གཡུལ་འཁྲུག་གི་དབང་གིས་ཐབས་ཟད་དེ་མདོ་ཁམས་ཀྱི་ཡུལ་འདིར་འཁྱམས་ཡོང་བའམ་ཡང་ན་ཡུལ་དེར་དབང་སྒྱུར་དུ་མངགས་པའི་སྐྱེས་བུ་ཞིག་སྟེ། ཡབ་མེས་ཀྱི་ཡུལ་དང་བསྡུར་ན་ས་ཁད་ཅུང་དམའ་བའི་ཡུལ་གྲུ་དེ་བདག་ཏུ་བཟུང་བས་དམའ་བའི་ཡུལ་གྱི་རྒྱལ་བོའམ་རྗེ་བོར་གྱུར། རྗེས་སོར་མི་མིང་ས་ལ་ཐོགས་པས་པོམ་ར་གངས་སུ་གྲགས་པ་ཡིན་པའི་ཚོད་དཔག་ཀྱང་བྱེད་དོ། །ཕྱོགས་གཞན་ཞིག་ནས་བཤད་ན། དེ་ཡང་རྗེས་རབས་པས་དུས་ཡུན་རིང་པོར་ཡང་ཡང་མཆོད་ལ་དུས་ཡུན་ཅི་ཙམ་རིང་དུ་ཕྱིན་པ་དེ་ཙམ་གྱིས་རྗེས་རབས་པ་དང་བར་ཐག་བཀྱེད་པའམ་ལྐོག་གྱུར་གྱི་ངོ་བོར་འཐིམས་ལ། དང་པོའི་རང་གི་མེས་པོ་ཙམ་ལས་ཡར་འཕགས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡུལ་ལྷ་གཞི་བདག་གི་རང་བཞིན་ཅན་དུ་འགྱུར་ལ། རྗེས་སུ་བན་བོན་ཆོས་ལུགས་སོ་སོས་རང་རང་གི་ནང་དོན་སྦྱར་ཏེ་རིམ་བཞིན་གཞི་བདག་ཏུ་མཆོད་པས། རྨ་རྒྱལ་སྤོམ་རའི་ཆ་བྱད་དང་རྣམ་པ་ལ་འགྱུར་ལྡོག་བྱུང་སྟེ། མཐར་ཐུག་ས་བཅུ་ཐོབ་པའི་སངས་རྒྱས་སུ་གསུངས་པ་ལྟ་བུར་སྣང་མོད། སྤྱིའི་ཆ་ནས་གདོད་མའི་ངོ་བོར་འགྱུར་ལྡོག་ཆེན་པོ་མ་བྱུང་བར་འདོད་དེ། ཡུལ་དེའི་བོད་པ་དག་གིས་རྨ་རྒྱལ་སྤོམ་ར་ལ་ཨ་མྱེས་རྨ་རྒྱལ་ཞེས་འབོད་ཅིང་། ཨ་མྱེས་རྨ་རྒྱལ་གྱི་ཆ་བྱད་ལ་ཕྱིང་ཞྭ་དཀར་པོ་མནབས་པ། ཡང་ཨ་མྱེས་རྨ་རྒྱལ་འདི་གཉན་གྱི་རིགས་ཤིག་ཡིན་པ་སོགས་ཀྱི་རྩ་བའི་ས་བོན་ལ་འགྱུར་བ་ཆེར་བྱུང་མི་འདུག་པར་འདོད། དེ་ནི་ལྷ་དང་བདུད་དང་སྲིན་པོ་སོགས་ཀྱང་དང་ཐོག་མི་ཡི་རིགས་ཤིག་ཡིན་པ་ལ། སོ་སོའི་སྤྱོད་པ་དང་དུས་ཀྱི་འཕེལ་འགྱུར་ལས་མི་མ་ཡིན་པ་ལྟ་བུ་ཞིག་ཏུ་སྦྱར་འདུག་པའི་ཚུལ་དང་ཡང་འདྲའོ། །
       
གསུམ་པ། རྨ་རྒྱལ་སྤོམ་རའི་བསང་ཡིག་དང་འབྲེལ་ནས་བཤད་པ།
       
སྤྱིར་རྨ་རྒྱལ་སྤོམ་རའི་བསང་ཡིག་གང་ལ་བལྟས་ཀྱང་བོད་ཀྱི་མེས་པོ་ཞིག་གི་རྣམ་པ་གསལ་ལྷང་ངེར་མངོན་འདུག་པ་དཀའ་ཙམ་གདའ་ལ། བསང་མཆོད་ནི་མ་གཞི་ནས་ཡུལ་ལྷ་གཞི་བདག་སྟོབས་ཤུགས་ལྡན་པ་གང་ཞིག་ལ་མི་སྒེར་རམ་ཚོ་བའི་འདོད་བློ་འགྲུབ་པར་རོགས་རམ་བྱེད་པར་སྐུལ་མ་བྱེད་པའི་རྣམ་པ་ཞིག་ལགས་པས། དེ་ཉིད་ལའང་འཇིག་རྟེན་གྱི་ཁྱད་མཚར་རམ་འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་སམ་བྱིན་རླབས་ངེས་ཅན་བདོག་པར་བསྒོམས་ཏེ་མཆོད་པ་ལས། སྔ་མོ་ནས་འབྱུང་བའི་ཕང་བར་འཐིམས་པའི་མི་ཡི་ཤ་ཚུགས་ཅན་ཞིག་ཏུ་འདོད་ན་དུས་ཡུན་རིང་བོར་བོད་པའི་གཙུག་ཏུ་བཀུར་བའི་གནས་སུ་འགྱུར་མིན་ཡང་བཤད་དཀའ་ལ། དེ་ལས་ཀྱང་ཚོ་བའི་འཕེལ་འགྱུར་དང་དུས་ཀྱི་འགྱུར་བག་རྒོད་པོས་རྒྱང་དུ་བྱེར་བའི་དུས་རབས་ཀྱི་ཉག་མ་རེ་རེར་འབྱུང་བཞིའི་ངོ་བོར་མི་འཐིམས་པའི་ངེས་པ་ག་ལ་ཡོད། དེ་ལྟ་ནའང་མདོ་དབུས་མཐོ་སྒང་གི་ཕང་བར་གནའ་བསྐལ་བ་སྲིད་པ་ཆགས་པའི་དུས་ནས་དུས་རབས་ཉེར་གཅིག་པའི་བར་འདིར་རྨ་རྒྱལ་སྤོམ་རའི་མཚན་སྙན་བོད་མི་རྣམས་ཀྱི་སེམས་སུ་བྲིས་འདུག་པ་འདི། གནའ་སྲིད་པ་ཆགས་པའི་དུས་ཀྱི་མེས་པོ་ཞིག་རི་འདིར་གནས་པར་འདོད་པའི་ཐོག་མའི་ས་བོན་གྱིས་རྨང་བྱས་ཏེ། ཡུལ་དུས་ཀྱི་དགོས་དབང་ལྟར། དེ་ལ་ནང་དོན་གསར་བས་རབ་ཏུ་བརྒྱན་པ་ནས་དབུ་ཚུགས་ཤིང་། མི་རབས་ནས་མི་རབས་བར་དེ་ལ་གུས་བཀུར་དང་མཆོད་པ་བྱས་པའི་འབྲས་བུ་དངོས་ཡིན་པར་སྙམ་ཡོད།
       
ཡང་གནས་རི་གང་ཞིག་གཞི་བདག་ཏུ་བསྒྱུར་བ་ལ་ཆོས་ལུགས་གང་གི་བླ་ཆེན་ནམ་གྲུབ་ཐོབ་ཞིག་གིས་ལྷ་ཞིག་གནས་དེར་བཀོད་དེ་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེས་པའང་ཡིན་སྲིད་མོད། རྨ་རྒྱལ་སྤོམ་ར་ནི་གནའ་སྔ་མོར་ཤ་ཁྲག་དང་དམར་གསུར་གཏོང་བའི་བརྔན་གྱི་རིགས་ལ་དགའ་བའི་བོན་གྱི་གཞི་བདག་ཅིག་ཡིན་ལ། ཕྱིས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་ཏེ་བན་ཁའི་གཞི་བདག་ཅིག་ཏུ་བཀའ་བསྒོས་པ་ལས། ཆོས་ལུགས་གང་གི་ལྷའམ་ཡི་དམ་ཞིག་གནས་དེར་གསར་དུ་བཀོད་པ་ལྟ་བུའང་མ་ཡིན་པས། འདི་ལ་གནའ་སྔ་མོ་ནས་ཤིན་ཏུ་གསལ་བའི་བཤད་རྒྱུན་ཡང་དག་པ་ཞིག་ཡོད་པ་གསལ་ལ། ཆོས་ལུགས་གང་གིས་ཀྱང་ལོ་རྒྱུས་ཀྱི་ས་བོན་དངོས་དེ་སྒྲིབ་མ་ཐུབ་པ་རེད། དེ་ལྟར་ཡུལ་གྲུ་འདིར་གཉན་རིགས་ཀྱི་ཚོ་སྡེ་ཆེན་པོ་ཞིག་བྱུང་མྱོང་ཞིང་། དེའང་སྲིད་པ་སངས་པོ་འབུམ་ཁྲི་ནས་བརྒྱུད་པའི་ཕྱྭ་དམུ་གཙུག་གཉན་གྱི་རིགས་སུ་གྱུར་པ་དེ་ཡིན་ལ། ཡུལ་འདི་བདག་ཏུ་བཟུང་སྟེ་དུས་ཡུན་རིང་ཙམ་ལོན་པ་ལ། སླར་ཡང་ཡབ་ལྷ་བརྡལ་དྲུག་གི་རྒྱུད་པའམ་ཁྱད་པར་བོད་མིའུ་གདོང་དྲུག་གིས་ཡུལ་ཁམས་འདིར་མངའ་དབང་བསྒྱུར་ཅིང་། ཕྱིས་སུ་བོད་མིའུ་གདོང་དྲུག་གི་རྒྱུད་པ་མདོ་ཁམས་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཀྱང་རང་གི་གདོད་མའི་མེས་པོའམ་གཞི་བདག་དེ་ལ་དུས་གཏན་ཏུ་མཆོད་བཀུར་དང་དད་མོས་བྱེད་པའི་སྲོལ་མ་ཉམས་པ་རེད།
       
ཇི་སྐད་དུ་རྒྱལ་དབང་ལྔ་བ་ཆེན་པོས། དགྲ་ལྷའི་རྒྱལ་བོ་ལྷ་གཉན་ཀུན་གྱི་གཙོ། །མཐུ་སྟོབས་དབང་ཕྱུག་རྨ་ཆེན་སྤོམ་ར་ཁྱོད། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས། །བདེ་བའི་ཉམས་སྟེར་དགྱེས་པ་སྐྱེད་བྱེད་པའི། །གསང་བའི་ཡུམ་ཆེན་གུང་སྨན་ལྷ་རི་དང་། །དཔའ་བའི་སྲས་དགུ་མཛངས་པའི་སྲས་མོ་བདུན། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །13ཞེས་པ་ལྟར། རྨ་རྒྱལ་སྦོམ་ར་ནི་ཡབ་ཡུམ་སྲས་དང་བཅས་པ་ཡོད་པར་མ་ཟད། ཕྱོགས་བཞིར་གཉན་ཆེན་སྡེ་བཞིས་བསྐོར་ཅིང་། མདའ་མདུང་འཛིན་པའི་དཔའ་བོའི་དམག་དཔུང་སུམ་བརྒྱ་དྲུག་ཅུ། འཁོར་ཡང་ཧ་ཅང་མང་པོས་བསྐོར་བའི་རྗེ་བོ་ཞིག་གི་རྣམ་པར་བསྟན། བོན་བརྒྱ་རིན་པོ་ཆེས་མཛད་པའིརྨ་ཆེན་པོམ་རའི་འཕྲིན་བཅོལ་དོན་ཡོད་ཞགས་པཞེས་བྱ་བར། ཀྱེ། ཀུན་བཟང་གཤེན་ལྷའི་གསང་གསུམ་སྒྱུ་འཕྲུལ་གར། །སྔ་འགྱུར་གཤེན་གྱི་བསྟན་པ་སྲུང་བའི་གཙོ། །སྒྲུབ་པའི་གཤེན་ཆེན་གོང་མའི་ཐ་ཚིག་ཅན། །བརྒྱུད་འཛིན་གཤེན་ལ་དགའ་བའི་ལྷ་ཆེན་པོ། །སྟོང་ཁམས་དབང་བསྒྱུར་རྨ་རྒྱལ་པོམ་ར་རྗེ། །14ཞེས་བོན་གྱི་བསྟན་སྲུང་གཙོ་བོར་འཇོག་ལ། ལོ་ཆེན་བེ་རོས་མཛད་པར་གྲགས་པའི་གནས་ཡིག་ཏུའང་། ཀུན་བཟང་གཤེན་ལྷས་བྱིན་གྱིས་བརླབས་པའི་གནས། །གྲུབ་ཆེན་བརྒྱད་ཅུའི་འགོག་པའི་དོན་དགོངས་པས། །སྔར་འདས་སངས་རྒྱས་ས་སྟེང་གཤེཊ་པའི་ཤུལ། །ད་ལྟའི་སངས་རྒྱས་གཤེན་རབ་བགྲོད་པའི་གནས། །མ་འོངས་སངས་རྒྱས་མེ་སྒྲོན་འབྱོན་པའི་ལམ། །15ཞེས་དང་། རི་བོ་དེ་ལ་བསྐོར་བ་གསུམ་བྱས་ན། །ས་བཅུ་གཡུང་དྲུང་སེམས་དཔའི་གྲལ་དུ་སྐྱེ། །ཞེས་དང་། ཡང་དེ་ལས། ཤར་ཕྱོགས་གཡུང་དྲུང་འདྲ་བའི་རི་བོ་ལ། །སློབ་དཔོན་པདྨའི་ཁ་ཊཱཾ་རྡོ་རྗེ་ཡོད། །སངས་རྒྱས་སྣང་བ་མཐས་ཡས་རང་བྱོན་ཡོད། །བསྟན་སྲུང་འབར་བའི་སྒྲུབ་སྐོར་དགྲ་འདུལ་ཡོད། །སྒྲོལ་མ་རང་བྱོན་མགོན་པོ་རང་བྱོན་ཡོད། །ཆོས་གཏེར་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོད། །རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་ཡོད། །བཅོམ་ལྡན་ཤཱཀྱ་ཐུབ་པའི་རིང་བསྲེལ་ཡོད། །ཅེས་པ་སོགས་ནང་དོན་གྱི་ཆ་ནས་བན་བོན་འདྲེས་མའི་དུས་སྐབས་ཀྱི་རྣམ་པ་ཞིག་མངོན་པ་དེ་དང་། ཡང་མཁས་གྲུབ་རྭ་ག་ཨ་སྱེས་མཛད་པའིགཏེར་སྲུང་ནོར་ལྷ་རྨ་ཆེན་སྦོམ་རའི་གསོལ་མཆོད་བསམ་འཕེལ་ནོར་བུཞེས་པར། སློབ་དཔོན་པདྨའི་བཀའ་ཉན་པཿ གཏེར་སྲུང་རྨ་གཉན་སྦོམ་ར་ནིཿ འདོད་དགུར་སྒྱུར་བའི་རྫུ་འཕྲུལ་གྱིསཿ ཆ་ལུགས་གཅིག་ཏུ་མ་ངེས་ཀྱངཿ རྒྱས་པའི་འཕྲིན་ལས་འགྲུབ་པའི་ཕྱིརཿ16ཞེས་པ་ལྟ་བུ་སོགས་སྔ་རྗེས་བན་བོན་གཉིས་ཀྱི་བསང་ཡིག་གང་དུའང་གནས་རི་དེའི་ལོ་རྒྱུས་ཀྱི་ས་བོན་ཏེ་ལྷ་གཉན་སྤོམ་རའི་མཚན་དངོས་མ་གབ་པར། དེ་ལ་གཟིགས་སྣང་འདྲ་མིན་ཀྱི་སྒོ་ནས་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེ་བའི་ཐབས་ལམ་བརྒྱུད་དེ་རྗེས་རབས་དད་ལྡན་རྣམས་ཀྱི་སེམས་གསོས་སུ་བསྩལ་བ་ཡིན་པར་འདོད་དེ། དང་པོ་གཉན་རིགས་ཀྱིས་གཙུག་ཏུ་བཀུར་ཞིང་ཡུན་རིང་མཆོད་པའི་མེས་པོའི་རྣམ་པ་ལ་བོན་ལུགས་ཀྱི་ནང་དོན་ཞུགས་ཤིང་གནས་རིར་བཀུར་ལ། སླར་ཐུབ་པའི་བསྟན་པ་བོད་དུ་དར་བ་ནས་བན་དྷེས་གནས་སྒོ་ཕྱེས་ཤིང་བྱིན་གྱིས་བརླབས་ལ། བཀའ་བསྒོས་དམ་གཉེར་གྱིས་མཆོད་བསྟོད་བྱས་པ་སོགས་ཆོ་གའམ་ལུགས་སྲོལ་ལ་འགྱུར་བ་མང་ཙམ་བྱུང་བ་ལས། དོན་དུ་བོད་ཀྱི་གདོད་མའི་གཉན་པོ་རྨ་རྒྱལ་སྤོམ་རའི་ངོ་བོ་ལ་འགྱུར་བ་བྱུང་མ་ཐུབ་པ་རེད།
       
མདོར་ན་ཀུན་ལ་གྲགས་པའི་རྨ་རྒྱལ་སྤོམ་རའི་ངག་རྒྱུན་ལ་བདེན་པའི་ཆ་འདུག་སྟེ། རྨ་རྒྱལ་སྤོམ་ར་དབུས་གཙང་ནས་ཕེབས་པའི་བཤད་རྒྱུན་དེས་ང་ཚོ་དང་རྒྱང་ཐག་ཆེས་རིང་བའི་གཉན་ལྷའི་འབྱུང་ཁུངས་དངོས་བསྟན་ལ། རྨ་རྒྱལ་སྦོམ་ར་རང་ས་རང་ཡུལ་གྱི་ཡིན་པར་བཤད་པའི་ངག་རྒྱུན་དེ་ནི་གཏམ་རྒྱུད་སྔ་མའི་ཕྱི་མོའི་སྟེང་བར་སྐབས་ཀྱི་མེས་པོ་སུ་ཞིག་བཞག་སྟེ་རང་གི་སྐྱེས་ཁུངས་བརྗོད་པ་ཡིན་སྟབས།འདི་ལ་དུས་སྔ་ཕྱིའམ་རྒྱུན་རིང་ཐུང་གི་ཁྱད་པར་ཙམ་ལས་འགལ་བར་མི་འགྲོ་ལ། དང་པོ་ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་དུས་སྐབས་ཙམ་ན་གཉེན་དང་མནའ་མཐུན་གྱི་འབྲེལ་བ་ཟབ་པ་ནི་ཡིག་རྙིང་ལས་ཀྱང་གསལ་བ་ལྟར། ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་ལྷ་མོ་དང་སྲིན་མོ། གཉན་མོ། དམུ་མོ་སོགས་དང་བསྡེབས་ཏེ་བུ་རྒྱུད་མང་དུ་བྱུང་ཞིང་དེ་དག་གི་རྒྱུད་པས་ཡུལ་གྲུ་མང་པོར་དབང་བསྒྱུར་བ་ཡིན་ལ། ལོ་རྒྱུས་ཀྱི་ས་བོན་དེ་འདྲས་རྨང་བྱས་ཏེ། རྨ་རྒྱལ་སྤོམ་ར་དངོས་སུ་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་ཚུད་པ་ནི་དུས་ཡུན་ཧ་ཅང་འཕྱི་བའི་དུས་ཀྱི་དོན་དག་ཡིན་པར་འདོད་དོ། །

ཀླུ་དབང་། ཕོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2012ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

2014ལོའི་དེབ་གསུམ་པ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005